ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
རྩོམ་ཡིག་ཀློག་པ།

དགེ་ལེགས་ཀྱི་རྩི་ཡིས་ཟིན་པའི་མཛེས་དཔྱོད་ལྟ་བ་ཞིག་ཆཊ་དགོས།

རྩོམ་པ་པོ:པདྨ་ཆོས་འཕེལ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1831ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/9/26 19:44:33ཚོགས་ཡར་སྤྲོད:admin
དགེ་ལེགས་ཀྱི་རྩི་ཡིས་ཟིན་པའི་མཛེས་དཔྱོད་ལྟ་བ་ཞིག་ཆགས་དགོས།
པདྨ་ཆོས་འཕེལ།

༄༅། །ང་ཚོའི་དམིགས་པ་ནི་འདོད་ཡོན་སྣ་ལྔས་སྤུངས་པའི་ཕྱི་ཡུལ་ཡིན་ལ། ང་ཚོ་ལ་དེ་དག་འཛིན་པར་བྱེད་པའི་བདག་རྐྱེན་དབང་པོ་སྣ་རེ་དང་། དེ་ལོངས་སུ་སྤྱོད་མཁན་གྱི་མྱོང་བ་གསལ་རིག་གི་ངོ་བོ་ཅན་གྱི་ཤེས་པ་ཞིག་ཡོད། ང་ཚོའི་འཚོ་བ་ནི་ཡུལ་དབང་ཤེས་གསུམ་གྱི་འབྲེལ་ལས་གྲུབ་ཅིང་། དེ་གསུམ་འདུས་པ་ལས་ང་ཚོ་ལ་མཛེས་མི་མཛེས་དང་བདེ་སྡུག་གི་ཚོར་བ་སྣ་ཚོགས་བསྐྱེད། འོན་ཀྱང་མཛེས་ཚོར་དང་བདེ་སྡུག་ནི་གང་ཟག་སྒེར་གྱི་མྱོང་བ་ཡིན་ལ་འགྱུར་བའི་རང་བཞིན་ཅན་ཞིག་ཀྱང་ཡིན་པས། དེར་ཆགས་པའམ་དེ་དོན་དུ་གཉེར་བའི་ཚེ་མི་གཞན་གྱི་མཛེས་བདེ་དང་རང་གི་ཕུགས་ཀྱི་མཛེས་བདེ་ལ་ཕོག་ཐུག་སོང་བའི་ཉེན་ཁ་ཆེ། དེར་བརྟེན་མཛེས་དཔྱོད་ལྟ་བ་ཞེས་པའི་གནད་དོན་དེ་བྱུང་བ་རེད། འདིར་མཛེས་དཔྱོད་ཀྱི་ལྟ་བ་ཇི་ལྟ་བུ་ཆགས་དགོས་པའི་སྐོར་རགས་ཙམ་གླེང་བར་བྱ།
གཅིག བདེན་ལེགས་མཛེས་གསུམ།
བདེན་ལེགས་མཛེས་གསུམ་ནི་མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་སྟེང་གི་བརྗོད་གཞི་གཙོ་བོ་གསུམ་ཡིན། བདེན་པ་ནི་ཕྱི་ཡུལ་ཀྱི་ངོ་བོ་ངོས་འཛིན་ཚུལ་ཞིག་ཡིན་ལ། ལེགས་པ་ནི་ཡུལ་གྱི་བཟང་ངན་དང་ཕན་གནོད་སོགས་ངོས་འཛིན་ཚུལ་ཞིག་ཡིན། མཛེས་པ་ནི་ཡུལ་གྱི་རྣམ་པ་ཡུལ་ཅན་ལ་གསལ་བར་སྣང་བའི་མྱོང་ཚོར་ཁོ་ན་ཙམ་ཡིན་པ་ལས་དེའི་ངོ་བོ་དང་བཟང་ངན་གྱི་ཁྱད་པར་སོགས་ཡེ་ནས་མི་རྟོག་པའོ། ། དེ་ལྟར་རྣམ་པར་རྟོག་དང་མི་རྟོག་པའི་ཤེས་པའི་རྒྱུན་རྣམས་ལོ་རྒྱུས་ཆུ་རྒྱུན་རིང་མོའི་རྦ་ཀློང་ཁྲོད་ཡང་ཡང་བསྲུབས་པ་ལས་མིའི་རིགས་ཀྱི་ཤེས་རིག་གི་མ་ལག་ཆེན་པོ་གསུམ་ཆགས་ཡོད་པ་སྟེ། ཆོས་ཉིད་བདེན་རྫུན་ཤན་འབྱེད་ཅིང་མི་དང་རང་བྱུང་ཁམས་སམ་སྣོད་བཅུད་གཉིས་ཀྱི་འབྲེལ་བ་ཐག་གཅོད་གནད་དུ་འཛིན་པའི་རང་བྱུང་ཚན་རིག་དང་། ལེགས་ཉེས་བརྩད་གཅོད་ཅིང་མི་དང་མིའི་མི་ཆོས་ཀྱི་འབྲེལ་བ་ཐག་གཅད་རྒྱུ་གནད་དུ་འཛིན་པའི་སྤྱི་ཚོགས་ཚན་རིག་དང་། མཛེས་པ་དོན་དུ་གཉེར་ཞིང་མི་རང་ཉིད་ཀྱི་སྐྱིད་སྡུག་དོ་སྙོམ་པའི་ཐབས་འཚོལ་བའི་སྒྱུ་རྩལ་བཅས་སོ། ། ཤེས་རིག་དེ་དག་སློབ་ཅིང་ཉམས་ལེན་བརྒྱུད་མི་རྣམས་ལ་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་དང་མཛེས་དཔྱོད་ལྟ་བ་ཚད་དང་ལྡན་པ་ཞིག་ཆགས་ཐུབ་པར་བཤད། བོད་ཀྱི་རིག་གཞུང་ཁྲོད་ནའང་བདེན་ལེགས་མཛེས་གསུམ་གྱི་རྣམ་གཞག་དང་མཚུངས་པའི་བརྗོད་གཞི་ཆེན་པོ་གསུམ་ཡོད་དེ། བདེན་པ་དང་དགེ་བ་དང་བདེ་བ་གསུམ་ཡིན་ནོ། །བདེན་པའི་རྣམ་གཞག་ནི་ཆོས་རྣམས་ཀྱི་སྣང་ཚུལ་ཇི་སྙེད་པ་ཀུན་རྫོབ་ཀྱི་བདེན་པ་དང་གནས་ལུགས་ཇི་ལྟ་བ་དོན་དམ་གྱི་བདེན་པ་བརྩད་གཅོད་ཅིང་། ཆོས་ཉིད་བདེན་པ་མཐོང་ན་གྲོལ་བར་འདོད་པ་ནི། ནུབ་ཕྱོགས་མཚན་ཉིད་རིག་པས་བདེན་པ་རྟོགས་ན་མི་ལ་རང་དབང་ཐོབ་པར་བཤད་པ་དང་མཚུངས་པར་སྣང་། དེ་ལྟར་བདེན་པའི་རྣམ་གཞག་ནི་ཤེས་བྱ་གཞིའི་གནས་ལུགས་གཏན་ལ་འབེབས་བྱེད་ཅིག་ཡིན་པའི་ཆ་ནས་ཤེས་རིག་ཀུན་མཚུངས་ཀྱང་། བྱེ་བྲག་བདེན་པ་བརྩད་གཅོད་སྟངས་ལ་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་གཉིས་གཅིག་པ་རང་མིན། དེ་བཞིན་ལེགས་དང་དགེ་བ། མཛེས་དང་བདེ་བ་རྣམས་མཚུངས་ཤིང་། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ཕལ་ཆེར་མཛེས་བདེ་བསྒྲུབ་བྱར་བཟུང་བ་དང་། དགེ་ལེགས་ནི་དེ་སྒྲུབ་པའི་ཐབས་སུ་བརྩིས་ཏེ་འབྲས་བུ་མངོན་དུ་བྱེད་པ་ལ་རྒྱུ་སྒྲུབ་དགོས་པའི་རྒྱུ་འབྲས་རྟེན་འབྲེལ་གྱི་ལྟ་བས་བདེན་ལེགས་མཛེས་གསུམ་ལས་ལེགས་པའམ་དགེ་བ་གཙོ་བོར་བཟུང་ནས་བཤད་འདུག་གོ་སྙམ།
གཉིས། མཛེས་པ་དང་བདེ་བ།
མཛེས་རིག་གི་ལོ་རྒྱུས་སྟེང་མཁས་པ་ཚོས་མཛེས་པ་ཞེས་པ་གང་ཡིན་པའི་སྐོར་རྩོད་སྒྲུབ་ཡུན་རིང་གནང་སྟེ། མི་དང་མ་འབྲེལ་བར་ཕྱི་རོལ་ཡུལ་ཁོ་ནའི་སྟེང་དུ་མཛེས་པ་ཞེས་རང་རྐྱ་ཐུབ་པ་ཞིག་མེད་ལ། ཡུལ་ཅན་བློ་ཁོ་ནའི་ངོས་སུ་རང་ཚུགས་ཐུབ་པའི་མཛེས་པ་ཞིག་ཀྱང་མེད་པར། མཛེས་པ་ནི་ཕྱི་ཡུལ་གྱི་རྣམ་པ་ཡུལ་ཅན་བློ་ངོར་གསལ་བར་འཆར་བའི་སྒོ་ནས་ཉམས་སུ་མྱོང་བའི་ལྗོངས་རྣམ་དང་དུང་བ་འོ་ཆུ་ལྟར་འདྲེས་པའི་ཚོར་སྣང་ཞིག་ཡིན་པར་བཤད། མཛེས་པའི་ཚོར་སྣང་དེ་ནི་མཛེས་དཔྱོད་ཀྱི་གནས་སྐབས་ཁོ་ནར་ཡོད་ལ། དེ་ནི་ཡུལ་གྱི་ངོ་བོ་འདི་དང་འདིའོ་ཞེས་དང་ཁྱད་པར་བཟང་ངན་སོགས་ཀྱི་མཚན་མར་འཛིན་པའམ་རྣམ་པར་རྟོག་པའི་འདུ་ཤེས་ཤིག་མ་ཡིན་པར། རྟོག་བྲལ་ད་ལྟ་བའི་མྱོང་ཚོར་ཞིག་ཡིན་པར་བཤད་དོ། ། བོད་གཞུང་ཁག་གི་ནང་མཛེས་པའི་སྐོར་དམིགས་སུ་གླེང་བ་དཀོན་ཡང་། མཛེས་པ་དང་འབྲེལ་ཡོད་ཀྱི་ཚོར་བ་བདེ་སྡུག་སྐོར་ནི་རྒྱས་པར་གསུངས་འདུག དེ་ཡང་མཛེས་པ་ནི་སྤྱིར་ཚོར་བ་ཞིག་ཡིན་ལ། བདེ་སྡུག་གཉིས་ནི་མཛེས་རིག་གི་བརྗོད་གཞི་གཙོ་བོ་ཡིན་པར་དེང་རབས་མཛེས་རིག་སྨྲ་བས་འདོད་པ་དང་། བོད་གཞུང་ཁག་ལས་ཀྱང་བདེ་བ་ལ་བདེ་དང་ཡིད་བདེ་ཞེས་རིམ་པ་འཕྲལ་ནས་བཤད་པར་བལྟས་ན། མཛེས་པ་ནི་བདེ་བ་ཁྱད་པར་ཅན་ཞིག་རེད་ཟེར་ནའང་འཐུས་པར་སེམས།
མངོན་པའི་གཞུང་གི་ཕུང་ལྔའི་རྣམ་གཞག་སྐབས། ཚོར་བ་དང་འདུ་ཤེས་ཞེས་ཐ་དད་དུ་བྱས་ཏེ། ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་དང་འདུ་ཤེས་ནི་མཚན་མར་འཛིན་པར་འཇོག་ཅིང་། ཚོར་བ་ལ་བདེ་སྡུག་བཏང་སྙོམས་གསུམ་སོགས་མང་དུ་བྱས་ལ། བདེ་བ་ནི་དགའ་བ་དང་སྐྱིད་པ་དང་ཚིམ་པའི་ཚོར་བ་ཞིག་ཏུ་བཤད། དེ་བཞིན་མཛེས་རིག་མཁས་པ་ཚོས་ཀྱང་སྒྲ་ཡངས་པའི་ངོས་ནས་མཛེས་ཚོར་ལ་བདེ་བས་ཁྱབ་པར་སྨྲ། འོན་ཀྱང་མཛེས་ཚོར་དེ་ནི་དབང་པོའི་བདེ་བ་ཙམ་ལས་འདས་ཏེ་རིམ་པ་མཐོ་བའི་ཡིད་ཀྱི་དགའ་སྐྱིད་ཅིག་ཡིན་ལ། དགེ་སྡིག་གི་སྤང་བླང་སོགས་རྣམ་པར་རྟོག་པའང་མ་ཡིན་པར་ཡུལ་དང་ཡུལ་ཅན་རོ་གཅིག་ཏུ་འདྲེས་པའི་མྱོང་རོལ་གྱི་དབྱིངས་ཤིག་ཡིན་པར་བཤད་དོ། ། དེ་ལྟར་སྤྱིར་མཛེས་ཚོར་ནི་བདེ་ཚོར་དང་ཐ་དད་དུ་འཇོག་དཀའ་མོད། དེ་དང་བདེ་ཚོར་སྤྱི་ལ་རེ་འདོད་དང་དགོས་པ་ཞིག་དང་དུ་བླང་མིན་གྱི་ཁྱད་པར་ཡང་ཡོད་པར་བཤད་དོ། །
གསུམ་པ། མཛེས་བདེ་དང་དགེ་ལེགས།
དགེ་འདུན་ཆོས་འཕེལ་གྱིས། གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུགས། །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུགས། །མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུགས། །ཞེས་པ་ལྟར། བདེ་བ་དང་མཛེས་པ་ནི་སེམས་ཅན་རྣམས་ཀྱི་འདོད་བྱ་ཉག་ཅིག་ཏུ་འཛིན། འོན་ཀྱང་བདེ་བ་དང་མཛེས་པའི་ཚོར་བ་ཡང་བརྟེན་འབྱུང་ལྟོས་བཅས་ཀྱི་ཆོས་ཉིད་ལས་མ་འདས་པར། རྒྱུ་རྐྱེན་ལ་མ་ལྟོས་པའི་རྟག་པ་རང་རྐྱ་བའི་བདེ་བ་དང་མཛེས་པ་ཞིག་མེད་པས། དགེ་སྡིག་གམ་ལེགས་ཉེས་བླང་དོར་གྱི་ཐབས་དང་ཆོས་ཉིད་བདེན་པ་རྟོགས་པའི་ཤེས་རབ་ཀྱི་ཆ་དང་མི་ལྡན་པར་བདེ་བ་དང་མཛེས་པ་ཁོ་ནར་གཡེང་བསྡད་ན་འདོད་ཡོན་གྱི་བསླུ་བྲིད་དབང་དུ་ལུས་ནས་མི་ཚེའི་དོན་སྙིང་བརླག་པའི་ཉེན་ཁའང་ཤིན་ཏུ་ཆེ། དེ་ཡང་རང་རེའི་འཚོ་བའི་ཁྲོད་ན་སྒོ་ལྔའི་དབང་པོའི་ཡུལ་དུ་འདོད་ཡོན་སྣ་ལྔ་བཀྲ་བ་རྣམས་ཀྱི་བདེ་བ་དང་མཛེས་པའི་རིན་ཐང་ལ་བསྙོན་དུ་མེད་ཅིང་། མཛེས་བདེའི་ལོངས་སྤྱོད་ཀྱིས་མིའི་ལུས་སེམས་ཀྱི་བདེ་ཐང་ལ་ཐོན་པའི་ཕན་ཡོན་ནི་རབ་ཏུ་ཆེ་མོད། དེ་དག་ཀྱང་མི་རྟག་པའི་རྒྱུ་འབྲས་ཀྱི་འཁོར་ལོར་ཚུད་ཅིང་དེའི་འཕྲོ་ལ་འབྲས་བུ་བདེ་སྡུག་དང་མཛེས་མི་མཛེས་ཀྱི་ཚོར་བ་གང་རུང་ཞིག་བསྐྱེད་རྒྱུ་གཏན་འཁེལ་བ་སྟེ། ནང་བསྟན་མཚན་ཉིད་རིག་པ་ལྟར་ན། ཟག་བཅས་སྡུག་བསྔལ་བའི་རང་བཞིན་དུ་གནས་ཤིང་། སྲིད་པའི་བདེ་བ་ཇི་སྙེད་པ་རྣམས་སྡུག་བསྔལ་ལ་མངོན་པར་ཕྱོགས་ཤིང་དེར་འགྱུར་བར་ངེས་པས། བདེ་བ་ཆེ་ཆུང་དང་། རང་གཞན་གྱི་བདེ་བ། འཕྲལ་ཕུགས་ཀྱི་བདེ་བ་སོགས་ཁྱད་པར་དུ་མ་ཞིག་ལ་མདང་རྒྱག་དགོས་པ་མ་གཏོགས། ས་པན་གྱིས། བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་དང་། རྟག་ཏུ་གཞན་དོན་མི་སེམས་པ། །དེ་ཡི་སྤྱོད་པ་ཕྱུག་དང་མཚུངས། །གསུངས་པ་ལྟར་བདེ་བ་ཆུང་ངུའི་ཆེད་དུ་བདེ་བ་ཆེན་པོ་བརླག་པའམ། རང་བདེ་ཁོ་ནའི་དོན་དུ་གཞན་བདེ་ཁྱད་དུ་གསོད་པ། འཕྲལ་གྱི་བདེ་བར་དམིགས་ནས་ཕུགས་ཀྱི་བདེ་བ་ཤོར་བ་སོགས་མི་འགྲོ་བར་བྱ། དགེ་ཆོས་ཀྱིས། ཚོགས་དྲུག་སྣང་བ་ཡུལ་གྱི་མེ་ཏོག་གི་ཐང་དུ། །གཏོལ་མེད་རིག་པའི་བུ་ཆུང་ཕ་ཕར་ལ་འཁྱམས་པ། །ཞེས་པས་ཀྱང་བདེན་འཚོལ་གྱི་ཤེས་རབ་དང་ལེགས་ཉེས་བླང་དོར་འབྱེད་པའི་ཐབས་དང་མ་ལྡན་ན། མི་རྣམས་རྣམ་ཤེས་ཚོགས་དྲུག་ལས་བྱུང་བའི་མཛེས་བདེའི་ཚོར་བའི་བསླུ་བྲིད་འོག་ཤིན་ཏུ་ཚུད་སླ་བའི་ཉེས་བརྡ་བཏང་ཡོད། དེ་ཚུལ་རྫ་དཔལ་སྤྲུལ་གྱིས་ཀུན་བཟང་བླ་མའི་ཞལ་ལུང་ལས། ཕྱི་ཚོགས་དྲུག་གི་ཡུལ་ལ་རྣམ་ཤེས་གཡེངས་པ་ནི་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཏེ། དཔེར་ན། མིག་ཤེས་གཟུགས་ལ་ཆགས་པ་བྱེ་སླེབ་མར་མེར་འཆི། རྣ་བ་སྒྲ་ལ་ཆགས་པས་རི་དྭགས་རྔོན་པས་གསོད། སྣ་དྲི་ལ་ཆགས་པས་བུང་བ་མེ་ཏོག་ཏུ་ཐུམ། ལྕེ་རོ་ལ་ཆགས་པས་ཉ་མོ་ལྕགས་ཀྱུས་འཛིན། ལུས་རེག་བྱ་ལ་ཆགས་པས་གླང་པོ་འདམ་དུ་བྱིང་བ་ལྟ་བུ། ཞེས་གསུངས་སོ། །
དེ་ལྟར་མཛེས་བདེ་ནི་རལ་གྲི་ངོས་གཉིས་མ་ཞིག་གམ་སྦྲང་རྩི་འབྱར་བའི་སྤུ་གྲི་ཞིག་དང་ཀུན་ནས་མཚུངས་པར། ཕྱོགས་གཅིག་ནས་བཤད་ན། དེང་རབས་མཛེས་རིག་གིས་དེ་ཉིད་མིའི་ལུས་སེམས་བདེ་ཐང་ཡོང་བའི་ཐབས་ཁྱད་པར་ཅན་ཞིག་ཏུ་འདོད་ཅིང་། མཛེས་པ་དང་འབྲེལ་བའི་སློབ་གསོ་ལ་མཐོང་ཆེར་བྱས་ཏེ། བདེ་བ་དང་མཛེས་པ་ནི་དམིགས་ཡུལ་ཞིག་ཡིན་ལ་ཐབས་ལམ་ཞིག་ཏུའང་བསྔགས་པ་ལྟར། སྤྱོད་འཇུག་བྱང་སེམས་ཡོངས་བཟུང་གི་ལེའུ་ལས་ཀྱང་། དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །ཞེས་རང་གཞན་གང་གིས་བྱས་པ་དང་མ་བྱས་པའི་སྲིད་པའི་ཕུན་ཚོགས་ལས་དགའ་བ་བསྒོམ་དགོས་པའི་བླང་བྱ་བསྟན་པའང་བདེ་བ་དང་མཛེས་པ་ནི་ངེས་འབྱུང་གི་གནས་ཁོ་ནར་མ་གསུངས་ལ། དེ་ལས་ལྡོག་ཏེ་དགེ་བ་སྒྲུབ་པའི་ཐབས་ཤིག་ཏུ་བསྔགས་འདུག་གོ །  ཕྱོགས་གཉིས་ནས་བཤད་ན། སྤྱིར་གང་ཟག་གི་ཁམས་དབང་ཐ་དད་པས་མཛེས་པའམ་བདེ་བའི་ངོས་འཛིན་སྣ་ཚོགས་ཤིང་དེ་རྣམས་ཡུལ་ཅན་སོ་སོར་མཚོན་ན་རིན་ཐང་གི་མཆོག་དམན་མེད་མོད། འོན་ཀྱང་དེ་རྒྱུ་མཚན་དུ་བྱས་ནས་སོ་སོའི་མིག་སྔར་གྱི་མཛེས་པའམ་བདེ་བ་ཁོ་ནར་ཆགས་གྱུར་ཅིང་། དེའི་དགེ་སྐྱོན་དང་ལེགས་ཉེས་རྣམ་པར་མ་བརྟག་པར་བག་མེད་དུ་སྤྱོད་གྱུར་ན་འདོད་ཡོན་གྱི་གཡང་ལ་ལྷུང་ཟེར་བ་ཡོང་ཉེན་ཆེ་ལ། རང་གི་འཕྲལ་ཕུགས་ཀྱི་བདེ་བ་དང་། རང་གཞན་གྱི་བདེ་བ་སོགས་འགལ་འདུ་དུ་མ་ཞིག་ཀྱང་ཐག་ཆོད་པར་དཀའ་བས། མཛེས་བདེ་ལོངས་སུ་སྤྱོད་པའི་ཚེ་ངེས་པར་དུ་དེའི་དགེ་སྐྱོན་དང་ལེགས་ཉེས་ཀྱི་བླང་དོར་འབྱེད་དེ། དགེ་ལེགས་ཀྱི་རྩི་ཡིས་ཟིན་པའི་མཛེས་དཔྱོད་ལྟ་བ་ཞིག་ཆགས་དགོས་པ་གལ་ཆེ་བར་སྣང་ཞིང་། བདེན་ལེགས་མཛེས་གསུམ་ཡ་མ་བྲལ་བར་བྱ་རྒྱུ་ནི་མིའི་རིགས་ཀྱིས་མཛེས་པ་དང་བདེ་བ་སྒྲུབ་ཐབས་ཕྱོགས་སུ་བསྡོམས་པའི་མན་ངག་ཅིག་ཏུའང་སྣང་ངོ། །
·རྩོམ་ཡིག་གོང་མ:གཞས་ཚིག ཁམས་པའི་ཕོ་རྒོད།
·རྩོམ་ཡིག་འོག་མ:འབྲི་ཟླ་སྨད་རྒྱུད་ཀྱི་ཁམས་གཞས་སྐོར་གླེང་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:18:54 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:51:12 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:21:59 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS