ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

གླུ་པ་དབང་དགའ་དང་བོད་མི་རིཊ་ཀྱི་བར་ཐག

  རྩོམ་པ་པོ:གཙང་སངས།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:1919ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/8/16 14:26:21ཚོགས་ཡར་སྤྲོད:admin

 

གླུ་བ་དབང་དགའ་དང་བོད་མི་རིགས་ཀྱི་བར་ཐག
 
ཟིན་བྲིས་པ།╱གཙང་སངས།
 
ཁོང་དང་ཐུག་འཕྲད་དང་པོ་བྱུང་བ།
ཕྱི་ལོ་༢༠༡༠ལོའི་ཟླ་༡༢པའི་ཚེས་༢༧ཉིན་གྱི་དགོང་མོ་དུས་ཚོད་བརྒྱད་དང་ཕྱེད་ཙམ་གྱི་སྐབས་གྲོགས་པོ་དབང་དགའ་དང་ངེད་གཉིས་ཐུག་འཕྲད་དང་པོ་སྤོ་བོ་རྫོང་ནས་བྱུང་། དགོང་མོ་དེར་སྲང་ལམ་ནས་འཕྲད་མ་ཐག་ཏུ་ཁོ་བོའི་རྒྱབ་ཁུག་གྲོགས་པོ་དབང་དགའི་སྡོད་ཤག་ཏུ་བསྐྱལ་ནས་ཕྱི་རོལ་གྱི་ཟ་ཁང་ཞིག་ནས་ཟས་ཤིག་ཟོས་པ་ཡིན། སྐབས་དེར་ངས་ཁོང་ལ་སྐད་ཆ་འགའ་རེ་དྲིས་ཀྱང་འོས་འཚམས་ཀྱི་ངག་ལན་ཞིག་ལྕེ་ཡིས་ལྡོབ་ཀྱིན་མེད་པ་མ་ཟད། འུ་གཉིས་ཀྱིས་སྐད་ཆ་འདི་དལ་མོ་ཡིས་བཤད་དགོས་ཞེས་ཨ་ནས་ཡང་དུ་གསུངས་བྱུང་། ཁོ་བོས་ཚོད་དཔག་བྱས་པ་ལྟར་ན་ཁོང་དང་ངེད་གཉིས་བར་དེ་ཙམ་གྱི་ཆ་རྒྱུས་ཞན་པས་ཡིན་ཚོད་འདུག དེ་ལྟར་དགོང་ཟས་ཟོས་པ་དང་ཁོང་རང་ལས་ཞུགས་བྱེད་གནས་སུ་སོང་ནས་ཁོང་གིས་བསྡུས་པའི་བུ་མོ་གཞོན་ནུ་མ་དག་དང་དེ་རུ་ཕེབས་བཞིན་པའི་སྐུ་མགྲོན་གཞོན་ནུ་མ་དག་གི་བར་ཐག་ན། བོད་རིགས་བུ་མོ་ཡི་ཀུན་སྤྱོད་དང་སྐྱེས་མའི་སློབ་གསོ་གོ་ཐོས་ཀྱི་ཁྱད་པར་གཟེངས་མཐོན་ཡོད་པ་ཁོ་བོའི་མངོན་སུམ་མིག་གི་དགའ་སྟོན་དུ་རོལ་ཐུབ་པ་བྱུང་། དེ་ནས་ཕྱི་རུ་ཐོན་པ་དང་ཁོང་གིས་མགྲོན་ཁང་ཅུང་ཙམ་ཚད་མཐོ་ཞིག་གྲ་སྒྲིག་བྱས་འདུག་པས་ཁོ་བོའི་བློ་ཤིན་ཏུ་མི་བདེ་བ་ཞིག་བྱུང་ཡང་། རླངས་འཁོར་ལས་ཐང་ཆད་ཡོད་ཕྱིར་སྐད་ཅིག་གིས་རྨི་ལམ་གྱི་ཞིང་ཁམས་བསྙེགས།
དེའི་ཕྱི་ཉིན་ཕྱི་དྲོའི་དུས་ཚོད་གསུམ་པའི་སྟེང་གྲོགས་པོ་དབང་དགའ་དང་ངེད་གཉིས་ཡང་བསྐྱར་ཟས་ཁང་ཞིག་ནས་འཛོམས་ཏེ་གཏམ་གླེང་གི་འགོ་ཚུགས་པ་ཡིན། སྤྱིར་གྲོགས་པོ་ཁོང་ལ་མཚོན་ན་སྔོན་ཞིག་ནས་དྲ་ལམ་ནས་ངོ་ཤེས་བྱུང་ཡང་དེ་ཙམ་གྱི་ཆ་རྒྱུས་་མེད། དེ་རིང་ནི་ངོ་མ་ཁོང་གི་སྔོན་རྒྱབ་གཉིས་ཀ་རིག་སོང་ལ། ཕྱི་ནང་ཐམས་ཅད་རྟོགས་སོང་། ཁོང་རང་ལ་མཚོན་ན་སྐད་ཆ་ཐད་ཀར་དུ་དེ་འདྲ་འཁྱོལ་གྱིན་མེད་ཀྱང་། དལ་མོར་བཤད་དུ་བཅུག་ཚེ་ངོ་གདོང་གི་འཛུམ་མདངས་ཡལ་ཞིང་མིག་ལ་མཆི་མ་འཁོར་བཞིན་སེམས་གཏིང་ནས་མཆེད་པའི་སྐད་ཆ་གཙང་བོ་བཞིན་དལ་གྱིས་བཞུར་ཡོང་གི་འདུག དེ་ལྟར་ཁོང་གིས་སེམས་སྐྱོ་བའི་མགོ་བོ་སྨད་ནས་དལ་གྱིས་བཞུར་བའི་རྟ་དང་གླིང་གིས་མི་ཁུག་པའི་སྐད་ཆ་དག་ལས་རགས་ཙམ་ཁོ་བོས་ཟིན་བྲིས་སུ་བཀོད་པ་ཡིན།
 
དམིགས་བསལ་ཟིན་བྲིས་པའི་སྐད་ཆ།
སྤྱིར་ཁོང་གིས་བོད་མི་རིགས་ཀྱི་བདེ་སྡུག་དང་འབྲེལ་བ་དམ་ཟབ་ཡོད་པའི་སྐད་ཆ་བསམ་ཡུལ་ལས་འདས་པ་མང་པོ་ཞིག་བཤད་བྱུང་། མ་ཟད་མིག་ཆུ་དང་འདྲེས་པ། དངན་པ་དང་སྦྲགས་པ། ཡིད་སྐྱོ་བས་ཁེངས་བ། སེམས་སྡུག་གིས་གཟིར་བ། ཉན་མི་ཐུབ་ཅིང་བསམ་མི་ཕོད་པ་ཤིན་ཏུ་མང་། འོན་ཀྱང་ཉིན་མོ་དེར་ཁོང་རང་གིས་བདག་ལ་དངོས་སུ་བྱིན་པའི་ཚོར་བ་དག་ཇི་མ་ཇི་བཞིན་ཀློག་མཁན་རྣམ་པར་སྟེར་མི་ནུས་པ་ནི་སྐུ་ཞབས་ཞོགས་དུང་ལགས་ཀྱིས། སྤྱིར་ཚོར་ཤེས་ཞེས་པ་ནི་ཇི་མ་ཇི་མཞིན་བརྡ་སྤྲོད་ནུས་པ་ཞིག་མ་རེད། རྒྱུ་མཚན་གཉིས་ཡོད་དེ། གཅིག་ནི་མི་རྣམས་ལ་རྗོད་བྱེད་ཀྱིས་ཁེགས་པས་དང་། གཉིས་ནི་མི་རྣམས་ལ་ཉམས་མྱོང་གིས་ཁེགས་པས་སོ། ། ཞེས་གསུངས་པ་ལྟར་ཁོ་བོས་ཀྱང་རྗོད་བྱེད་སོགས་གང་ཆ་ནས་ཁོང་རང་གིས་གསུངས་བ་བཞིན་གོ་བརྡ་སྤྲོད་རྒྱུ་ཧ་ཅང་ཁག་པོ་འདུག  ཡིན་ནའང་ཁོང་གི་འདོད་བློ་དང་སྐད་ཆའི་རིན་ཐང་ལ་བསམ་ནས་འདི་ལྟར་ཡི་གེར་བཀོད་པ་ལགས།
 
ད་དུང་ཞུ་རྒྱུ་ཞིག་ལ་གྲོགས་པོ་དབང་དགའ་ལགས་ཀྱིས་མི་རིགས་ལ་ཤོར་བའི་སེམས་པ་ཟབ་དྲག་པ་ནི་བརྗོད་ཀྱིས་མི་ཚར་མོད། ཡིན་ནའང་འདས་ཟིན་པའི་ལོ་ཟླའི་ཁྲོད་སློབ་སྦྱོང་གི་བྱ་བ་དེ་ཙམ་འཐུས་ཚང་མ་ཡིན་པས་ལན་པ་ཡིན་ནམ། མདོར་ན་ཁོང་གི་སྐད་ཆའང་དེ་ཙམ་གྱི་གོ་རིམ་ལྡན་པ་ཞིག་དང་། ལྷུ་འགྲིག་པ། རྗོད་བྱེད་བདེ་བ་ཞིག་ཏུ་ངོས་ཟིན་མ་བྱུང་། དེའི་དབང་གིས་གོ་བ་ལེན་བདེ་བའི་རྒྱུ་མཚན་དུ་བྱས་ནས་ཚན་པ་འགའ་རུ་དབྱེ་ནས་བཀོད་པ་ལགས་པས་འགྲིག་མིན་དང་བདེ་མིན་བྱུང་བ་ཡོད་ན་དགོངས་འཆར་ལྷུག་བརྗོད་ཡོད་པར་མཁྱེན།
 
ཁོང་རང་ཉིད་ངོ་སྤྲོད་མདོར་བསྡུས།མཆན། འདི་མན་ཆད་གྲོགས་པོ་དབང་དགའ་ལགས་ཀྱི་སྐད་ཆ་ངོ་མ་དེ་ལ་སྒྲོ་སྐུར་གཏན་དུ་སྤངས་ནས་བྲིས་པ་རང་ཡིན། 
དེང་ཐོག་ང་རང་ལྷ་སར་གནས་སྐོར་རམ་མཆོད་མཇལ་དུ་འོང་བ་ཡིན། སྐབས་དེ་ནི་ཏག་ཏག་ཕྱི་ལོ་༢༠༠༦ལོའི་ལོ་སར་མ་ཐག་པ་རེད། དེ་ལྟར་གོ་རིམ་མམ་རྐྱེན་མང་པོ་ཞིག་གིས་ལྷ་ས་ནས་ལས་ཀ་ཙམ་རེ་བཙལ་ནས་སྡོད་དགོས་བྱུང་སོང་། དེ་ཡང་ཐོག་མར་ཉི་འོད་གླུ་གར་ཁང་ནས་ཞབས་ཞུ་བའི་ལས་གཉེར་ནས་ཟླ་རེར་སྒོར་༦༠༠རེ་བྱིན་པའི་ཐབས་ཆག་གི་འཚོ་བར་རོལ། ཞབས་ཞུ་བའི་ལས་ལ་གཉེར་ཞོར་དུ་དགེ་རྒན་རེ་བསྟེན་ནས་གླུ་དབྱངས་ལ་སྦྱང་བ་བྱས་པ་ཡིན། དེ་ལྟ་བུའི་ཉམ་ཆུང་གི་འཚོ་བར་རོལ་ནས་ཞོར་དུ་མི་རིགས་ཀྱི་ལས་དོན་སེམས་ལ་བཟུང་སྟེ་གསང་མྱུལ་བཞིན་དུ་ལྐོག་ཉུལ་བྱས་པ་ཡིན། སྐབས་དེ་ནས་བཟུང་རིམ་བཞིན་སྤྱི་ཚོགས་ཀྱི་དགེ་སྐྱོན་མི་ཉུང་བ་ཞིག་རྙེད་བྱུང་། ལྷག་ཏུ་སྐྱེས་མ་དག་གི་སྐྱོན་ཆ་དག  སྐྱེས་མ་དག་གི་ཡིད་སྐྱོ་བའི་འཚོ་སྟངས་དག  སྙིང་ལ་རླུང་ལྡང་འོང་བའི་སྐྱེས་མ་དག་གི་བྱ་སྤྱོད་དག  གཅིག་རྗེས་གཉིས་མཐུད་ཀྱིས་ཤིན་ཏུ་མི་ཉུང་བ། གྲངས་ལས་འདས་པ། ཚད་ལས་བརྒལ་བ་འདི་དག་ང་རང་འགྲོ་མྱོང་སའི་སྟོད་ཕྱོགས་ཀྱི་སྲང་བར་དག་གམ། ལྷ་ས་དང་གཞིས་ཀ་རྩེ། ལྷོ་ཁ། བརྒྱད་གཅིག ནག་ཆུ། སྤོ་བོ་སོགས་ནས་མིག་གིས་བཟུང་ཞིང་སེམས་ལ་ཉར་བ་ཡིན། འདི་ཡོད་ཚད་རྒྱས་བཤད་བྱས་ན་ན་ཟུག་རྐྱང་རྐྱང་ཡིན་ནི་རེད། བོད་མི་རིགས་སྤྱི་ལ་གྱོང་བའི་ན་ཟུག་ཡིན་ནི་རེད།
 
དེ་རིང་གི་བོད་པའི་བུ་མོ་ཚོའི་བྱེད་སྟངས།
ལྷ་སར་གནས་པའི་མདོ་དབུས་ཁམས་གསུམ་གྱི་བུ་མོ་མང་ཆེ་བ་ཞིག་གིས་ལུས་འཚོང་གིན་འདུག  དེ་དོན་ལ་ད་སྐབས་བོད་པ་དག་གིས་སྐྱོན་བརྗོད་དང་ངོ་རྒོལ་ཙམ་ཡང་བྱེད་ཀྱིན་ཡོད་ཚོད་མ་རེད། འོན་ཀྱང་ད་སྐབས་གྲོང་ཁྱེར་ལ་གནས་པའི་བུ་མོ་གཞོན་ནུ་མ་དེ་དག་གི་བརྩེ་དུང་ལ་རོལ་སྟངས་དེས་བྱིས་པ་ཧ་ཅང་སྐྱེས་སླ་བོ་འདུག དེ་བཞིན་བུ་མོ་འགའ་རེས་སྨན་ཁང་ནས་བྱིས་པ་སྐྱེས་མ་ཐག་ཏུ་གང་སར་འདོར་གྱིན་འདུག  དེ་བཟང་ཤོས་དེ་རེད། གང་ལྟར་གཞན་ཞིག་གིས་རྙེད་དེ་གསོ་བར་འགྱུར་གྱི་རེད། འཆི་རྒྱུ་མ་རེད་བསམ་གི གཞན་པ་མང་པོ་ཞིག་གིས་མངལ་དུ་ཡོད་སྐབས་ཁབ་དང་སྨན་གྱིས་གསོད་ཀྱིན་ཡོད་པ་རེད། ངོ་མ་ཡིན་ན་གནས་ཚུལ་འདི་རིགས་གྲྭ་བ་ཇོ་མོ་འགའ་རེ་མ་གཏོགས་བརྒྱ་ཆ་དགུ་བཅུ་ཙམ་གྱིས་ཤེས་ཚོད་རེད།
 
ཉིན་ཞིག་ཕ་ཡུལ་ལྷ་ས་ནས་ཡིན་པའི་བུ་མོ་ཞིག་གིས་རང་གི་ལུས་ལ་མངལ་ཆགས་ནས་ཟླ་བ་གསུམ་བཞི་ཙམ་ཡིན་པའི་བྱིས་པ་སྨན་འཐུང་ནས་གསོད་རྒྱུ་ཡིན་ལུགས་ཀྱི་གནས་ཚུལ་ཁོ་བོས་ཤེས་སོང་། དེའི་ཚེ་ང་བུ་མོ་དེའི་གམ་དུ་སོང་ནས་ཁྱོད་ཀྱིས་དེ་འདྲ་མ་བྱེད། ཕྲུ་གུ་དེ་སྐྱེ་བའི་བར་དུ་བསྒུག་ནས་མ་གསོད་དང་། དེ་རིང་ཁ་སང་གི་དུས་འདིར་མ་གཅིག་གིས་བུ་གཅིག་གསོ་ཐུབ་ནི་རེད། ཡང་མིན་ན་ངས་གསོ་ཆོག་ ཅེས་སོགས་སྐད་ཆ་མང་པོ་བཤད་པ་ཡིན། ངས་སེམས་གཏིང་གི་སྐད་ཆ་ཡིན། ང་རང་མུ་གེར་མ་ཤི་བར་དུ་ཇི་ལྟར་ཡིན་ཡང་ཕྲུ་གུ་དེ་གསོ་བསམ་བྱུང་། ང་རང་བུ་མོ་ཁྱེད་ཀྱི་ཁོག་གི་ཕྲུ་གུ་དེའི་ཚེ་སྲོག་ལ་ཤ་ཚ་གི  སྙིང་རྗེ་གི  ཕངས་སེམས་སྐྱེས་ཀི  སེམས་ཀྱི་གཏིང་ནས་ངས་ཁྱོད་ལ་ཞུ་བ་བྱེད་ཁ་དྲོ། ཚེ་རིང་། ཐུགས་རྗེ་ཆེ་མ་གསོད་ ཅེས་ནན་གྱིས་བསྐུལ་ཡང་། བུ་མོ་དེའི་ཨ་ཅེ་འོང་ནས་ཁྲིད་སོང་། ཁོང་ཚང་གི་ཁྱིམ་མི་ཚོ་ཡང་གསོད་པར་ཁ་འཆམ་བྱུང་ཡོད་ཚོད་རེད། དེས་ན་བསད་ཡོད་རྒྱུ་རེད་བསམ་གི་ཡོད། ངས་ཚེ་སྲོག་དེ་མངོན་སུམ་དུ་སྐྱོབ་མ་ཐུབ་པར་ད་དུང་འགྱོད་པ་སྐྱེ་གི་ཡོད།
 
སྐབས་དེར་ཉེ་འགྲམ་གྱི་བུ་མོ་དག་གིས་བྱིས་པ་དེ་ཁྱེད་ཀྱིས་གསོས་ན་ཁྱེད་ལ་ཕ་ཞེས་བརྗོད་དགོས་འདུག་བས་ཞེས་ལབ་བྱུང་། དེ་ལ་ང་གཏན་ནས་སྤྲོ་པོ་བྱུང་མེད། རྒྱུ་མཚན་ནི་མི་ཞིག་ཚེ་སྲོག་གི་ཉེན་ཁར་འཕྲད་དེ་ཡོད་སྐབས་དེའི་ཚེ་སྲོག་གི་རིན་ཐང་ལ་གལ་འགངས་མི་བྱེད་པར་རྗེས་ཕྱོགས་ཀྱི་ཕ་འབོད་ཡུལ་གླེང་གི་འདུག་པས་ཡིན། འདིའི་རིགས་ཀྱིས་ངའི་སེམས་གཙེས་པ་ཐེངས་ཉུང་ཉུང་གཏན་ནས་མིན། སྤྱིར་གོང་གི་གནས་ཚུལ་དེ་འདྲ་གྲངས་ལས་འདས་པ་བཤད་རྒྱུ་ཡོད་ནི་རེད། ཡིན་ནའང་ཐམས་ཅད་པོ་བཤད་རྒྱུ་མིན། བཤད་དེ་ཚར་ནིའང་མ་རེད། ཚང་མ་བཤད་ན་མང་པོ་ཞིག་ལ་ཕོག་ཐུག་འགྲོ་ནི་རེད།
 
འུ་ཚང་འདི་ལྟར་ཚར་ལ་ཉེ་འདུགམཆན། ཚན་ པ་འདི་ 2011-6-16ཉིན་ཁ་པར་གྱི་ལམ་ནས་བཤད་པའི་སྐད་ཆ་དག་ཡིན། དེ་ཡང་འདིར་འགོད་དོན་རྩོམ་ཡིག་འདི་འཐུས་ཚང་འོང་ཆེད་དུའོ། །
ངས་བལྟས་ན་བོད་མི་རིགས་འདི་ལྟར་ཡུན་ནས་ཡུན་དུ་གནས་ན་མི་འགྱང་བར་ཉམས་རྒྱུ་རེད་འདོད་ཀི  དཔེར་ན་སྔོན་གླུ་ལེན་དང་བྲོ་འཁྲབ་ཀྱི་བྱ་བ་འདིའི་ཆེད་དུ་ཕ་མ་དང་ཕ་ཡུལ་བསྐྱུར་ནས་ཐག་རིང་དུ་འགྲོ་མཁན་ཡོད་ནི་མ་རེད། ད་ལྟ་ཕལ་ཆེ་བ་འགྲོ་ནི་རེད། འོན་ཀྱང་ཁྱིམ་པ་ཚོས་ཀྱང་ སྐྱོན་མེད་ཀི  དཀའ་ལས་ཆེན་པོ་མྱང་མི་དགོས་པར་ཟླ་རེར་སྒོར་སྟོང་ཕྲག་དུ་མ་རེ་བཙལ་འོང་ན་དེ་མི་བཟང་རྒྱུ་མེད་ཀི་ བསམ་གི་ཡོད་ནི་རེད། དེ་ཙམ་ལས་བསམ་བློ་རྒྱ་ཆེན་པོ་གཏོང་ཤེས་ཀི་ཡོད་ནི་མ་རེད། ད་འདི་ནས་ལོ་དུ་མ་སོང་བའི་རྗེས་སུ་སྐྱེས་པ་ཚོར་ཆང་འཐུང་རོགས་བྱེད་མཁན་དང་སྨད་འཚོང་བ་སོགས་ཀྱི་བྱ་བ་སྒྲུབ་པ་ལའང་ལྟ་ཚུལ་འདི་སྤོར་ན་ཐང་གི་འདོད་ཀི
 
སྤྱིར་ཡིན་ན་དེ་རིང་གི་གནས་ཚུལ་འདི་སྔོན་འགོག་བྱེད་ཐབས་ལ་རིམ་པ་གསུམ་ཙམ་འདུག   ༡ བུ་མོ་རང་ཉིད་ཀྱིས་རང་ཉིད་ལ་ཤ་ཚ་དང་ཕངས་སེམས་སྐྱེས་ཐུབ་པ་དེ་རེད།   ༢ བུ་མོ་དག་གིས་བྱ་བ་འདི་ལྟར་བསྒྲུབ་ན་ཡུལ་མི་ཕ་མ་དང་གཉེན་ཉེ་དག་གིས་སྡིགས་དམོད་དང་སེམས་ཁྲལ་ལ་སྐྲག་ཤེས་པ།   ༣ ན་མཉམ་སྤུན་ཟླ་དག་གིས་འཕྱ་སྨོད་དང་མི་གྲལ་ནས་མགོ་བོ་འདེགས་མི་ནུས་པར་འཇིགས་པ་སྟེ་གསུམ་རེད། འོན་ཀྱང་དང་པོ་དེ་ཡོངས་སུ་འདས་ཏེ་གྲོང་ཁྱེར་གྱི་བོད་ཀྱི་བུ་མོ་དག་གི་ཁྲོད་ན་རང་ཉིད་ཀྱིས་རང་ཉིད་ལ་ཤ་ཚ་ཤེས་མཁན་ཞིག་གཏན་མེད་དུ་གྱུར་ཟིན་འདུག  དེས་ན་ད་ལྟ་ཡིན་གཅིག་མིན་གཉིས་ཀྱིས་ཕ་མ་དང་ན་མཉམ་གྲོགས་པོ་དག་གིས་བྱེད་ཐབས་ཀྱིས་བསྒྱུར་བཅོས་གཏོང་དགོས་འདུག
 
འདི་ལ་མགྱོགས་པོར་བཅོས་བསྒྱུར་མ་ཐུབ་ན་དཀའ་ལས་ཆེན་པོ་ཞིག་འོང་ཚོད་རེད། སྔོན་བོད་ཡུལ་འདིར་རེག་དུག་གི་ནད་艾滋病ཀྱི་མིང་ཙམ་ཡང་མི་སྲིད་མོད། ད་ལྟ་གཡས་གཡོན་ཀུན་ན་ནད་པའང་ཡོད་རབས་བཤད་ཀི་འདུག  ལོ་གཅིག་གཉིས་ཀྱི་རྗེས་ནས་དངོས་སུ་རིག་རྒྱུ་ཡོད་པར་ཐེ་ཚོམ་མི་དགོས་ཁོ་ཐག་རེད་སྙམ་གི  གལ་སྲིད་ནད་འདི་བྱུང་གྱུར་ན་བཅོས་ཐབས་ཀྱང་དཀའ་ནི་རེད་ཟེར་གི་འདུག  གཞན་ད་དུང་སྨད་འཚོང་བའི་ལས་རིགས་ལས་བྱུང་བའི་མོ་ནད་དག་ཀྱང་ཡུན་ཅུང་རིང་རེ་འགོར་ཚེ་བཅོས་ཐབས་མེད་པ་ཤ་སྟག་ཡིན་ནི་རེད། བུ་མོ་ཞིག་ཕྱི་ལ་འོང་ནས་ནད་དེ་རིགས་རྙེད་དེ་ཕྱིར་ཁྱིམ་ལ་ལོག་འོང་བའི་ཚེ་རང་ཁྱིམ་གྱི་སྐྱེས་པ་དང་བྱིས་པ་སོགས་ཁྱིམ་མི་ཡོངས་རྫོགས་བརྫད་བཏང་བ་མ་རེད་དམ། གཞན་བུ་མོ་དེའི་ལོ་གཅིག་གི་ནང་སྨད་བཙོང་བའི་དཔལ་འབྱོར་ཇི་ལྟར་བཤད་ཀྱང་སྒོར་ཁྲི་བཅུ་ལས་རྙེད་མི་སྲིད་མོད། འོན་ཀྱང་དེ་དང་ལྷན་དུ་ནད་དེ་རྙེད་གྱུར་ན་སྒོར་ཁྲི་བཅུ་ཡིས་ནི་གང་ཡང་ནུས་མི་སྲིད།
 
ལོ་གཉིས་ལྷག་གི་སྔོན་ང་རང་ལྷ་ས་ན་ཡོད་སྐབས་ཕ་ཡུལ་ཨ་མདོ་ནས་ཡིན་པའི་བུ་མོ་ཞིག་གིས་ཞབས་ཕྱི་བའི་བྱ་བ་སྒྲུབ་ཀི་འདུག  སྐབས་དེར་ངས་བུ་མོ་དེར་ཁྱེད་རང་འདི་ལྟར་འཚོ་བ་ལས་གླུ་གར་དང་ལུས་རྩལ་སྦྱངས་ཏེ་ངའི་ཚོགས་པར་ཞུགས་ན་ཅུང་བཟང་ན་ཐང་ཞེས་ཐེངས་མང་བཤད་མྱོང་། འོན་ཀྱང་བུ་མོ་དེས་ ཡ་ཡ་དང་ལེགས་སོ་ཙམ་ལས་ངའི་ཚོགས་པར་ཞུགས་རྒྱུར་ཐག་མ་བཅད། དེ་ནས་ལོ་གཉིས་ལྷག་འདས་པའི་ད་ལོར་དངོས་སུ་ནག་ཆུ་ནས་འཕྲད་བྱུང་། སྐབས་དེར་བུ་མོ་དེས་མོ་རང་གི་ཕུ་བོར་འཕྲད་པ་ལྟ་བུའི་དགའ་ཉམས་སྟོན་གི་འདུག འོན་ཀྱང་བུ་མོ་དེར་སྔོན་ལྷ་ས་ན་ཡོད་སྐབས་ཀྱི་མདངས་རྩ་བ་ནས་མེད་པར་མ་ཟད། ཕར་བལྟས་ཚོད་ལ་ནད་ཡམས་རེའང་ལོས་ཡོད་སྙམ་པ་ཞིག་ཏུ་གྱུར་འདུག  མོ་རང་གིས་བདག་ལ་བཤད་དོན་ས་གནས་དེའི་ཆང་ཁང་ཞིག་ན་ཞབས་ཕྱི་བའི་ལས་གཉེར་གྱིན་ཡོད་ ཟེར། དེ་རྗེས་བུ་མོ་དེས་ངའི་ཚོགས་ཞུགས་བུ་མོ་ཞིག་ལ་བཤད་རྒྱུར་མོ་རང་གིས་ཆང་ཁང་དེ་ནས་མགྲོན་པོ་སྐྱེས་པ་ཚོར་ཆང་འཐུང་རོགས་དང་། དེ་དག་ལ་དགའ་བཀུར་ཚད་མེད་པ་རེ་བྱེད་རྒྱུ་ལས་སྨད་འཚོང་གི་མེད་ཅེས་བཤད་འདུག འོན་ཀྱང་ང་རང་གཏན་ནས་ཡིད་ཆེས་ཀྱི་མེད། རྒྱུ་མཚན་ནི་ས་གནས་འདིར་ཆང་ཁང་བརྒྱད་ཅུ་ལྷག་ཡོད་པའི་ཞབས་ཕྱི་བ་བོད་རིགས་བུ་མོ་ཕལ་ཆེ་བ་སྨད་འཚོང་མཁན་ཡིན་པས་རེད།
 
གཞན་བྱ་བ་འདི་རིགས་ལ་ཞུགས་ཚར་བ་ནས་བཟུང་ལས་ཀ་གཞན་གང་ཡང་སྒྲུབ་མི་འདོད་ཅིང་མི་ནུས་མཁན་ཞིག་ཏུ་འགྱུར་གི་འདུག  དེ་ཡང་གོང་བཤད་ཨ་མདོའི་བུ་མོས་ཀྱང་ད་ལྟ་ཆང་འཐུང་རྒྱུ་རྐྱང་བོ་མ་གཏོགས་ལས་ཀ་གཞན་གང་ཡང་སྒྲུབ་མི་ནུས་ཀི་ཞེས་མོ་རང་གིས་བཤད་པ་རེད། དེ་མིན་བུ་མོ་མང་བོ་ཞིག་གི་ངག་ནས་ཀྱང་དེ་ལྟ་བུའི་དཀའ་ཁག་ཡོད་པ་གོ་ཐོས་བྱུང་ཡོད། འདི་ཡོད་ཚད་མི་སྒེར་དང་མི་རིགས་ཀུན་གྱི་ཉམས་རྒུད་རྐྱང་རྐྱང་ཡིན་ནི་རེད། དོན་འདི་རིགས་ལ་མཁན་ཚུལ་ཁྲིམས་བློ་གྲོས་ལྟ་བུ་ཞིག་གིས་བྱ་བ་བསྒྲུབ་པ་ལྟར་བསྒྲུབ་རྒྱུ་ན་མི་རིགས་ལ་ཕན་པ་ཡོད་པ་སྨོས་མེད་རེད།
 
སྒྲོལ་མའི་སྒྱུ་རྩལ་ཚོགས་པ་འཛུགས་རྐྱེན་རེད་དམ་སྙམ་ཡོད།
ཉིན་ཞིག་ང་རང་ལྷ་སའི་སྲང་བར་ན་རྒྱུ་སྐབས་ཕ་ཡུལ་དཀར་མཛེས་ནས་ཡིན་ཟེར་བའི་རྒན་མོ་ལོ་མཐོན་ཞིག་དང་བྱིས་པ་ལོ་བཅུར་སོན་ཙམ་ཞིག་སྟེ་སྤྲང་བོ་མ་བུ་གཉིས་ལ་འཕྲད་བྱུང་། བྱིས་པ་དེ་མ་ལས་སྐྱེས་མ་ཐག་སྲང་དུ་དོར་ནས་ཡོད་པ་རྒན་མོ་དེས་རྙེད་ནས་གསོས་པ་རེད་འདུག  རྒན་མོ་དེས་བཤད་རྒྱུར། ཁོ་རང་གིས་བྱིས་པ་འདི་རྙེད་སྐབས་སྐྱེས་ནས་ཉིན་ཁ་ཅིག་ལས་འདས་མི་འདུག  སྐབས་དེར་ཁོ་མོ་ཞོར་ལས་ཙག་ཙིག་ལ་ (小工) ཞུགས་ཐུབ་པས་ཁོ་རང་མ་བུ་གཉིས་འཁྱག་ལྟོག་མི་དགོས་པ་ཙམ་བྱུང་བར་མ་ཟད། བྱིས་པ་འདི་རིམ་བཞིན་ལག་ཆགས་པ་ལ་བལྟས་ནས་སྐྱོ་ལྷང་ལྷང་གི་འཚོ་བར་རོལ་བ་ཡིན། ད་ནི་ཁོ་མོ་ལོ་ན་སོན་དྲག་པས་ལས་ཀར་འབད་མི་ཐུབ་ཀྱང་ཤི་མ་སོང་བར་དུ་སྤྲང་ནས་བུ་འདི་གསོ་ངེས་ཡིན་ཞེས་བཤད་བྱུང་། ངས་བྱིས་པ་དེར་ཕ་ཡུལ་དང་ཕ་མ་དྲིས་པ་ཡིན། བྱིས་པ་དེས་ཧ་མི་གོ་ཞེས་པའི་ལན་རྐྱང་བོ་བཏབ་བྱུང་། དེ་ལྟར་ངེད་རང་གསུམ་ཐེངས་དུ་མར་ཕྲད་བྱུང་ལ་ངས་ཀྱང་འཕྲད་ཐེངས་རེར་རང་ཚོད་ཀྱི་སྒོར་མི་ཉུང་བ་རེ་དང་ཟ་མ་སྟབས་བདེ་རེ་བྱིན་པ་ཡིན། མ་ཟད་བྱིས་པ་དེར་རང་ནུས་གང་ལྕོགས་ཀྱིས་མི་ཡུལ་ལ་བཟང་པོ་བཅའ་དགོས་ལུགས་ཀྱི་སློབ་གསོ་གཏོང་ཁུལ་བྱས་པ་ཡིན།
 
ཉིན་ཞིག་ཡང་ངས་བྱིས་པ་དེར་ཁྱོད་སློབ་གྲྭར་འགྲོ་འདོད་དམ་ཞེས་དྲིས། སྐབས་དེར་ཁོས་ང་ལ་ལན་དུ་མི་འདོད་ཀི་ཟེར། དེ་ན་རྗེས་ཕྱོགས་ང་དང་ལྷན་དུ་གླུ་ལེན་དུ་འོང་རྒྱུ་ཡིན་ནམ་ཞེས་དྲིས་ཙ་ན། འོང་རྒྱུ་ཡིན། ཁྱེད་ལྟ་བུའི་མི་བཟང་དང་མཉམ་དུ་འོང་རྒྱུ་ཧ་ཅང་དགའ་པོ་ཡོད་ཅེས་བཤད་བྱུང་། ངའི་མིག་སྔར་ཐོན་དང་མ་ཐོན་པའི་ཁོང་གཉིས་དང་ཁོང་གཉིས་ལྟ་བུ་དག་ཡིད་ལ་འཁོར་ནས་ཉིན་མང་པོ་ཞིག་ལ་མྱ་ངན་དུ་ལྷག་སོང་། ངོ་མ་བཤད་ན་ངའི་སྒྲོལ་མའི་སྒྱུ་རྩལ་ཚོགས་པ་ཅུང་ཙམ་ནུས་པ་ཅན་ཞིག་བྱུང་ན་འདི་ལྟ་བུ་དག་ལ་རོགས་རམ་རེ་ཨེ་ཐོན་གྱི་རེ་བ་ཧ་ཅང་ཆེན་པོ་ཡོད།
 
སེམས་གནད་དུ་ཕབ་ནས་ཁོང་མ་བུ་གཉིས་ལ་བསམ་བློ་ཞིག་བཏང་ན། ཉིན་ཞིག་མ་རྒན་དེ་འཆི་བའི་ཉིན་མོ་ལ་སླེབས་ཚེ། ཁོང་མ་བུ་གཉིས་ཀྱིས་ཕན་ཚུན་ལ་ཅི་འདྲའི་ཞེ་འདངས་འཆོར་རྒྱུ་རེད། ཨ་མ་རྒན་མོ་དེ་སླ་མོ་ཡིས་འཆི་ཐུབ་རྒྱུ་མ་རེད་ལ། བུ་དེས་ཀྱང་བདེ་མོ་འཇོག་ཐུབ་དཀའ་རྒྱུ་རེད་ཡ། གྲོང་ཁྱེར་ཞིག་ནས་ནོར་དང་ཁྱིམ་མེད་པར་གཉིས་ཀ་ལག་སྟོང་ལ་གྱེས་དགོས་ཙ་ན། ཁོང་མ་བུ་གཉིས་ཀྱི་སྡུག་བསྔལ་དེ་སུ་དང་གང་དུ་ཡང་འདྲ་རྒྱུ་མ་རེད་བསམ་གི  སུས་ཀྱང་རྟོགས་དཀའ་རྒྱུ་རེད་འདོད་ཀི  འདི་ལྟ་བུ་དག་ལ་ཕན་ཅུང་ཙམ་རེ་ཐོགས་ན་ད་གཟོད་ངའི་སེམས་བདེ་ལ་འབབ་རྒྱུ་རེད།མཆན། འདི་ནས་གོང་གི་མ་བུ་གཉིས་དང་དེ་ལྟ་བུ་དག་གི་ཕྱོགས་ནས་སྐད་ཆ་མི་ཉུང་བ་ཞིག་བཤད་བྱུང་ཡང་།ཁོང་རང་གི་སེམས་ཀྱི་རྨི་ལམ་ལྟ་བུ་ཞིག་ལས་མ་འདས་ཕྱིར་མ་བཀོད།
 
བོད་དང་བོད་སྐྱེས་མའི་ལས་དབང་བཤད་པ།
སྤྱིར་ང་རང་ལ་སྐད་ཆ་མང་པོ་བཤད་རྒྱུ་ཡོད། མིག་ནས་མཆི་མ་འཐོར་དགོས་པའི་སྐད་ཆ་མང་པོ་བཤད་རྒྱུ་ཡོད། ཡིན་ནའང་དེ་ཡོད་ཚད་ངའི་སྒྲོལ་མའི་སྒྱུ་རྩལ་ཚོགས་པ་དང་འབྲེལ་བ་ཆེན་པོ་མི་འདུག་པས་མི་གླེང་རྒྱུ་བྱ། ང་རང་གོང་བཤད་ལྟར་ཕྱི་ལ་འཁྱམ་པ་དང་མིག་སྔར་འོང་བའི་ཆེས་མ་རུང་བའི་སྤྱོད་པ་མང་པོ་ཞིག་བོད་ཀྱི་སྐྱེས་མ་དག་གི་ཕྱོགས་ནས་རྙེད་བྱུང་། བོད་ཀྱི་གཞོན་ནུ་མ་མང་ཆེ་བ་ཞིག་གྲོང་ཁྱེར་དུ་འདུག་མོད། དེ་དག་གིས་ཐ་མག་དང་ཨ་རག  རྒྱལ་འཇོག  རང་ལུས་འཚོང་བ། གཅེས་ཕྲུག་གསོད་པ་སོགས་མ་རུང་བའི་བྱ་སྤྱོད་དག་གིས་མི་ཚེ་སྐྱེལ་གྱིན་པ་དང་། ཁ་ཟས་དང་ལུགས་སྲོལ། སྐད་ཡིག  གོམས་གཤིས་སོགས་གཏན་དུ་འགྱུར་ཚར་འདུག་པ་འདི་དག་ལ་བསམ་ན། འུ་ཅག་གི་མི་རིགས་འདི་གཞན་ཞིག་ལ་འཐིམ་གྱིན་ཡོད་པ་རེད་དམ་སྙམ་པའི་དྲི་བ་དང་སེམས་ཚོར་སྐྱུར་བོ་ཤ་སྟག་འོང་གི་འདུག  ད་དུང་དེ་ལས་ཀྱང་ཆེས་ཛ་དྲག་ཆེ་བ་ཞིག་ལ་གོང་བཤད་ལྟར་བོད་པའི་བུ་མོ་གཞོན་ནུ་མ་དག་གིས་རང་གི་མངལ་དུ་སྦྲུམས་པའི་ཕྲུ་གུ་སྨན་འཐུང་བ་དང་ཁབ་རྒྱག་པ་སོགས་སྨན་གྱི་ཐབས་ལམ་མང་པོ་ཞིག་བེད་སྤྱད་དེ་གསོད་ཀྱིན་འདུག  རང་ཅག་བོད་པ་འདིས་ལས་རྒྱུ་འབྲས་ལ་སྐྲག་ཁུལ་བཤད་ཀྱང་དོན་དུ་མ་ཡིས་བུ་གསོད་པ་འདི་ལས་འཇིགས་རུང་ཞིག་ངའི་བློ་ངོར་ཞེ་དྲག་འཆར་ཐུབ་ཀི་མི་འདུག  ང་རང་གིས་ཚོད་དཔག་བྱས་པ་ལྟར་ན་ཕལ་ཆེ་བ་མི་ཁར་སྐྲག་ནས་ལས་དེ་འདྲ་བྱས་པ་ཡིན་ཚོད་རེད་མོད། མི་ཁ་ནི་རང་གི་བུ་གསོད་པ་འདི་ལས་ཆེ་བ་ཞིག་གང་ན་འདུག  ངས་འདི་རིགས་ཀྱི་གནས་ཚུལ་སོ་མ་གོ་ཐོས་བྱུང་སྐབས་གཏན་དུ་སེམས་གཏིང་ནས་ཧ་ལས་སོང་། སྐབས་དེའི་ཚོར་བ་དེ་སེམས་ནས་བཟོད་དཀའ་བའི་འཇིགས་སྣང་ཆེན་པོ་ཞིག་རེད། དེའི་དབང་གིས་ང་རང་དང་ཆེས་བཟང་བའི་གྲོགས་པོ་གྲྭ་བ་ཞིག་ལ་བཤད་པ་ཡིན། ཁོ་རང་ལ་ཉམས་ང་དང་སེམས་ཚོར་གང་ཡང་མེད་པར་དེ་དོན་ཀུན་གྱིས་ཤེས་ནི་རེད་ཅེས་ལབ་སོང་། དེ་ལྟར་གྲོགས་པོ་མང་པོ་ཞིག་ལ་བཤད་ཀྱང་མང་ཆེ་བས་སྔོན་ཞིག་ནས་ཤེས་འདུག  ཡིན་ཡང་ངའི་སེམས་ཚོར་འདི་འདྲ་སུ་ལའང་འོང་གི་མི་འདུག   མ་ཟད་སྐྱེས་མྱོང་ཚོད་ཀྱང་མ་རེད།
 
ངས་འདིའི་སྐོར་ལ་བསམ་བློ་གཏོང་ཐེངས་རེར་རོང་འབྲོག་གི་ལུང་ཁུག་ན་འཚོ་བའི་བུ་མོ་དག་སྐྱིད་པོ་རེད་བསམ་གི  ཁོང་ཚོ་ལ་མཛངས་མའི་ཁྱད་ཆོས་ལྡན་འདུག་བསམ་གི  ཁོང་ཚོ་ལ་བོད་པའི་འཛུམ་མདངས་ལྡན་འདུག་འདོད་ཀི  ཁོང་ཚོ་བོད་པའི་བུ་མོ་ངོ་མ་རེད་བསམ་གི  རོང་འབྲོག་གི་བུ་མོ་དག་ལ་བསྡུར་ན་གྲོང་ཁྱེར་གྱི་བུ་མོ་ཚོར་ཤེས་རིག་ལྡན་གི་མོད། ཤེས་རིག་ཤེས་རིག་བཞིན་དུ་བེད་སྤྱོད་མ་བཏང་ན་དམྱལ་བར་སྐྱེ་སྤྱད་ཅིག་ལས་ཅི་ཡང་མི་འདུག་བསམ་གི   ངས་འདི་དག་ལ་བསམ་བློ་བཏང་ནས་མིག་ཆུ་ཐེངས་མང་འཐོར་མྱོང་།
 
དབང་དགའི་སེམས་ཀྱི་བདེ་བ་ཕྲན་བུ་དང་དཀའ་ངལ་ཁྲི་ཕྲག
ང་རང་ལ་མཚོན་ན་དཔལ་འབྱོར་དང་ཤེས་རིག་གང་ཐད་ནས་འདི་ལྟར་ཞན་ཡང་། ཡུན་གྱིས་བསམ་བློ་བཏང་ན་ལྷད་མེད་ཀྱི་ལྷག་བསམ་འདི་ལ་བདེན་མཐའ་ཞིག་གསལ་རྒྱུ་ཡོད་ཀྱི་རེད་བསམ་ཀི  ངའི་སེམས་པ་དམར་པོ་འདིའི་ངལ་བ་དང་འབད་པ་འདི་ལ་འབྲས་བུ་ཞིག་འབྱུང་རྒྱུ་ཡོད་ཀྱི་རེད་འདོད་ཀི  དེ་ལྟར་བསམ་ན་རང་གིས་རང་ལ་སེམས་གསོ་རེའང་ཡོང་གི  ཡང་བསམ་བློ་རེ་བཏང་ན། འབྱོར་བ་དང་ཤེས་རིག་གཉིས་འཛོམས་ཀྱི་སྐྱེས་བུ་མང་པོ་ཞིག་གིས་རང་དོན་རྐྱང་རྐྱང་ལས་མི་གཉེར་ན། ང་སྤྲང་བོ་ཞིག་གིས་མི་རིགས་འདིའི་ཆེད་དུ་མཐེ་བོང་བསླངས་ནས་མི་གཅིག་ལ་ཕན་པ་རེ་བསྐྲུན་ནུས་ན་དེའང་རང་ཚོད་ཀྱི་དོན་ཆེན་དུ་ངོས་བཟུང་ན་ཆོག་ཚོད་རེད། དེ་ལྟར་བསམ་ན་ཡང་རང་གི་རང་ལ་ཡིད་ཆེས་ཆུང་ངུ་རེ་སྟེར་གི   ངོ་མ་བཤད་ན་ལ་རྒྱ་དང་རིགས་ཞེན་ཡོད་ཟེར་ནས་ཤི་ཡང་མི་ནུས་ལ་འདུག་ཀྱང་དེ་བས་མི་ཐུབ་ཀི  ངའི་ཚོགས་ཞུགས་བུ་མོ་འགའ་རེ་ཡི་འདས་དོན་ལ་ཕྱིར་དྲན་རེ་བྱས་ན་ངོ་མ་གྲུབ་འབྲས་ཀྱང་ཅུང་ཙམ་རེ་ཐོན་གི་འདུག  འདི་དག་གི་ཕྱོགས་ལ་བསམ་བློ་རེ་བཏང་ན་དཀའ་ངལ་དང་ལྷན་དུ་སྤྲོ་སེམས་ཀྱི་ངལ་གསོ་ཙམ་རེའང་རྙེད་ཀི་འདུག
 
ཡིན་ནའང་དེ་དང་མཉམ་དུ་སྡུག་བསྔལ་བརྗོད་མཐའ་ལས་བྲལ་བ་ཞིག་འདུག ངས་འདི་ལྟར་བྱ་བ་འདི་རིགས་ལ་འབད་ཚེ་ངོ་ཤེས་གྲོགས་པོ་མང་པོ་ཞིག་གིས་ཁྱད་སོད་དང་སྡིགས་མོ། འཕྱ་སྨོད་སོགས་བྱེད་ཀི  དཔེར་ན་ཐེངས་ཤིག་གྲོགས་པོ་ཁ་ཅིག་གིས་བདག་ལ། ཁྱེད་ཀྱི་ཚོགས་ཞུགས་བུ་མོ་ཚོར་དེ་ལྟར་སློབ་གསོ་གཏོང་དོན་ཇོ་མོ་བྱེད་དུ་འཇུག་རྒྱུ་ཡིན་ནམ་ཟེར། ཡང་འགའ་རེ་ཡིས་དབང་དགའ་ཁྱོད་རང་གར་འདུག་མི་ཐུབ་པ་འདི་ཅི་རེད་སོགས་ང་ལ་བཤད་པའི་སྐད་ཆ་ཧ་ཅང་མང་ནི་རེད། འདིའི་སྐོར་ལ་བསམ་ན་ངས་ནམ་ཡང་ང་ལ་དགེ་རྒན་ཞིག་གམ་ལམ་སྟོན་བྱེད་མཁན་ཞིག   བློ་འདྲི་ས་ཞིག་ཡོད་ན་བསམ་གི་ཡོད། དེ་ཡོད་ན་སེམས་ཀྱི་དཀའ་ཚེགས་དེ་འདི་འདྲ་ཆེ་ས་མ་རེད།
 
ངའི་གྲོགས་པོ་ཁོང་(མཆན། སྡོད་ཁང་གཅིག་པའི་གླུ་བ་གསར་བུ་ཞིག)ཐེངས་རེར་མཚན་མོ་དྲ་ཁང་དུ་སོང་ནས་ཕྱིར་མི་འོང་གི   ང་རང་དྲ་ཁང་དུའང་འགྲོ་འདོད་མི་འདུག   དངན་པ་དང་འདྲེས་པའི་སེམས་ཚོར་དག་མིག་ཆུ་དང་ལྷན་དུ་ཡི་གེར་ཕབ་ཁུལ་བྱས་ནས་ནམ་ཐེངས་མང་གསལ་མྱོང་། འོན་ཀྱང་ཤེས་རིག་མེད་ཕྱིར་ནུས་པ་གང་ཡང་ཐོན་ཀི་མི་འདུག(མཆན། འོག་གི་འདྲེན་རྟགས་སུ་ཡོད་པ་དེ་ཁོང་རང་གིས་བྲིས་པའི་རྩོམ་ཡིག་ཅིག་ལས་དྲངས་པ་ཡིན།)“ཤེས་རིག་ཡོད་མཁན་ལ་ཡོད་ཚོད་ཀྱི་སྡུག་བསྔལ་ཞིག་ལོས་ཡོད་དེ་ཡོད་སྲིད་མོད། མེད་ནའང་མེད་ཚོད་ཀྱི་སྡུག་བསྔལ་ཆེན་པོ་རེ་ཡོད་ཀི  བདག་རང་ལྟ་བུ་ཞིག་ལ་མཚོན་ན། བཤད་འདོད་ཀྱང་ཉན་མཁན་མི་རྙེད་ཀི  འབྲི་འདོད་ཀྱང་ལག་ལ་མི་ཡོང་གི
 
ཀུན་ཀྱིས་དེ་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱེད་པར་རེ་བ་ཞུས་པ།
གོང་བཤད་ལྟར་བོད་ཡུལ་འདིར་མི་རིགས་ཉམས་རྒུད་ཀྱི་རྐྱེན་དུ་གྱུར་བའི་བུ་མོ་ཚོས་བྱེད་སྟེངས་དེ་མང་བོ་ཞིག་གིས་ཤེས་ཡོད་ལ། མི་ཉུང་བ་ཞིག་གིས་ཐོས་ཀྱང་འདུག་མོད། ཡིན་ནའང་ཐམས་ཅད་རྣ་དྲེད་དུ་སོང་ཚར་འདུག  དོན་དག་འདི་རྣ་དྲེད་ཙམ་པོ་ཡིས་སྐྱུར་རྒྱུ་ཞིག་གཏན་ནས་མ་རེད། ཆེ་ཆུང་སུ་ཡིན་ཡང་འགན་ལེན་དང་ངོ་རྒོལ། བསྒྱུར་བཅོས་སོགས་བྱེད་རྒྱུ་གལ་ཆེན་པོ་རེད། དཔེར་ན་གྲོགས་པོ་ཡིས་གྲོགས་པོར་བསླབ་བྱ་བཏང་། ཕ་མ་དང་སྤུན་ཟླ་ཡིས་བསླབ་བྱ་བཏང་། དགེ་རྒན་དང་གཉེན་ཉེ་ཡིས་བསླབ་བྱ་བཏང་། འཚོ་དཔོན་དང་སྡེ་དཔོན་གྱིས་བསླབ་བྱ་བཏང་། དགོན་པའི་སྤྲུལ་སྐུ་དང་མཁན་པོ་དག་གིས་ཀྱང་ཆོས་ཀྱི་བསླབ་བྱ་བཏང་ན་ད་གཟོད་ཚང་མ་བསྒྱུར་མ་ཐུབ་ཀྱང་མི་ཉུང་བ་ཞིག་ལ་སློབ་གསོ་འཕྲོད་རྒྱུ་རེད།
 
ང་རང་གིས་ཆོས་མི་ཤེས། ཆོས་ལ་རྒྱུས་ལོན་མེད། ཡིན་ནའང་བལྟས་ཚོད་ལ་རང་བཞིན་གྱི་སྲོག་གཅོད་པ་ཞིག་ལས་རང་གི་བུ་གསོད་པའི་ཉེས་པ་ལྡབ་འགྱུར་གྱིས་ཆེ་ཚོད་འདུག   ཁོང་ཚོ་སློབ་གསོ་གཏོང་ཤེས་མཁན་ཚོས་སྨྲ་བྱེད་མི་གཡོ་བ་རེད་མ་གཏོགས། ཐམས་ཅད་ཀྱིས་བཤད་ན་དེ་ཙམ་དཀའ་ཚོད་མ་རེད། ང་རང་ལ་མཚོན་ན་གོང་བཤད་ལྷ་སའི་བུ་མོ་དེ་གཅིག་པོ་ལ་ཞུ་བ་ནན་གྱིས་བྱས་ནས་དོན་དེ་ལེགས་འགྲུབ་ཡོང་བའི་རྒྱང་མིག་ཅིག་རྙེད་ཀྱང་། ཁྱིམ་པའི་སློབ་གསོ་དང་བསྡུར་ན་ང་ཅི་ཡང་མ་རེད། དེའི་དབང་གིས་ད་རེས་བཤད་པ་ལྟར་བུ་མོ་དེའང་མོ་རང་གི་ཨ་ཅེས་ཁྲིད་ནས་ཤོར་སོང་བ་དེ་རེད།
 
ངའི་སྐད་ཆ་འདི་རིགས་ལ་དམ་པ་རིགས་ཞེན་ཅན་རེ་འགའ་ཡིས་ཉན་རོགས་རེ་བྱས་ནས། ལས་ཀ་འདི་ལ་ལམ་སྟོན་རེ་དང་མཛུབ་ཁྲིད་རེ་བྱ་བར་སྙིང་ཐག་པ་ནས་རེ་བ་ཡོད། གལ་སྲིད་ཁོ་བོའི་སྐད་ཆ་འདི་གྲྭ་གྲོང་གང་ཞིག་གི་དམ་པ་ནུས་ཅན་རེ་ཡིས་མཐོང་ན། ཐོས་ན། ལས་རིགས་འདི་ལ་ཕྱི་ནང་གང་ཐད་ནས་རྒྱབ་སྐྱོར་དང་རོགས་རམ། སློབ་སྟོན་དང་མཛུབ་ཁྲིད་ཡོད་པར་མཁྱེན་ཞེས་རེ་བའང་ཧ་ཅང་ཆེ།
 
 
 
 
རྩོམ་གོང་མ།  
རྩོམ་ཞོལ་མ།  
 
 
དཔྱད་བརྗོད།
# 2  Time:2011-8-16 2:25:51         Ip:14.98.164.202
·         ?
   མི་རིགས་ལ་དུང་ཞེན་ཆེ་བའི་གླུ་བ་དབང་དགའི་སེམས་ཁོང་ནས་ལུད་པའི་སྙིང་གཏམ་དེ་དག་གིས་བདག་སེམས་ཡོངས་སུ་ཚལ་བར་གས་པ་ལྟ་བུའི་ཚོར་འདུ་ཞིག་ཁད་ཀྱིས་སྐྱེས་སུ་བཅུག་སོང་ཐལ། ཚང་མས་མཉམ་དུ་ཧུར་བརྩོན་བྱེད། བློ་མ་ཕམ་དང་། ཡིད་མ་མུག་དང་། མྱི་རྐྱང་སྨྱོན་པས།

# 1  Time:2011-8-15 22:42:49         Ip:74.72.230.186
·         ?
   གླུ་བ་དབང་དགའི་ཆོད་སེམས་དང་ལྷག་བསམ་མཚོན་པའི་གསུང་མོལ་དེ་ཉན་རྗེས་ཡིད་སེམས་སྐྱོ་བས་གཟེར་ཅིང་མིག་ཟུང་མཆི་མས་བརླན་པའི་དངོས་སྒྲུང་འཚོ་བའི་སྣང་བརྙན་དག་རོབ་ཙམ་རྟོགས་སོང་། ངོ་མ་ཡིད་སེམས་བྲེད་ཤ་ལངས་བྱེད་ཤ་སྟག་རེད་འདུག རེད་ཡ། གླུ་བ་དབང་དགའ་ལགས། སྤྱིར་འགྲོ་བ་མིའི་རིགས་འདི་འབྱུང་བཞིའི་ངོ་བོའི་རྟེན་དུ་གྲུབ་པའི་ལུས་བོ་མི་འདྲ་བ་བཞིན་སོ་སོ་སྒེར་གྱི་ལྟ་གྲུབ་དང་བསམ་བློ་འཁྱེར་ཕྱོགས་ཀྱང་མི་འདྲ་བ་ཡོད་པས། སྐབས་རེ་ཁྱེད་ཀྱི་ཕུག་འདུན་དང་རེ་བའི་གྲུ་ཟུར་དག་ན་ཁ་གཏད་དང་བློ་ཕམ་སྐྱེ་གཞི་ཡོང་སྲིད་ཀྱང་། དེ་ནི་ཁྱེད་ཀྱི་ལྟ་བའི་འགལ་འདུ་རང་བཞིན་ཅན་གྱི་སྐྱེ་བོ་ཕལ་བ་ཞིག་གི་ལྟ་སྤྱོད་ལྷང་ལ་བུད་པ་ཞིག་ཡིན་པས་རང་ཉིད་ཀྱི་རྩ་བའི་དམིགས་ཡུལ་དང་མདུན་ངོས་ཀྱི་རྐང་ལམ་དོག་པོ་འདོར་བྱེད་དུ་ནམ་ཡང་བསམ་མི་རུང་། སྐུ་ཉིད་དེ་ལྟར་མདུན་ལ་ཕེབས་དང་ཁྱེད་ཀྱི་ལངས་ཕྱོགས་དང་མཐུན་པ་འམ་ང་ཚོ་ཁྱིམ་ཚང་འདིའི་ཆགས་འཇིག་ལ་སེམས་ངལ་ཅན་ཚོ་ཁྱེད་རྒྱབ་ན་ཡོད་ངེས་་པས་རང་ཉིད་ཁེར་རྐྱང་ནུས་མེད་ཞིག་གི་གོ་སར་འཕེན་མི་ཉན་པ་ཡིད་ལ་བཟུང་ནས་རྩ་བའི་དམིགས་བཟུང་གི་ལས་དོན་ལེགས་འགྲུབ་རྒྱལ་ཁའི་འཛུམ་དམུལ་ཞིག་ཏུ་རློན་པའི་རེ་བ་དང་བཅས་སྨན་པ་སྐལ་བློས་གུས་པའི་ཕུལ
·རྩོམ་ཡིག་གོང་མ:རང་ལུས་མེ་བསྲེག་མ་གཏོང་རོགས།
·རྩོམ་ཡིག་འོག་མ:གཞས་ཚིག རྨི་ལམ་ནང་གི་ལྷ་ས།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 9:22:33 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:32:17 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:38:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 93 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།54.69MS