ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

སྐད་ཡིག་དང་རིག་གནས་ཀྱི་འབྲེལ་བ།

  རྩོམ་པ་པོ:པདྨ་ཆོས་འཕེལ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1962ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/10/5 20:19:34ཚོགས་ཡར་སྤྲོད:admin
སྐད་ཡིག་དང་རིག་གནས་བར་གྱི་འབྲེལ་བ།
 
༄༅། །ཡངས་བའི་ནོར་འཛིན་གྱི་ཁྱོན་ན་རང་རང་གི་སྲོལ་རྒྱུན་རིག་གནས་སྐད་ཡིག་དང་བཅས་པ་མངའ་བའི་ཚོ་པ་དང་མི་རིགས་དང་རྒྱལ་ཁབ་སྣ་ཚོགས་ཡོད། སྤྱིར་རིག་གནས་དང་སྐད་ཡིག་སྣ་ཚོགས་པ་དེ་རྣམས་འགྲོ་བ་མིའི་རིགས་ཐུན་མོང་གི་ཤུལ་ནོར་དང་མཛེས་རྒྱན་ཡིན་མོད། གང་ཟག་ལ་ལས་ང་རྒྱལ་དང་མཐོང་ཆུང་དང་ཕྲག་དོག་གི་དྲི་མས་བསླད་པའི་རིག་གནས་ལྟ་བ་མཁྲེགས་སུ་བཟུང་ནས། རང་ཆེ་དང་འོལ་ཚོད་ཀྱིས་བརླམས་ཏེ་གཞན་གྱི་ཡོན་ཏན་ལ་ཁྱད་གསོད་དང་སྐུར་བ་འཛེམ་མེད་བཏབ་ཅིང་ཕན་ཚུན་བར་འགལ་རྐྱེན་བཟོས། མ་བརྟག་གཟུ་ལུམ་གྱི་བསམ་སྦྱོར་དེ་རིགས་ནི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་དང་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ཀྱི་བསམ་བློའི་བཀག་རྡོ་ཆེན་པོ་ཞིག་རེད་ལ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་སྙིང་པོ་མི་གཞིའི་དགོངས་པ་དང་ཡང་འགལ། རིག་གནས་མིའི་རིགས་རིག་པས་རིག་གནས་ལྟོས་བཅས་སྨྲ་བ་(རིག་གནས་ལ་མཆོག་དམན་མེད་པར་རང་རང་གི་གནས་སྐབས་དང་སྦྱར་ན་རིན་ཐང་འདྲ་མཉམ་དུ་འདོད་པ།)དང་རིག་གནས་རྟེན་འབྲེལ་སྨྲ་བ་(འབྲེལ་བའི་མ་ལག་རྒྱས་པར་སྤྲོས་ཏེ་རིག་གནས་ཀྱི་སྣང་ཚུལ་ཞིབ་འཇུག་བྱེད་པ།)དང་རིག་གནས་གཤིབ་བསྡུར་སྨྲ་བ་(རིག་གནས་གཅིག་གམ་དུ་མར་གནས་དང་དུས་ཀྱི་དབང་དུ་ཕན་ཚུན་གཤིབ་བསྡུར་བྱས་ཏེ་མིའི་རིགས་ལ་བླང་དོར་གྱི་གནད་བསྟན་པ།)སོགས་ཀྱི་ལྟ་ཚུལ་བཏོན་ནས། མི་རྣམས་ལ་གཟུར་གནས་དང་དཀྱེལ་ཆེ་བ། ཕན་ཚུན་བརྩི་འཇོག་དང་བརྩེ་བས་ཟིན་པའི་རིག་གནས་ཀྱི་མཐོང་ལམ་ཡངས་པོར་ཕྱེ་ཞིང་། མི་རྣམས་ཀྱི་གུ་དོག་པོའི་རིག་གནས་འདུ་ཤེས་འཛིན་སྟངས་ངོས་ཀྱི་ཕྱོགས་ལྷུང་དང་ཕྱོགས་རྟོགས་ཀྱི་དྲི་མ་སེལ་ཐབས་བྱེད། འདིར་རིག་གནས་མིའི་རིགས་ཀྱི་རིག་པས་སྣེ་བཟུང་སྟེ་བོད་གངས་ཅན་གྱི་སྐད་ཡིག་དང་རིག་གནས་ཀྱི་སྐོར་རགས་ཙམ་གླེང་བར་འདོད་དོ། །
དང་པོ། སྨྲ་ཤེས་པ་དང་དོན་གོ་བ།
    ང་ཚོས་ལུས་ངག་ཡིད་གསུམ་ཟེར་བ་ལྟར་དེང་རབས་ཀྱི་རིག་པས་ཀྱང་མི་ལ་རང་བྱུང་ལྷན་སྐྱེས་ཀྱི་སྐྱེས་དངོས་རང་བཞིན་དང་། རྗེས་ཐོབ་ཀྱི་སྤྱི་ཚོགས་རང་བཞིན་གཉིས་ལྡན་པར་བཤད་ཅིང་། ལུས་ནི་དང་པོ་དང་ངག་ཡིད་གཉིས་ཕྱི་མར་གཏོགས་སོ། ། བོད་ལ་སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཅེས་གྲགས་པ་ནི་ངག་ཡིད་གཉིས་ཏེ་མིའི་སྤྱི་ཚོགས་རང་བཞིན་གནད་དུ་འཛིན་པའི་གསུང་ཚུལ་ཞིག་ཏུ་སྣང་ཏེ། སྨྲ་ཤེས་པ་ནི་སྐད་ཆ་ལ་བརྟེན་ནས་བརྡ་སྤྲོད་ཐུབ་པ་དང་། དོན་གོ་བ་ནི་སྒྲ་དོན་གོ་བར་མ་ཟད་རིགས་ལམ་ཕྲ་མོའི་བསམ་བློ་གཏོང་ཐུབ་པ་ལ་བྱ་བས་སོ། ། དེ་མིན་པར་རྐང་ལག་དབང་ལྔ་དོན་ལྔ་སྣོད་དྲུག་དང་ཚོར་བ་རགས་པ་སོགས་ཕལ་ཆེར་དུད་འགྲོ་དང་རིགས་འདྲར་སྣང་བས་མིའི་རྣམ་པར་འཇོག་བྱེད་དུ་མ་མཐོང་བའོ། ། སྤྱིར་རིག་པ་སྨྲ་བའི་ཁྲོད་དུད་འགྲོས་ཀྱང་སྨྲ་ཤེས་ཚུལ་དང་དོན་གོ་ཚུལ་གྱི་སྒྲུབ་བྱེད་བཀོད་དེ་སྨྲ་ཤེས་དོན་གོ་བ་མིའི་མཚན་ཉིད་ཡིན་པར་དོགས་པ་བསླངས་ཏེ། དུད་འགྲོའི་འཚོ་ཐབས་ཁྱད་པར་ཅན་ཇི་སྙེད་པར་རིག་གནས་ཕལ་པ་ཞེས་ཐ་སྙད་འདོགས་མཁན་ཡང་ཡོད་མོད།  མིའི་སྐད་ནི་མིང་གི་ཚོགས་དང་ཕྲད་ཀྱི་སྦྱོར་ཚུལ་དང་ཡི་གེའི་གྲུབ་ཚུལ་སོགས་སྒྲིག་གཞི་རྙོག་འཛིན་ཆེ་བའི་རྗོད་བྱེད་ཀྱི་སྒྲ་ཞིག་ཡིན་ལ། མིའི་བློའང་རྗོད་བྱེད་ཀྱི་སྒྲའི་རྗེས་སུ་འབྲེལ་ནས་རྟོག་པ་རྒྱ་ཞིང་རྒྱས་ཏེ་ཤེས་བྱ་ལ་འགལ་འབྲེལ་དང་སྤྱི་བྱེ་བྲག་དང་རྒྱུ་འབྲས་སོགས་རྣམ་དབྱེ་ཕྲ་ཞིང་ཞིབ་པར་བྱས་ཤིང་བློ་ཡུལ་ལ་འཇུག་ཚུལ་ཡང་རིགས་ལམ་ཚགས་དམ་པོ་ཡོད་པས། སྨྲ་ཤེས་དོན་གོ་བ་ནི་མི་དང་དུད་འགྲོ་བར་གྱི་ཁྱད་པར་མངོན་གསལ་དོད་ཤོས་ཤིག་ཏུ་བསྙོན་མེད་དོ། ། ཡང་སྨྲ་ཤེས་དོན་གོ་བ་དེ་མིའོ་ཅོག་ལ་ཁྱབ་མ་ཁྱབ་གྱི་གནོད་བྱེད་སྲིད་ཀྱང་སྤྱི་ཁྱབ་དབང་དུ་དོན་ལ་གནས་སོ། ། མཚན་ཉིད་འཇོག་ཚུལ་དེ་དེང་སང་གི་བརྡ་ལ་སྦྱར་ན་མི་ནི་སྐད་བརྡ་དང་བསམ་བློ་གཉིས་ཀྱི་ནུས་པ་ལྡན་པའི་སྲོག་ཆགས་ཤིག་ཡིན་པར་བཤད་འདུག་སྙམ། སྐད་བརྡ་དང་བསམ་བློ་ནི་མིའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་ཏུ་རིག་གསར་ལུགས་ཕལ་ཆེར་འདོད་དོ། ། དེ་བཞིན་ཚད་མའི་གཞུང་ལས་ཡུལ་ཅན་སྒྲ་བློ་སྐྱེས་བུ་གསུམ་མམ་སྒྲ་རྟོག་གཉིས་སོགས་གསུངས་པའང་སྐད་བརྡ་དང་བསམ་བློ་གཉིས་གནད་དུ་དགོངས་ནས་རྣམ་པར་བཞག་པར་སྣང་། བོད་ཀྱི་རིག་གཞུང་སྤྱིའི་ངོས་ནས་ཀྱང་སྐད་བརྡ་དང་བསམ་བློ་གཉིས་གནད་དུ་བཟུང་ཏེ། ཚིག་གི་འཁྲུལ་བ་ཚར་གཅོད་པ་སྒྲ་རིག་པ་དང་དོན་གྱི་འཁྲུལ་བ་ཚར་གཅོད་པ་ཚད་མ་རིག་པ་ཞེས་རིག་ཚན་གྱི་མ་ལག་རྒྱས་པར་བཙུགས་ཤིང་།  གནའ་དེང་གི་མཁས་པ་མང་པོ་ཞིག་སྒྲ་དང་ཚད་མ་རིག་པའི་གནས་ལ་འཇུག་ཏེ་སྐད་བརྡ་དང་བསམ་བློའི་ཆོས་ཉིད་གསལ་བའི་ལས་ལ་འབད་པ་ནི་སྤོབས་པ་སྐྱེས་འོས་པའི་ཤེས་རིག་གི་ལ་རྒྱ་ཞིག་རེད།
གཉིས་པ། སྒྲ་བློ་གཉིས་ཀྱི་འབྲེལ་བ།
    མིའི་རིགས་རིག་པས་ཀྱང་སྐྱེས་དངོས་རང་བཞིན་དང་རིག་གནས་རང་བཞིན་(གོང་གི་སྤྱི་ཚོགས་རང་བཞིན་དང་མཚུངས།)ནི་མིའི་ཆེས་རྩ་བའི་རང་བཞིན་གཉིས་སུ་འཛིན་ཏེ། གཟུགས་གཞི་མིའི་རིགས་རིག་པ་དང་རིག་གནས་མིའི་རིགས་རིག་པ་ཞེས་ཡ་གྱལ་གཉིས་བྱུང་། རིག་གནས་མིའི་རིགས་ཀྱི་རིག་པའང་བྱེ་བྲག་ཏུ་གནའ་ཞིབ་རིག་པ་དང་སྐད་བརྡ་མིའི་རིགས་རིག་པ་དང་མི་རིགས་རིག་པ་གསུམ་ཏུ་ཕྱེ། སྐད་བརྡ་མིའི་རིགས་རིག་པས་སྐད་རིགས་གང་ཞིག་གི་བརྡ་སྤྲོད་ཆོས་ཉིད་ཁོ་ན་ཙམ་ལ་མགོ་འཁོར་ནས་མི་བསྡད་པར། སྐད་རིགས་དེ་ཉིད་སྤྱི་ཚོགས་རིག་གནས་ཀྱི་གྲུབ་ཆ་གལ་ཆེ་ཤོས་སུ་བརྩིས་ནས་དེའི་བྱུང་འཕེལ་དང་འགྱུར་བའི་ཆོས་ཉིད་ལ་རྟོག་ཞིབ་གནང་སྟེ་སྐད་ཡིག་དང་མི་རིགས་དང་རིག་གནས་དང་སྤྱི་ཚོགས་སོགས་ཀྱི་འབྲེལ་བ་གསལ་ཐབས་བྱེད། མཁས་པ་ཚོས་སྐད་དང་རིག་གནས་ཀྱི་འབྲེལ་བ་བརྩད་གཅོད་ཙ་ན། དེའང་གཙོད་སྐད་བརྡ་དང་བསམ་བློའི་འབྲེལ་བ་ལ་ཐུག་པར་མཐོང་ནས། ཁ་ཅིག་གིས་སྒྲ་ནི་བློ་ལ་བརྟེན་ནས་བྱུང་བར་སྨྲ། ཁ་ཅིག་བློ་སྐྱེད་པ་ལ་སྒྲས་རྐྱེན་གཙོ་བོ་བྱེད་པར་འདོད། ཁ་ཅིག་སྒྲ་བློ་གཉིས་འབྱུང་ཁུངས་ཐ་དད་ལ་ཕན་ཚུན་ཤུགས་རྐྱེན་ཐེབས་པར་འདོད། ཁ་ཅིག་སྒྲ་བློ་གཉིས་རྣམ་པ་དང་ངོ་བོའི་འབྲེལ་བ་ཡིན་པར་འདོད་པ་སོགས་མཁས་པ་ཚོས་སྒྲ་བློ་གཉིས་ཀྱི་འབྲེལ་བའི་སྐོར་བགྲོ་གླེང་མང་པོ་གནང་ཡོད། ལྷག་པར་དུ་ཨ་རིའི་མཁས་དབང་སཱ་ཕིར་(E.sapir)དང་དེའི་རྗེས་འབྲང་ཧོར་ཧྥུ་(B.L.Whorf)གཉིས་ཀྱིས་སྐད་ལ་ལྟོས་བཅས་དང་ལྟོས་མེད་རང་བཞིན་ཞེས་པ་ཡོད་པའི་དབང་དུ་བཏང་ནས། སྐད་མི་འདྲ་བའི་མིས་ཕྱི་ཡུལ་ལ་ངོས་འཛིན་མི་འདྲ་བ་དང་། མིས་ཕྱི་ཡུལ་ངོས་འཛིན་པ་ལ་ངེས་པར་དུ་སྐད་བརྒྱུད་དགོས་ཤིང་སྐད་ཀྱིས་མིའི་བསམ་བློ་ཐག་གཅོད་པའི་བརྟག་ཚིག་བཀོད་དེ་སྐད་ཀྱིས་བསམ་བློ་ལ་ཐོན་པའི་ནུས་པར་ནན་བཤད་བྱེད། འོན་ཀྱང་ལྟ་ཚུལ་དེ་ཐལ་དྲགས་སོ་ཞེས་མཁས་པ་མང་པོས་དོགས་སློང་མཛད། གང་ལྟར་ཡང་སྒྲ་བློ་གཉིས་ལ་འབྲེལ་བ་ཟབ་པོ་ཞིག་ཡོད་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པས། སྐད་བརྡ་མིའི་རིགས་རིག་པར་མཚོན་ན། སྐད་ནི་སྤྱི་ཚོགས་ཀྱི་མཚན་མ་དང་རིག་གནས་ཐོན་ཁུངས་རྩ་ཆེ་ཤོས་དེ་ཡིན་ལ། དེས་ཚོ་པ་དང་མི་སྒེར་གྱི་བློ་དང་སྤྱོད་ལམ་གྱི་ཁྱད་པར་མཚོན་གྱི་ཡོད་པར་འདོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། སྐད་ཡིག་སོ་སོར་གྱེས་པས་བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ་ཞེས་སྐད་ཀྱི་རྗེས་སུ་བློ་དང་སྤྱོད་ལམ་སོགས་འབྲེལ་ནས་ཡོད་ཚུལ་གསུངས་འདུག
གསུམ་པ། སྐད་དང་རིག་གནས་ཀྱི་འབྲེལ་བ།
     སྐད་དང་རིག་གནས་ཀྱི་འབྲེལ་བ་ནི་སྒྲ་བློའི་འབྲེལ་བའི་རྣམ་པ་མཐོ་བ་ཞིག་རེད་སྙམ། སྤྱིར་རིག་གནས་ཞེས་པ་ལ་མཁས་པ་ཚོས་མཚན་ཉིད་མི་འདྲ་བ་བརྒྱ་ཕྲག་ལྷག་འཇོག་ཡོད་མོད། བོད་སྐད་དུ་རིག་གནས་ཞེས་པ་སྒྲ་ཡངས་པའི་དབང་དུ་བྱས་ན་ནི་རིག་པའི་གནས་ཏེ། རིག་པ་ནི་ཡུལ་ཅན་བློའམ་བློས་ཡུལ་འཛིན་པའི་བྱ་བའི་མིང་དང་། གནས་ནི་ཡུལ་གྱི་དོན་ཡིན་པས་མིའི་རིགས་ལ་མངོན་དུ་གྱུར་པའི་ཤེས་བྱ་ཇི་སྙེད་ཡོད་པ་ལས་གང་ཟག་གི་བློས་ཟིན་པ་མཐའ་དག་ལ་རིག་གནས་ཞེས་ཟེར་ཆོག་གོ་སྙམ་ཏེ། ༡༨༧༡ལོར་དབྱིན་ཇིའི་མིའི་རིགས་རིག་པ་སྨྲ་བ་ཐེ་ལོར་(Edward B.Tylor)གྱིས། རིག་གནས་ཞེས་པ་སྒྲ་ཡངས་པར་མིའི་རིགས་རིག་པའི་ངོས་ནས་བཤད་ན་ཕྱོགས་མང་པོ་འདུས་པའི་གོང་བུ་ཞིག་ཡིན་ཏེ། དེའི་ཁོངས་སུ་ཤེས་ཡོན་དང་ཆོས་ལུགས་དད་མོས་དང་སྒྱུ་རྩལ་དང་ཀུན་སྤྱོད་དང་ཁྲིམས་དང་གོམས་སྲོལ་དང་སྤྱི་ཚོགས་ཀྱི་མི་ཞིག་གིས་སྦྱངས་ཐོབ་ཀྱི་ནུས་པ་དང་གོམས་གཤིས་མཐའ་དག་འདུས་ཡོད་ཅེས་གསུངས། ཡང་མཁས་པ་ལ་ལས་རིག་གནས་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་ཉམས་ལེན་དང་བརྒྱུད་སྦྲགས་བྱས་པའི་བསམ་བློ་དང་སྤྱོད་ལམ་དང་སྒྲིག་འཛུགས་ཀྱི་རྣམ་པ་དང་དེ་དག་གི་ཐོན་རྫས་གཟུགས་སུ་བཅས་པར་འདོད། དེར་བརྟེན་ནས་རིག་གནས་ལ་གཟུགས་ཅན་རིག་གནས་དང་སྤྱི་ཚོགས་རིག་གནས། བློའི་རིག་གནས་ཞེས་བོད་ཀྱི་མཚན་ཉིད་རིག་པས་མི་རྟག་པའི་ཤེས་བྱ་ཀུན་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་དུ་ཕྱེ་བ་དང་ཆ་མཐུན་པར་བཞག་ཏེ། གཟུགས་ཅན་རིག་གནས་ནི་མིས་ཆེད་དུའམ་ཆེད་དུ་མ་ཡིན་པའི་འགུལ་སྐྱོད་ཀྱི་ཤུལ་དོད་པའི་གཟུགས་ཅན་མཐའ་དག་གོ ། དཔེར་ན་གནའ་དེང་གི་ཁང་པ་སོགས་མིས་བཟོས་པའི་ཅ་དངོས་ལྟ་བུའོ། །སྤྱི་ཚོགས་རིག་གནས་ནི་མི་རྣམས་ཀྱི་སྤྱོད་ལམ་དང་སྒྲིག་འཛུགས་ཀྱི་རྣམ་པ་དང་འགྲོ་ལུགས་སོགས་སོ། ། བློའི་རིག་གནས་ནི་མིའི་འཇིག་རྟེན་ལྟ་བ་དང་རིན་ཐང་ལྟ་བ་དང་མཛེས་དཔྱོད་ལྟ་བ་སོགས་སོ། །དོན་དམ་པར་བཤད་ན་དབྱེ་བ་དེ་ལྟར་མཛད་པ་ནི་མི་རྣམས་ཀྱིས་རིག་གནས་ཞེས་པ་ལ་གོ་བ་ལོན་བདེ་བའི་ཆེད་དུ་ཡིན་གྱི། རིམ་པ་དེ་གསུམ་ནི་ཁ་བྲལ་དུ་མེད་པའི་གོང་བུ་གཅིག་ཏུ་འབྲེལ་ནས་ཡོད། དེ་ལྟར་སྐྱེས་བུའི་བློས་ཟིན་པའི་དངོས་པོ་ཐམས་ཅད་ལ་རིག་གནས་ཀྱི་ཆ་ཕྲ་རྒྱས་ཅི་རིགས་ལྡན་པས། རིག་གནས་ཀྱི་རྣམ་པ་ནི་ཤིན་ཏུ་རྒྱ་ཆེ་བ་ཞིག་རེད།
     རིག་གནས་ནི་བློའི་སྤྲོས་པ་ཞིག་ཡིན་པས་ཇི་ལྟར་སྒྲ་བློ་གཉིས་ཟབ་དུ་འབྲེལ་བ་བཞིན། སྐད་དང་རིག་གནས་བར་དུའང་འབྲེལ་བ་དམ་ཟབ་ཡོད། དེ་ཡང་དང་པོ་རིག་གནས་མིའི་རིགས་རིག་པའི་ངོར། སྐད་ནི་རིག་གནས་ཀྱི་ཐོན་ཁུངས་རྩ་ཆེ་ཤོས་དང་རིག་གནས་ཉམས་ལེན་གྱི་རྣམ་པ་གལ་ཆེན་ཞིག་ཡིན་པར་བརྟེན། སྐད་བརྡ་མིའི་རིགས་རིག་པ་ཞེས་བྱེ་བྲག་གི་རིག་ཚན་ཞིག་དམིགས་སུ་དགར་བའོ། །  གཉིས་པ་སྐད་ནི་རིག་གནས་ཀྱི་རྟེན་ནམ་རིག་གནས་ཀྱི་ནོར་བུས་བྱུར་བུར་གཏམས་པའི་གན་མཛོད་ཅིག་དང་འདྲ་བས། རིག་གནས་ཀྱི་རྣམ་པ་ཇི་སྙེད་ཅིག་སྐད་ལ་རྟེན་བཅས་ཏེ་གནས་ཤིང་སྐད་ཀྱི་ཉམས་འཇིག་དང་ལྷན་དུ་ནུབ་པར་འགྱུར། ཨ་རིའི་མིའི་རིགས་རིག་པ་སྨྲ་བ་ཧུའེ་ཐེ་(Leslie A.White)ཡིས། རིག་གནས་ཐམས་ཅད་བརྡ་རྟགས་ལ་བརྟེན་ནས་འབྱུང་ཞིང་རྒྱུན་གནས་ཐུབ་ལ། སྐད་ནི་བརྡ་རྟགས་ཀྱི་རྣམ་པ་གལ་ཆེ་ཤོས་དེ་ཡིན་པས། གལ་སྲིད་སྐད་ཕྱིར་ཕུད་ན་ཅི་ཞིག་ལྷག་སྲིད་དམ་ཞེས་གསུངས། མི་ལོ་སྟོང་ཕྲག་གི་གངས་ཅན་ཤེས་རིག་ལོ་རྒྱུས་སྟེང་དུ། མེས་པོ་དམ་པ་ཚོས་བཅུ་ཕྲག་རིག་གནས་གྱི་ཕ་ནོར་གཞན་དྲིང་མི་འཇོག་པ་བཞག་ཡོད་དེ། ཤེས་བྱ་ཀུན་ཁྱབ་ལས། ལྷ་མིའི་བླ་མས་གདུལ་བྱ་འདུལ་བ་ཡི། །ཆོ་འཕྲུལ་གཙོ་བོ་ཆོས་ཀྱི་འཁོར་ལོ་སྟེ། །ངོ་བོ་སྒྲིབ་པའི་གཉེན་པོ་རྣམ་དཀར་ཕྱོགས། །ངེས་ཚིག་དྷརྨའི་སྒྲ་ལས་དོན་བཅུ་འཛིན། །དེ་ལས་འགོག་ལམ་གྱིས་བསྡུས་དམ་པའི་ཆོས། །དབྱེ་ན་བརྗོད་བྱ་རྟོགས་པ་རྗོད་བྱེད་ལུང་། །ཞེས་དང་། ཡང་དེ་ལས། རྒྱལ་བའི་སྲས་ཀྱིས་མི་བསླབ་ཤེས་བྱའི་གནས། །མ་མཆིས་དེ་བས་ཚར་གཅོད་རྗེས་བཟུང་དང་། །ཀུན་ཤེས་བྱ་ཕྱིར་རིག་པའི་གནས་ལ་བསླབ། །ཚིག་གི་འཁྲུལ་བ་སེལ་བྱེད་བརྡ་སྤྲོད་ནི། །ངོ་བོ་མིང་ཚིག་རྣམ་འགྱུར་གསུམ་དུ་འདུ། །སྒྲ་ཤེས་དོན་གྱི་ཆ་ལ་རྨོངས་མི་འགྱུར། །དོན་ལ་འཁྲུལ་བ་ཚར་གཅོད་ཚད་མ་ནི། །ཡུལ་དང་ཡུལ་ཅན་དེ་རྟོགས་བྱེད་པའི་ཐབས། ། དོན་གཉེར་རྗེས་འཛིན་བཟོ་རིག་མཐའ་ཡས་ཀྱང་། །སྒོ་གསུམ་བཟོ་ལ་ཤེས་བྱ་ཀུན་ཀྱང་འདུས། །ལུས་བཟོ་མཆོག་ནི་སྐུ་གསུང་ཐུགས་རྟེན་ཏེ། །ངག་བཟོ་མཆོག་གྱུར་རྩོད་འཆད་རྩོམ་པ་དང་། །ཡིད་བཟོ་མཆོག་ནི་ལེགས་གསུང་ཐོས་བསམ་སྒོམ། ། ལུས་སྲོག་གསོ་བའི་རིག་པ་ཀུན་གྱི་བཅུད། །དཔལ་ལྡན་རྒྱུད་ཆེན་བདུད་རྩི་སྙིང་པོའི་ལུས། །གསོ་བའི་ཚུལ་བཞིས་རྒྱས་པར་བཤད་པའོ། །རྩ་བ་གནས་ལུགས་ངོས་འཛིན་གསོ་བ་སྟེ། །གསོ་བྱ་གསོ་བྱེད་གསོ་ཚུལ་གསོ་བས་བཤད། །ལུས་དང་བྱིས་པ་མོ་ནད་གདོན་མཚོན་དུག །རྒས་པ་རོ་ཙའི་མན་ངག་ཡན་ལག་བརྒྱད། །ནད་དང་གཉེན་པོ་ཐབས་སུ་ཕྱི་མར་དྲིལ། ། རིག་གནས་ཆུང་བ་ལྔ་རུ་གྲགས་པ་ལས། །ཀུན་རྫོབ་བླང་དོར་སྟོན་པའི་སྐར་རྩིས་ནི། །དེ་ཉིད་སྟོང་པ་རགས་སྣང་བརྩི་བའི་གཞི། །རྟེན་འབྲེལ་གྲངས་ཀྱི་རིག་པ་རྩི་བའི་ཚུལ། ། སྙན་དངགས་འདོད་དོན་ལུས་ལ་བཅད་ལྷུག་སྤེལ། །མཛེས་བྱེད་ཚིག་སྦྱོར་ཐུན་མིན་ཡོད་ཏན་བཅུ། །ཐུན་མོང་དོན་རྒྱན་སྒྲ་དང་གབ་པའི་ཚིག །སྐྱོན་སྤོང་རྩོམ་པ་འཇིག་རྟེན་རྒྱན་དུ་བྱེད། ། ཚིགས་བཅད་སྡེབ་སྦྱོར་ཡི་གེ་དྲུག་པ་ནས། །རྒྱུན་ཆགས་བར་དུ་བགྲང་བྲྀཏྟ་སྟེ། །མཉམ་དང་མི་མཉམ་ཕྱེད་མཉམ་དག་གིས་བཅིང་། ། མིང་གཅིག་དོན་མང་དོན་གཅིག་མིང་མང་གིས། །མངོན་བརྗོད་ཁམས་དང་མིང་དོན་ཁོང་ཆུད་བྱ། ། མཚམས་སྦྱོར་ལྔ་དང་འཇུག་པའི་ཡན་ལག་དང་། །མཚན་ཉིད་བཅུ་དྲུག་སྒེག་དང་ཕྲེང་བ་སོགས། །ཀུན་དགའི་རོ་ལྡན་ཟློས་གར་དང་མཚུངས་པ། །སེམས་ཅན་མགུ་བྱེད་སྤྱོད་པ་ཀུན་ལ་སློབ། ། ཞེས་པ་ལྟར་རིག་གནས་ཆེ་ཆུང་ལྔས་མཚོན་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་མིའི་རིགས་ཀྱི་རིག་གཞུང་སྣ་མང་ཁྲོད་དུ་ངོ་གནོང་མི་དགོས་པའི་རིན་ཐང་བཀྲ་བས། འཛམ་གླིང་ཤར་ནུབ་ཀྱི་བློ་ལྡན་མང་པོས་བསྟོད་པའི་མཐེ་བོང་སྒྲེང་བཞིན་པའོ། ། མེས་པོའི་ཤེས་རིག་གི་བཅུད་དུ་གྲུབ་པའི་གཞུང་ལུགས་དང་དེ་དག་ལག་ལེན་གྱི་རྒྱུན་མན་ངག་ལྷན་ཐབས་དང་བཅས་པ་བོད་ཀྱི་སྐད་དང་ཡི་གེ་ཅི་རིགས་ཀྱི་རྣམ་པའི་ཐོག་ཏུ་གནས་པ་ན། བགྲང་བྱ་སྟོང་ཕྲག་རིང་དེ་དག་གི་རྟེན་དུ་གྱུར་པའི་སྐད་ཡིག་དེ་ཉམས་མེད་དུ་ཕྱིན་ཚེ། རིག་གནས་དེ་དག་ཀྱང་མིང་གི་ལྷག་མ་ཙམ་དུ་གྱུར་པའམ་གནའ་རྫས་རྟོག་ཞིབ་ཁང་དུ་ལུས་པར་ཐལ་བས། དེ་ལྟ་ན་ནི་མིའི་རིགས་ཀྱི་གསོབ་ཐབས་བྲལ་བའི་གྱོང་གུན་ཞིག་ཡིན་ངེས། དེ་བཞིན་བོད་མིའི་འཚོ་བའི་ཁྲོད་དུ་གནས་པའི་དམངས་ཁྲོད་ལག་རྩལ་དང་མན་ངག་དང་སྒྱུ་རྩལ། ཐུན་མོང་མ་ཡིན་པའི་བསམ་པའི་འཁྱེར་སོ་དང་སྤྱོད་ལམ་སོགས་རིག་གནས་ཀྱི་རྣམ་པ་ཇི་སྙེད་ཀྱང་སྐད་ཡིག་གི་ཆག་འཇིག་འོག་ནུབ་པའི་ཉེན་ཁ་ཤིན་ཏུ་ཆེ། གསུམ་པ་སྐད་ཀྱིས་རིག་གནས་ཀྱི་སྣང་ཚུལ་ཇི་སྙེད་མཚོན་ཡོད་པ་སྟེ། དེ་ཡང་མཁས་པ་ཚོས་སྐད་ནི་མི་རིགས་རིག་གནས་ཀྱི་འགྱུར་རྡོ་གསོན་པོ་ཞིག་ཏུ་བསྔགས། རྒྱུ་མཚན་ནི་སྐད་ཀྱི་ནང་དུ་མི་རིགས་དེས་ཡུན་རིང་ལོ་རྒྱུས་ནང་སྣོད་བཅུད་ལ་ངོས་འཛིན་དང་ཐོན་སྐྱེད་དང་འཚོ་བའི་ཤུལ་རྗེས་དོད་ཡོད་པས་སོ། ། དཔེར་ན། ཡུལ་སྐད་དུ་འབྲེལ་ཡོད་མིང་བརྡའི་དབྱེ་བ་ཞིབ་རྒྱས་ལས་ཡུལ་དེས་ཞིང་འབྲོག་ལས་སོགས་གང་གཙོ་བོར་བྱེད་པ་མཚོན་ཐུབ། སྔོན་གྱི་བསྟན་བཅོས་ལ་གུ་རུ་དང་ཧ་ཤང་སོགས་བརྡ་ཟུར་ཆག་མང་པོ་ཡོད་པ་ལ་བརྟེན་ནས་སྐབས་དེར་རྒྱ་དཀར་ནག་དང་རིག་གནས་ཀྱི་འབྲེལ་བ་བྱུང་ཚུལ་ཤེས་པ། གཡུང་དྲུང་དང་བློ་བཟང་དང་ཀརྨ་སོགས་གང་ཟག་གི་མིང་འདོགས་ཚུལ་ལས་དེའི་ཆོས་ལུགས་གྲུབ་མཐའ་ཕྱོགས་ཙམ་རྟོགས་པ། ཡུལ་ལུང་ལ་ལས་གྲྭ་པ་ལ་ཨ་ཁུའམ་ཨ་ཞང་དང་བཙུན་མ་ལ་ཨ་ནུར་འབོད་པས་སྔོན་ཁྱིམ་ཚང་དཀྱུས་མའི་བུ་ཕྲུག་ནང་སྤུན་ཕོ་མོ་ཆུང་བ་རབ་ཏུ་བྱུང་བའི་སྲོལ་རྒྱ་ཆེར་ཡོད་པར་དཔོག་པ། སྔོ་ཚལ་རིགས་ཀྱི་མིང་ཕལ་ཆེར་རྒྱ་སྐད་ཟུར་ཆག་ཡིན་པ་ལས་སྔོན་བོད་མི་ཚོས་དཀར་ཆུ་དང་ཤ་དང་རི་སྐྱེས་སྔོ་རིགས་སོགས་སྤགས་ཡར་བརྟེན་བའི་འཚོ་བའི་གོམས་གཤིས་རྗེས་སུ་དཔོག་པ། བོད་མི་གཞོན་རབས་ཚོས་རྒན་རབས་ཉེ་ཆེ་ཆུང་རིས་སུ་མ་ཆད་པར་སྤོ་བོ་རྨོ་བོ་དང་ཨ་ཁུ་ཨ་ནེ་དང་ཨ་ཇོ་ཨ་ཞེ་ཞེས་འབོད་པ་ལས་གྲོང་མི་འཆམ་མཐུན་གྱི་སྲོལ་བཟང་མཚོན་པ་སོགས་མཐའ་ཀླས་སོ། །མདོར་ན། སྙན་ངག་མེ་ལོང་ལས། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་པ་ལྟར། སྐད་ལ་བརྟེན་ནས་བསྐལ་དོན་དུ་གྱུར་པའི་ཤེས་བྱའི་སྒྲོ་འདོགས་དུ་མ་ཆོད་པར་འགྱུར་བས། མིའི་རིགས་རིག་པས་ཀྱང་ཡིག་ཐོག་གི་དཔྱད་གཞི་དཀོན་པའི་མི་རིགས་དག་གི་ལོ་རྒྱུས་ཞིབ་འཇུག་བྱེད་དུས། ངག་ཐོག་གི་དཔྱད་གཞི་གཙིགས་སུ་འཛིན་ཞིང་དེ་ནི་རིག་དངོས་དང་འགྱུར་རྡོ་སོགས་དང་ནུས་མཚུངས་སུ་བརྩིའོ། ། དེ་བཞིན་རང་རེ་ལ་ལྐོག་ཏུ་གྱུར་པའི་འདས་སོང་གི་རིག་གནས་ཤུལ་རྗེས་མང་པོ་ཞིག་ཡུལ་ལུང་ག་གེ་མོའི་ངག་ཐོག་གི་མིང་བརྡ་དང་གཏམ་དཔེ་དང་གཏམ་རྒྱུད་སོགས་ཀྱི་ནང་དུ་བག་ཉལ་དུ་ཡོད་སྲིད་ཅིང་། ནམ་ཞིག་སྐད་ནུབ་པ་དང་ཤེས་བྱའི་སྒྲོ་འདོགས་གཅོད་བྱེད་ཀྱི་དཔྱད་གཞི་དེ་དག་ཀྱང་མཚུངས་ལྡན་དུ་ནུབ་ཏེ། འདས་སོང་ཤེས་རིག་གི་ཤུལ་ལམ་དང་ཉམས་མྱོང་འཚོལ་འདོད་རྣམས་བློ་ཕམ་བཞིན་ལུས་ངེས་སོ། །
    ཕྱོགས་གཞན་ཞིག་ནས་བཤད་ན། རིག་གནས་ཀྱིས་སྐད་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པ་སྟེ། མི་རྣམས་འཚོ་བ་སྐྱེལ་སྟངས་དང་ཐོན་སྐྱེད་ཀྱི་རྣམ་པ་དང་སྤྱི་ཚོགས་ཀྱི་སེམས་ཁམས་དང་འགྲོ་ལུགས་སོགས་ཀྱིས་མིང་བརྡ་ཐ་སྙད་ཀྱི་གྲུབ་ཚུལ་དང་ཚིག་སྦྱོར་གྱི་བརྡ་སྤྲོད་ཁྱད་ཆོས་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། དེ་བཞིན་རིག་གནས་མི་འདྲ་བ་ཕན་ཚུན་ཟླ་འབྲེལ་བྱེད་པ་ན་སྐད་བརྡ་འཐུས་ཚང་དང་ཕུན་ཚོགས་སུ་བཏང་བའམ། མིང་བརྡ་སྒྲ་ཟུར་ཆག་པ་དང་སྐད་འདྲེས་མ་དང་སྐད་ཚབ་ཞུགས་ཏེ་ཕ་སྐད་ནུབ་པ་སོགས་སྐད་ལ་དར་རྒུན་གྱི་རྐྱེན་སྣ་ཚོགས་བྱུང་བས། རིག་གནས་ལ་ཤ་ཚ་ཞིང་ཕ་སྐད་ཀྱི་རིན་ཐང་མཁྱེན་པའི་དཔྱོད་ལྡན་རྣམས་ཀྱིས། རིག་གནས་གསར་པ་དང་སྐད་རིགས་གསར་པ་སློབ་སྦྱོང་དང་སྦྲགས་རང་གི་ཕ་མེས་ཀྱི་རིག་གནས་དང་རང་གི་ཕ་སྐད་བློས་མི་གཏོང་བར་དེ་ཉིད་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གྱི་ཐབས་ལ་འབད་དེ། རྒྱལ་ཁམས་སྤྱི་འགྲོས་ཀྱི་རིག་གནས་དང་རང་རིགས་སྲོལ་རྒྱུན་གྱི་རིག་གནས་གཉིས་ཀ་ལེགས་པར་བསླབས་ཏེ་དངོས་པོ་དང་བསམ་པའི་དཔལ་ཡོན་གཉིས་ལྡན་གྱི་ཕྱོགས་སུ་འབད་འོས་སོ། ། དེ་ལྟར་བྱུང་ན། སྤྱིར་མིའི་རིགས་དང་སྒོས་སུ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་རིག་གནས་དང་སྐད་ཡིག་གི་མེ་ཏོག་ལྡུམ་ར་འདི་ཉིད་སྔར་ལས་མཛེས་ཤིང་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཡིད་སྨོན་གྱི་མཆོད་སྤྲིན་འབུལ་ཡུལ་དུ་གྱུར་ཅིང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་རིག་གནས་བྱེད་ཕྱོགས་ཀྱི་ལྗོན་བཟང་རྩ་བ་བརྟན་པོ་ཤར་ཕྱོགས་ཀྱི་འཛིན་མའི་ཁྱོན་ན་བཙུགས་ཏེ། སྟོབས་འབྱོར་མངའ་ཐང་ལྡན་པའི་མི་རིགས་མང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་འདིས་དེང་རབས་དང་སྲོལ་རྒྱུན་རིག་གནས་ཀྱི་གཤོག་ཟུང་ཡངས་པོར་བརྐྱངས་ནས་དུས་རབས་ཉེར་གཅིག་པའི་གནམ་འཕང་གཅོད་པར་ཚམ་ཚོམ་ཅི་ཞིག་མཆིས་ཞེས་དུས་དང་བསྟུན་པའི་སྐད་ཆ་སྨྲས་སོ། །
·རྩོམ་ཡིག་གོང་མ:དགྱེས་བསྟོད་ཡིད་འཕྲོག་གླིང་བུ།
·རྩོམ་ཡིག་འོག་མ:གཞས་ཚིག སྙིང་གི་མཛའ་མོ །
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 13:24:06 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:19:40 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 2:15:08 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS