ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
 རྩོམ་ཡིག་ཀློག་པ།

དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ།༢

  རྩོམ་པ་པོ:འཇིགས་མེད་བློ་གྲོས་རྒྱལ་མཚན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2229ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/12/6 9:44:33ཚོགས་ཡར་སྤྲོད:admin

དུས་རབས་ཉེར་གཅིག་པའི་ཐེག་ཆེན་པ་ཞིག་གི་གཏམ།༢

 
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
 
པོད་ཕྱི་མ།
 
༼ བདུན།༽
སྙིང་རྗེ་དང་བྱང་སེམས་གོང་ནས་གོང་དུ་འཕེལ་ཐབས།
   དེ་ལྟར་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན།   ད་སྐྱེས་ཟིན་དེ་ཉིད་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་འབད་དགོས་ཤིང་།    དེ་ཡང་ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་ལས་གསུངས་པ་ལྟར།    སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དྲན་པའི་སྒོ་ནས།།   སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།    བྱང་ཆུབ་བར་ཏུ་བདག་ནི་སྐྱབས་སུ་མཆི།།   བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།།   འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག།  ཅེས་བྱ་བ་འདི་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཏོན་པའམ།   ཡང་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ལུགས་བཞིན་དཔལ་སྤྲུལ་རྡོ་རྗེ་འཆང་སོགས་ཀྱིས་རྒྱུན་ཏུ་ཕྱག་བཞེས་མཛད་པའི།   ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར།། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། ཆོས་དང་བྱང་ཆུབ་སེམས་དཔའ་ཡི།། ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི།། ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས།། བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། དེ་བཞིན་འགྲོ་ལ་ཕན་དོན་དུ།། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌།། དེ་བཞིན་དུ་ནི་བསླབ་པ་ལའང༌།། རིམ་པ་བཞིན་ཏུ་བསླབ་པར་བགྱི།། ལན་གསུམ་གྱི་ཐ་མའི་བསླབ་པར་བགྱི་ཞེས་པའི་སྐབས་སུ་བྱང་ཆུབ་སེམས་དཔའི་སྡོམ་པ་རང་རྒྱུད་ལ་ལེགས་པར་ཐོབ་པའམ་སྔར་བླངས་པ་ཡོད་ན་དེ་ཉིད་ཇེ་བརྟན་དུ་སོང་བར་དམིགས་ལ། ༈ དེང་དུས་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ།། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་ད་གྱུར་ཏོ།། ད་ནི་བདག་གིས་ཅི་ནས་ཀྱང༌།། རིགས་དང་མཐུན་པའི་ལས་བརྩམས་ཏེ།། སྐྱོན་མེད་བཙུན་པའི་རིགས་འདི་ལ།། རྙོག་པར་མི་འགྱུར་དེ་ལྟར་བྱ།། ལོང་བས་ཕྱག་དར་ཕུང་པོ་ལས།། ཇི་ལྟར་རིན་ཆེན་རྙེད་པ་ལྟར།། དེ་བཞིན་ཇི་ཞིག་ལྟར་སྟེས་ནས།། བྱང་ཆུབ་སེམས་འདི་བདག་ལ་སྐྱེས།། བདག་གི་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་དང༌།། གོང་ནས་གོང་དུ་འཕེལ་བར་ཤོག། བྱང་ཆུབ་སེམས་དང་མི་འབྲལ་ཞིང༌།། བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌།། སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌།། བདུད་ཀྱི་ལས་རྣམས་སྤངས་བར་ཤོག། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག། མགོན་པོ་ཡིས་ནི་གང་དགོངས་པ།། སེམས་ཅན་རྣམས་ལའང་དེ་འབྱོར་ཤོག། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག། ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བར་ཤོག། བྱང་ཆུབ་སེམས་དཔའ་གང་ན་སུ་་བཞུགས་པ།། དེ་དག་ཀུན་གྱི་སྨོན་ལམ་མྱུར་འགྲུབ་ཤོག། ཅེས་པ་འདི་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་དུ་མ་ཆད་པར་བཏོན་ཅིང་།  དོན་ཡིད་ལ་དྲན་པར་བྱས་ན།   སྔར་རང་གི་རྒྱུད་ལ་སྐྱེས་ཟིན་པའི་སྙིང་རྗེ་དང་བྱང་སེམས་ཉིན་རེ་བཞིན་གོང་ནས་གོང་དུ་འཕེལ་བ་ཡིན་ཞིང་།
   གཞན་ཡང་མངའ་རིས་ཀྱི་པཎ་ཊི་ཏ་པདྨ་དབང་གི་རྒྱལ་པོས།  སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལྟར།།   གང་བྱེད་རིགས་མཐུན་ཚིག་གིས་སྨོན་ལམ་འདེབས།།  ཅེས་གསུངས་པ་བཞིན།   སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས།   ཁང་པའི་ནང་དུ་འཇུག་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཐར་བའི་གྲོང་ཁྱེར་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ།།     ཉལ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཆོས་སྐུ་ཐོབ་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ།།  རྨི་ལམ་རྨི་བ་ན་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་གྱུར་ཅིག་སྙམ་དུ་སེམས་བསྐྱེད་དོ།།   སྨད་གཡོག་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་བླ་ན་མེད་པ་དང་ལྡན་ཞིང་དགེ་བའི་རྩ་བ་ཤིན་ཏུ་བརྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།  སྐ་རགས་བཅིང་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་མི་འཁྲུག་པའི་ཆོས་ཅན་ཏུ་གྱུར་ཏེ་དགེ་བའི་རྩ་བ་དང་ཤིན་ཏུ་འབྲེལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།   བླ་གོས་གྱོན་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ཐབས་ཀྱི་ཁྱད་པར་གྱི་ཕ་རོལ་དུ་ཕྱིན་པ་ཐོབ་སྟེ།  གོང་ནས་གོང་དུ་དགེ་བའི་རྩ་བ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།
   དབེན་པར་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་།   ཞེ་སྡང་དང་། གཏི་མུག་སྤངས་ཏེ་སྡིག་པའི་ཆོས་ཐམས་ཅད་སྤངས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།    ཆུ་ངོགས་སུ་འགྲོ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཤིན་ཏུ་འབྱུང་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།   གཙང་སྦྲའི་ལས་བྱེད་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་དག་པའི་དངོས་པོས་གཙང་ཞིང་ངེས་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།    ལག་པ་བཀྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བཟུང་བའི་ཕྱིར་བཀྲ་ཤིས་ཀྱི་ལག་པ་དང་ལྡན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།  ངོ་བཀྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཤིན་ཏུ་ཉོན་མོངས་པ་དང་བྲལ་ཞིང་། ཆོས་ཐམས་ཅད་ཀྱི་སྒོ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།   ལམ་དུ་ཞུགས་པའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཕྱིན་ཅི་མ་ལོག་པར་འགྲོ་ཞིང་།   སངས་རྒྱས་ཀྱི་ལམ་དུ་ཞུགས་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།    ཤིང་ཚེར་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་མེད་ཅིང་ཚེར་མ་ཐམས་ཅད་དང་བྲལ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། ཤིང་ལོ་མ་ཅན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་བསམ་གཏན་དང་རྣམ་པར་ཐར་བ་དང་།  ཏིང་ངེ་འཛིན་དང་སྙོམས་པར་ཞུགས་པ་དག་གིས་རབ་ཏུ་གཡོག་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།    མེ་ཏོག་གི་ཤིང་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་མེ་ཏོག་ཤིན་ཏུ་རྒྱས་པར་གྱུར་ཅེས་སེམས་བསྐྱེད་དོ།།    ཟམ་པ་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་སྐྱེ་བོ་ཐམས་ཅད་ཡོངས་སུ་བསྒྲལ་བ་ལ་ཟམ་པ་དང་འདྲ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།    ཁ་ཟས་ཟ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཆོས་ལ་དགའ་བ་དང་རབ་ཏུ་དགའ་བས་ཡོངས་སུ་རྒྱས་ཤིང་བསམ་གཏན་གྱི་ཟས་ཟ་བར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།  མཆོད་རྟེན་མཐོང་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་འགྲོ་བ་ཀུན་གྱིས་མཆོད་པར་འོས་ཤིང་མཆོད་རྟེན་ལྟ་བུར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།།   རྐང་པ་བཀྲུ་བའི་ཚེ་བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་དྲི་མ་མེད་པའི་མཐར་ཕྱིན་ཅིང་རྫུ་འཕྲུལ་གྱི་རྐང་པའི་ཕ་རོལ་དུ་ཕྱིན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དོ།། 
ཅེས་སོགས་གསུངས་པའི་ཚུལ་ལྟར་རང་གི་ཉིན་རེའི་བསམ་སྤྱོད་ཐམས་ཅད་ལ་དེ་དང་རིགས་མཐུན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སེམས་བསྐྱེད་པ་དང་།    སྨོན་ལམ་གྱིས་ཟིན་པར་བྱས་ན།  རང་རྒྱུད་ཀྱི་སྙིང་རྗེ་དང་བྱང་སེམས་དབྱར་གྱི་ལོ་ཏོག་ལྟར་མགྱོགས་ཚད་ཤིན་ཏུ་མྱུར་པོས་གོང་ནས་གོང་དུ་འཕེལ་བ་ཡིན་ཏེ།    ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་ཡིན་རུང་གོམས་ན་སླ་བར་འགྱུར་བ་དང་།  ཡར་རྒྱས་འགྲོ་བ་ཆོས་ཉིད་ཡིན་པའི་ཕྱིར་རོ།།   
   ཡིག་ཚོགས་མང་པ་ལ་འཇིགས་ནས་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་གང་གསུངས་པ་རྣམས་ཡོངས་རྫོགས་འདིར་འགོད་ཐབས་མ་བྱུང་ཡང་།   མདོ་སྡེ་ཕལ་བོ་ཆེའི་ལེའུ་བཅུ་དྲུག་པར་བཞུགས་པས་དོན་གཉེར་ཅན་རྣམས་ཀྱིས་དེར་བལྟ་བར་བྱ་ཞིང་།    དུས་ཚོད་བྱུང་ན་ཕྱིས་སུ་ཡིག་རིགས་གཞན་དུ་བསྒྱུར་ཀྱང་ཆོག་པ་ཡིན།
༼བརྒྱད།༽
སྐྱེ་བ་རྗེས་མར་ཉམས་ལེན་གྱི་འཕྲོ་ཇི་ལྟར་མཐུད་ཚུལ།
    ཚེ་ལུས་གཅིག་གིས་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་ཤིན་ཏུ་དཀའ་བར་བརྟེན།   བདེ་ནས་བདེ་བར་འགྲོ་བའི་གང་ཟག་གཅིག་ལ་མཚོན་ན།   ཚེ་འདིར་སངས་རྒྱས་ཀྱི་གོ་འཕང་ཐོབ་མ་ཐུབ་ན་སྐྱེ་བ་རྗེས་མ་རྣམས་སུ་ཉམས་ལེན་གྱི་འཕྲོ་མཐུད་དགོས་པ་སྨྲོས་མེད་ཡིན།    དེས་ན་སྐྱེ་བ་རྗེས་མར་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་གཙོ་བོར་གྱུར་པའི་ཉམས་ལེན་གྱི་འཕྲོ་ཇི་ལྟར་མཐུད་དགོས་སམ་ཞེ་ན།   སྐྱེ་བ་རྗེས་མར་ཉམས་ལེན་གྱི་འཕྲོ་མཐུད་པ་ལ་ཐོག་མར་སྐྱེ་བ་ཕུན་སུམ་ཚོགས་པ་ཞིག་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།   དེ་ཡང་མདོ་སྡེ་རྒྱན་ལས།   བློ་ལྡན་རྣམས་ཀྱིས་ལས་དང་ནི།།   གཞན་ཡང་སྨོན་ལམ་དག་དང་ནི།།    ཏིང་ངེ་འཛིན་དང་དབང་འབྱོར་བའི།།   དབང་གིས་སྐྱེ་བར་འདོད་པ་ཡིན།   ཞེས་བྱང་ཆུབ་སེམས་དཔའ་རྣམས་རྒྱུ་བཞིས་སྒོ་ནས་སྲིད་པར་སྐྱེ་བ་ལེན་པར་གསུངས་པ་ལས།  ང་ཚོ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ལ་ཏིང་ངེ་འཛིན་དང་།   དབང་འབྱོར་བའི་སྟོབས་ཀྱིས་སྐྱེ་བ་ལེན་པའི་ནུས་པ་མེད་ཅིང་། གལ་ཏེ་ལས་ཀྱི་དབང་གིས་སྐྱེ་བ་ལེན་ཤོར་ན།    སྐྱེས་རབས་ལས།   ལས་དང་ལས་ཀྱི་འབྲས་བུ་བསམ་མི་ཁྱབ།།   སྙིང་རྗེའི་བདག་ཉིད་ཅན་ཡང་དུད་འགྲོར་སྐྱེ།།   ཞེས་གསུངས་པ་ལྟར་དུད་འགྲོའི་སྐྱེ་གནས་སོགས་སུ་ཡང་མི་སྐྱེ་བའི་ངེས་པ་མེད།   དེས་ན་རང་ཉིད་ཀྱི་སྐྱེ་བ་རྗེས་མ་སྨོན་ལམ་གྱི་སྟོབས་ཀྱིས་འཛིན་པ་ཆེས་ཧ་ཅང་གི་གལ་ཆེན་པོ་ཡིན།
དེ་ཡང་སྐྱེ་བ་རྗེས་མར་དགེ་བའི་བཤེས་གཉེན་དང་མ་འཕྲད་ན་བྱང་ཆུབ་སེམས་དཔའི་ལམ་མི་ཤེས།    བྱང་ཆུབ་ཀྱི་སེམས་དང་མི་ལྡན་ན་སངས་རྒྱས་ཀྱི་གོ་འཕང་ལ་མི་བསྙེག    ཤེས་རབ་མེད་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དོན་མི་གོ    ནད་པར་སྐྱེས་ན་རྒྱས་འགྱུར་གྱི་རིགས་སད་པ་ལ་བར་ཆད་འབྱུང་།   གཟུགས་ངན་པར་སྐྱེས་ན་སྐྱེ་བོ་རྣམས་རང་བཞིན་གྱིས་མི་དགའ་བས་གཞན་དོན་བསྒྲུབ་པ་ལ་སྟོབས་ཤུགས་ཞན།    སྙིང་སྟོབས་ཆེན་པོ་མེད་ན་བྱང་ཆུབ་ཏུ་སེམས་བསྐྱེད་མི་ནུས་ཤིང་བྱང་ཆུབ་སེམས་དཔའི་ལམ་ལ་སློབ་མི་ནུས།    དེར་བརྟེན་ཁྱེད་ཀྱིས་ཚོགས་ཆེ་ཆུང་གང་ཞིག་བསགས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྒོ་ནས།   བདག་གིས་ཚོགས་བསགས་པ་འདིའི་བསོད་ནམས་ཀྱི་མཐུ་ལ་བརྟེན་ནས་སྐྱེ་བ་རྗེས་མ་རྣམས་སུ་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་ཅིང་།    བྱང་ཆུབ་ཀྱི་སེམས་དང་ལྡན་པ།    ཕུལ་དུ་བྱུང་བའི་ཤེས་རབ་དང་ལྡན་པ།    གཟུགས་བཟང་ཞིང་ནད་མེད་པ།     བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་སློབ་ནུས་པའི་སྤོབས་པ་ཆེན་པོ་དང་ལྡན་པའི་ལུས་སུ་སྐྱེ་བར་གྱུར་ཅིག  སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་ཏུ་གྱུར་ཅིག  གྲོགས་མེད་པ་རྣམས་ཀྱི་གྲོགས་སུ་གྱུར་ཅིགཅེས་སོགས་དང་།  སེམས་ཅན་རྣམས་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག ཅེས་སོགས་ཀྱི་སྨོན་ལམ་འདེབ་དགོས་ཤིང་།    དེ་ལྟར་སྨོན་ལམ་བཏབས་ན་སྨོན་ལམ་གྱི་འབྲས་བུ་ངེས་པར་སྨིན་པ་ཡིན་ཏེ།     གལ་ཏེ་སྐྱ་རེངས་འཆར་བའི་རྗེས་སུ་ཉི་མ་མི་ཤར་བར་ཕྱིར་ལྡོག་པར་འགྱུར་བའམ།   ཆུ་ཀླུང་ཆེན་པོ་བབས་པ་རང་ཤུགས་ཀྱིས་ཕྱིར་ལྡོག་སྟེ་འགྲོ་བར་འགྱུར་སྲིད་ན་ཡང་།   བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྨོན་ལམ་ནི་འབྲས་བུ་མི་སྨིན་པར་སླར་ལྡོག་ པ་དུས་ནམ་ཡང་མི་སྲིད་དོ།།   ཞེས་རྒྱ་ཆེར་རོལ་བའི་མདོ་ལས་སངས་རྒྱས་རང་ཉིད་ཀྱིས་དངོས་སུ་གསུངས་ཡོད་དོ།།
གཞན་ཡང་ལམ་སྒྲོན་ལས།    བྱང་ཆུབ་སྨོན་པའི་སེམས་དག་བསྐྱེད་ནས་ནི།།   འབད་པ་མང་པོས་ཀུན་དུ་སྤེལ་བྱ་ཞིང་།།  འདི་ནི་སྐྱེ་བ་གཞན་དུ་འང་དྲན་དོན་དུ།།   ཇི་སྐད་བཤད་པའི་བསླབ་པའང་ཡོངས་སུ་བསྲུང་།།    ཞེས་གསུངས་པ་ལྟར།    སྐྱེ་བ་ཕྱི་མ་རྣམས་སུ་བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲན་པའི་ཆེད་དུ།    ཚེ་འདིར་ཡང་རང་གི་བློའི་ནུས་པ་དང་བསྟུན་པའི་བྱང་ཆུབ་སེམས་དཔའི་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་བཟུང་ཞིང་།    བཟུང་ནས་མིག་གི་འབྲས་བུ་ལྟར་དུ་བསྲུང་བ་ཡང་གནད་འགག་ཤིན་ཏུ་ཆེན་པོ་ཡིན་ཏེ།    རྒྱ་བོད་ཀྱི་བླ་མ་དགེ་བའི་བཤེས་གཉེན་མང་པོ་ཞིག་སྐུ་འཁྲུངས་ཙམ་ཉིད་ནས་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་མངའ་ཞིང་།    སུས་ཀྱང་བསྐུལ་བ་མེད་པར་བྱིས་པའི་དུས་ནས་རང་ཤུགས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གཞོལ་བ་ཡང་།   སྐུ་ཚེ་སྔ་མའི་བགས་ཆགས་ཀྱི་དབང་གིས་བྱུང་བ་ཤ་སྟག་ཡིན་ནོ།།   
གཞན་ཡང་ཁོ་བོ་ཅག་གི་རིགས་བདག     བཀའ་དྲིན་གཞལ་མེད་ཀྱི་བླ་མ་དམ་པ་ཆོས་རྗེ་ཡིད་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་ལ།   སྔོན་གྱི་གཏེར་ལུང་དུ་མ་ནས་འབྲེལ་ཚད་བདེ་བ་ཅན་གྱི་ཞིང་དུ་འཁྲིད་པར་ལུང་བསྟན་པ་ལྟར།    སྐུ་ཚེའི་སྨད་ལ་བདེ་ཅན་ཞིང་ཁྲིད་ཀྱིས་འགྲོ་དོན་གཙོ་བོར་མཛད་ཅིང་།   ད་ལྟའི་སྐབས་སུ་ཡང་ཐུགས་སྲས་བུ་ཆེན་རྣམས་ཀྱིས་བདེ་ཅན་ཞིང་ཁྲིད་ཀྱིས་སེམས་ཅན་གྱི་དོན་གཙོ་བོར་མཛད་པའི་རྒྱུ་མཚན་ནི།   གང་ཟག་སུ་ཞིག་གིས་རྟེན་ཚོགས་ཞིང་གསལ་འདེབས་དང་། རྒྱུ་ཚོགས་གསོག་སྒྲིབ་སྦྱངས།    རྐྱེན་སྨོན་ལམ་རྣམ་དག   གྲོགས་བྱང་ཆུབ་སེམས་བསྐྱེད་བཅས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་པོ་ཚུལ་བཞིན་དུ་བསྒྲུབ་ན་བདེ་བ་ཅན་གྱི་ཞིང་དུ་ངེས་པར་དུ་སྐྱེ་ལ།    བདེ་བ་ཅན་གྱི་ཞིང་དུ་སྐྱེས་ན་ད་ལྟའི་དད་པ་དང་།  ད་ལྟའི་ཤེས་རབ་ལྟ་བུ་ཞིག་མ་ཡིན་པར།   འཕགས་པའི་གང་ཟག་རྣམས་དང་ཆ་འདྲ་བའི་དད་པའི་དབང་པོ་དང་།  ཤེས་རབ་ཀྱི་དབང་པོ་ཐོབ་ཅིང་། སངས་རྒྱས་དངོས་ལས་ཆོས་ཉན་པའི་སྐལ་བ་དང་ལྡན་པས་ས་ལམ་གྱི་མངོན་རྟོགས་ཐམས་ཅད་མྱུར་དུ་རྫོགས་པ་ཡིན།    གཞན་ཡང་ཆགས་མེད་བདེ་སྨོན་ལས།     རྫུ་འཕྲུལ་ཐོགས་པ་མེད་པ་ཡིས།།    མངོན་དགའི་ཞིང་དང་དཔལ་ལྡན་ཞིང་།།  ལས་རབ་རྫོགས་དང་སྟུག་པོ་བཀོད།།  སྔ་དྲོ་དེ་དག་རྣམས་སུ་འགྲོ།།   མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ།།   རྣམ་སྣང་ལ་སོགས་སངས་རྒྱས་ལས།། དབང་དང་བྱིན་རླབས་སྡོམ་པ་ཞུ།།  མཆོད་པ་དུ་མས་མཆོད་བྱས་ནས།།   དགོང་མོ་བདེ་བ་ཅན་ཉིད་དུ།། དཀའ་ཚེགས་མེད་པར་སླེབས་པར་ཤོག།    པོ་ཊ་ལ་དང་ལྕང་པོ་ཅན།།    རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ།། སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱར།།   སྤྱན་རས་གཟིགས་དང་སྒྲོལ་མ་དང་།།   ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ།།   མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད།།   དབང་དང་གདམས་ངག་ཟབ་མོ་ཞུ།།   མྱུར་ཏུ་རང་གནས་བདེ་ཆེན་ཞིང་།།    ཐོགས་པ་མེད་པར་ཕྱིན་པར་ཤོག    ཅེས་གསུངས་པ་ལྟར་རྫུ་འཕྲུལ་གྱི་སྟོབས་ལ་བརྟེན་ནས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་དྲུང་དུ་ཆོས་ཉན་པར་འགྲོ་བ་དང་།     དེ་ལ་བརྟེན་ནས་གཟུངས་དང་།   ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དཀའ་ཚེགས་མེད་པར་ཐོབ་པ་ཡིན་པས།   སོ་སོའི་སྐྱེ་བོ་རྣམས་ཀྱིས་བདེ་ཅན་གྱི་ཞིང་དུ་སྐྱེ་བའི་རྒྱུ་ཚོགས་བསྒྲུབ་པ་ལས་ལྷག་པའི་ཆོས་བསྒྲུབ་ཚུལ་མེད་ཅེས་གསུངས་ཀྱི་ཡོད།    
 
༼དགུ།༽
བྱང་སྡོམ་ལེན་ཚུལ།
  དེ་ལྟར་ཚེ་འདི་དང་ཕྱི་མ་ཀུན་ཏུ་དགེ་བའི་རྩ་བ་མི་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ཞིང་།   བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཟེར་བ་ནི།    གོང་དུ་བཤད་པ་ལྟར་སེམས་ཅན་རྣམས་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་དུ་དམ་བཅའ་བ་ལ་ཟེར་བ་ཡིན་ཡང་།   དམ་བཅའ་བ་དེ་ཉིད་བརྟན་པོ་ཞིག་ཡོང་ཆེད་ང་ཚོས་ཐོག་མར་བླ་མ་དགེ་བའི་བཤེས་གཉེན་དང༌།  ཡང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་མདུན་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་དག་དངོས་སུ་བཞུགས་ཡོད་སྙམ་པའི་ཀུན་སློང་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བ་གལ་ཆེ་ཞིང༌།    ང་ཚོས་འགྲོ་བ་ཀུན་ལ་སྙིང་རྗེའི་སེམས་ཉེ་བར་བཞག་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བའི་སྐད་ཅིག་དེ་ལ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་མཐའ་མེད་པ་ཐམས་ཅད་དུ། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བར།   རྒྱལ་ཁབ་འདི་དང་།  ས་གནས་འདི་ཞེས་བྱ་བར།  བྱང་ཆུབ་སེམས་དཔའ་འམ་ཡང་ན་བྱང་ཆུབ་སེམས་མ་མིང་འདི་ཞེས་བྱ་བས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར་ཏོ་ཞེས་གྲགས་པར་འགྱུར་ཞིང༌། དེ་ནས་བཟུང་སྟེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཁྱོད་ལ་སྲས་ཀྱི་ཐུ་བོར་དགོངས་པ་དང༌། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁྱོད་ལ་གྲོགས་ཀྱི་དྭངས་མར་དགོངས་པ་ཡིན་པས།  དེ་ལས་ལྷག་པའི་སེམས་དགའ་བ་ཞིག་གང་དུ་ཡོད།
བྱང་ཆུབ་སེམས་དཔའི་སྡོམ་པ་རང་གི་རྒྱུད་ལ་ལེན་ཚུལ་དང༌། བླངས་ནས་སྡོམ་པ་སྲུང་ཚུལ་ལ་ཟབ་མོ་ལྟ་སྲོལ་དང༌། རྒྱ་ཆེན་སྤྱོད་སྲོལ་གཉིས་ཡོད་ཅིང༌། ཟབ་མོ་ལྟ་སྲོལ་ནི་སངས་རྒྱས་བཅོམ་ལྡན་འདས་ནས་འཕགས་པ་འཇམ་དཔལ་ལ་བརྒྱུད་པ་མགོན་པོ་ཀླུ་སྒྲུབ་དང༌། ཨརྱཱ་དེ་བ་སོགས་ཀྱིས་བཤད་ཅིང༌།  སེམས་བསྐྱེད་ཀྱི་ཕྱག་བཞེས་ནི་ཞི་བ་ལྷ་དང་ཛེ་ཏཱ་རི་སོགས་ཀྱིས་རྒྱ་ཆེར་སྤེལ་བ་དང༌། རྒྱ་ཆེན་སྤྱོད་སྲོལ་ནི་བཅོམ་ལྡན་འདས་ནས་རྒྱལ་ཚབ་བྱམས་པ་མགོན་པོ་ལ་བརྒྱུད་པ་འཕགས་པ་ཐོགས་མེད་སྐུ་མཆེད་དང༌། དེ་ནས་ཕྱོགས་ཀྱི་གླང་པོ་དང་ཙན་དྲ་གོ་མི་སོགས་ཀྱིས་རྒྱ་ཆེར་སྤེལ་ཅིང༌། སེམས་བསྐྱེད་ཀྱི་ཕྱག་བཞེས་ནི་བོད་གངས་གྱི་ལྗོངས་སུ་ཇོ་བོ་དི་པཾ་ཀ་རས་སྤེལ་བར་མཛད་པ་ཡིན་ནོ།།
དེ་ལྟ་བུའི་ལུགས་གཉིས་པོ་གང་ལྟར་ཡང་།   བྱང་ཆུབ་སེམས་དཔའི་སྡོམ་པ་དངོས་སུ་ནོད་པའི་བླ་མ་བཞུགས་ན་ནི།   སྲོལ་གཉིས་གང་གི་ལུགས་ལྟར་བྱེད་ཀྱང་བླ་མ་རང་གིས་སེམས་བསྐྱེད་འབོག་ཆོག་གི་ཕྱག་བཞེས་ཀྱི་འགན་ཁུར་བ་ཡིན་པས།    བླ་མས་གསུངས་བཞིན་བསྒྲུབ་པས་འཐུས་ལ།    བླ་མ་མི་བཞུགས་ན་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་བརྙན་གྱི་མདུན་ནས་སྡོམ་པ་རང་གིས་ལེན་ཆོག་པ་དང་། ཁྱད་པར་དུ་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་ནང་རྟེན་དུ་བཞུགས་པའི་ཇོ་བོ་བྱང་ཆུབ་ཆེན་པོ་སོགས་རྟེན་བྱིན་ལྡན་རྣམས་ཀྱི་སྐུ་དྲུང་ནས་སྡོམ་པ་བླངས་ན།    རྒྱུད་ལ་ཡེ་ཤེས་པའི་བྱིན་རླབས་འཇུག་པའི་ཁྱད་པར་ཆེན་པོ་ཡོད་ཚུལ་གསུངས་པ་ཡོད་ཅིང་། གལ་ཏེ་སྐུ་བརྙན་ཙམ་ཡང་མི་འཛོམས་ན་རྒྱལ་བ་སྲས་དང་བཅས་པ་མདུན་གྱི་ནམ་མཁར་དངོས་སུ་བདག་ལ་དགོངས་ཤིང་གསན་ནས་བཞུགས་ཡོད་སྙམ་པའི་ཀུན་སློང་གིས་བྱང་སྡོམ་ལེན་ཆོག་པ་ཡིན། འོན་ཀྱང་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུ་བླ་མ་དངོས་སུ་བཞུགས་པ་ཉིད་གཙོ་ཆེ་བར་གསུངས་པས། དང་པོ་བླ་མ་དངོས་སུ་ཡོད་པའི་ལུགས་ལྟར་བྱས་ཤིང་།   དེ་ནས་གོང་དུ་སྨྲོས་ཟིན་ལྟར་ཉིན་ལན་གསུམ་མཚན་ལན་གསུམ་སོགས་སུ་བྱང་སྡོམ་ཡང་ཡང་ལེན་སྐབས་སྐུ་བརྙན་སོགས་ཀྱི་མདུན་ནས་བླངས་ཀྱང་ཆོག་པ་ཡིན།
དེ་ལྟར་བླ་མ་དངོས་སུ་ཡོད་པའི་དབང་དུ་བྱས་ན།  བྱང་ཆུབ་སེམས་དཔའི་སྡོམ་པའི་བརྒྱུད་པ་ནི།    བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ནས་རིམ་པར་རྒྱལ་སྲས་འཇམ་དཔལ་དབྱངས་དང་།  རྒྱལ་ཚབས་བྱམས་པ་མགོན་པོ།   དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད་སོགས་རྒྱ་གར་འཕགས་པའི་ཡུལ་དང༌། བོད་གངས་ཅན་གྱི་ལྗོངས་སུ་སྟོན་པ་དངོས་དང་མཚུངས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་རིམ་པར་བརྒྱུད་ནས། ད་ལྟའི་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱ་མཚོ་ལྟ་བུའི་ཚིག་དང་དོན་གྱི་བཀའ་ཡོངས་སུ་བབ་པ་སྟེ།  འཇིག་རྟེན་ན་ངོ་མཚར་རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།    འཕགས་པ་འཇིག་རྟེན་དབང་ཕྱུག་མིའི་གཟུགས་སུ་བྱོན་པའི་སྐྱེས་མཆོག་དམ་པ་འདི་ལས་གནས་མཆོག་རྡོ་རྗེ་གདན་དང་།     རྡ་རམ་ས་ལ།    རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སོགས་སུ་ཁོ་བོ་ཅག་གིས་ལན་གྲངས་དུ་མར་ཕ་ནོར་བུ་ཡིས་བླངས་བའི་སྐལ་བཟང་མངོན་དུ་གྱུར་བ་ཡིན་ནོ།།
གཞན་ཡང་བདག་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འཇིགས་མེད་བློ་གྲོས་རྒྱལ་མཚན་གྱིས།
ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་།     གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ།    ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ།   མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེ། མཁན་ཆེན་ཕྲིན་ལས་དབང་རྒྱལ།   མཁན་ཆེན་པདྨ་དབང་རྒྱལ།    མཁན་ཆེན་པདྨ་མ་ཏི།   མཆོག་སྤྲུལ་བཤད་སྒྲུབ་བསྟན་པའི་ཉི་མ་རིན་པོ་ཆེ་སོགས་ཐུགས་བསྐྱེད་རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྷག་ལས།    སྲོལ་གཉིས་རང་རང་གི་ལུགས་ཀྱི་ཆོ་ག་ཕུན་སུམ་ཚོགས་པས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེགས་པར་བཟུང་ཞིང༌། ཡུམ་རྒྱས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མདོ་སྡེ་རྣམས་དང༌། སངས་རྒྱས་ཕལ་བོ་ཆེ་དང༌། དཀོན་མཆོག་བརྩེགས་པ་ཆེན་པོ། འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཕྱོགས་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མདོ་སྡེ་རིན་པོ་ཆེ་རྣམས་ལ་མང་དུ་མཇལ་ཞིང༌། དེ་དག་གི་དགོངས་པ་འགྲེལ་བའི་འཕགས་བོད་ཀྱི་བརྒྱུད་པའི་བླ་མ་རྣམས་ཀྱི་གཞུང་དང་གདམས་ངག་ཀུན་ལ་རང་ནུས་གང་ཡོད་ཀྱིས་སྦྱངས་པ་ཡུན་རིང་པོར་བྱས་པ་ཡིན་པས་།    གལ་ཏེ་ལས་དང་སྐལ་དང་ལྡན་པའི་གང་ཟག་སུ་ཞིག་ཁོ་བོ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྡོམ་པ་ནོད་པར་འདོད་ན་འདིར་ཤོག་དང་སྦྱིན་པར་བྱའོ་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བ་ཡིན་ནོ།།
༼བཅུ།༽
རང་ཉིད་ཀྱི་ལོ་རྒྱུས།
   འདིར་རང་དང་ཆོས་འབྲེལ་ཡོད་པའི་སློབ་མ་རྣམས་ལ་སྤྲོ་བ་བསྐྱེད་པའི་ཕྱིར་རང་ཉིད་ཀྱི་ལོ་རྒྱུས་མདོ་ཙམ་སྨྲོས་ན། ཁོ་བོ་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འཇིགས་མེད་བློ་གྲོས་རྒྱལ་མཚན་ནི། བོད་རབ་བྱུང་བཅུ་དྲུག་པའི་ས་བྱ་ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་ནུབ་མོར། བོད་མདོ་ཁམས་མགོ་ལོག་རྨ་སྨད་དུ་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུའི་ཆོ་འཕྲུལ་ལས་བྱུང་བའི་འཇའ་འོད་སྣ་ཚོགས་ཀྱི་ལྟས་དང་བཅས་ཏེ།  ཀུན་མཁྱེན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པ་དང་སྐྱེ་ལོ་སྐྱེ་ཟླ་སྐྱེས་ཚེས་ཐམས་ཅད་གཅིག་མཚུངས་སུ་སྐྱེས་ཤིང༌།   ཉིན་དེ་ནི་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དགོངས་པ་ཆོས་དབྱིངས་སུ་མནལ་བའི་དུས་ཆེན་ཁྱད་པར་བ་ཞིག་ཀྱང་ཡིན། ཆུང་ངུའི་དུས་ནས་བཟུང་ཚེ་རབས་མང་པོར་གོམས་པའི་བག་ཆགས་ཀྱིས་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་ལྷན་སྐྱེས་སུ་མངའ།   སྐྱེས་ཆེན་དམ་པ་དུ་མས་འཕགས་པའི་དགེ་བསྙེན་དྷརྨཱ་ཏའི་སྐྱེ་སྤྲུལ་དུ་ངོས་འཛིན་གནང་ཞིང༌། རང་ཉིད་ཀྱིས་སོག་བཟློག་པ་བློ་གྲོས་རྒྱལ་མཚན་དང༌། རྒྱ་གར་འཕགས་པའི་ཡུལ་གྱི་བག་ཆགས་མང་པོ་འལ་འོལ་དུ་དྲན།
   ལོ་ངོ་བརྒྱད་པར་རང་ཁྱིམ་དུ་ཀློག་སློབ་པའི་མགོ་བཙུགས་ཤིང༌། རང་ལོ་བཅུ་བདུན་པ་ལ་ནང་བ་སངས་རྒྱས་པའི་ཆོས་ཀྱི་སྒོར་ཐོག་མར་ཞུགས། དེ་ནས་བཟུང་རྨ་ཡུལ་ཁྲ་གླིང་དགོན་ཆེན་དང༌། རྫ་རྒྱུད་ལྕང་མ་རི་ཁྲོད། ཕུ་ཁང་བཤད་གྲྭ་རིགས་པའི་འབྱུང་གནས། བླ་རུང་ཆོས་ཀྱི་གྲོང་ཁྱེར་སོགས་སུ།  ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་། ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ།  མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེ།  མཁན་ཆེན་ཕྲིན་ལས་དབང་རྒྱལ། མཁན་ཆེན་པདྨ་དབང་རྒྱལ།  མཁན་ཆེན་པདྨ་མ་ཏི། མཆོག་སྤྲུལ་བཤད་སྒྲུབ་བསྟན་པའི་ཉི་མ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་དང་།  གླིང་སྤྲུལ་འཇིགས་མེད་ཀུན་བཟང་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་ཉི་ཤུ་ལྷག་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པར་སྦྱངས་པ་ཡུན་རིང་པོར་བྱས་ཤིང༌།    ཁྱད་པར་དུ་ཡུམ་རྒྱས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མདོ་སྡེ་རྣམས་དང༌། སངས་རྒྱས་ཕལ་བོ་ཆེ་དང༌། དཀོན་མཆོག་བརྩེགས་པ་ཆེན་པོ། འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཕྱོགས་ཚུལ་ཁྲིམས་ཀྱི་བསླབ་གཙོ་བོར་སྟོན་པའི་མདོ་སྡེ་རིན་པོ་ཆེ་རྣམས་ལ་མང་དུ་མཇལ་ཞིང༌། མགོན་པོ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད། ཞི་བ་ལྷ་དང་ཙནྡྲགོ་མི། ཇོ་བོ་དི་པཾ་ཀ་ར་སོགས་དཔལ་ན་ལེནྡྲའི་པཎ་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་རྣམས་དང༌། རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང༌། རིག་འཛིན་འཇིགས་མེད་གླིང་པ། མཉམ་མེད་དྭགས་པོ་རིན་པོ་ཆེ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་པ་ཆེན་པོ་སོགས་བོད་གངས་ཅན་ལྗོངས་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཛད་པའི་ལམ་རིམ་ཕལ་མོ་ཆེ་རྣམས་ལ་རང་ནུས་གང་ཡོད་ཀྱིས་ཐོས་བསམ་ཡུན་རིང་པོར་བྱས།
  རང་ལོ༌ཉེར་བརྒྱད་པ་ལ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས།  འཕགས་མཆོག་ཕྱག་ན་པདྨོ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་གསེར་ཞལ་མཇལ་འདོད་ཀྱིས། རྒྱ་ནག་གཞུང་གི་ཕྱི་བསྐྱོད་ལག་ཁྱེར་མེད་སྟབས་གནམ་གྲུ་དང༌། མོ་ཊའི་ནང་ཡོང་ཐབས་མེད་ན་ཡང་ཟླ་བ་གཅིག་ལྷག་གི་རིང་ཁུར་བོ་རྒྱབ་ཏུ་ཁུར།  དབྱུག་པ་ལག་ཏུ་བཟུང་སྟེ། མྱ་ངམ་གྱི་ཐང་དང༌། སྔོ་ལྗང་གི་རི་ལུང༌། དཀན་གཟར་གྱི་བྲག་དང༌། འཇིགས་རུང་གི་གཡང་ས། གཏིང་ཟབ་གྱི་ཆུ་བོ་དང༌། མུན་པ་ཅན་གྱི་ནགས་ཚལ་སོགས་རིམ་པར་བརྒྱུད་དེ། འཛམ་གླིང་ཐོག་གི་རི་རྒྱུད་ཆེས་མཐོ་ཤོས་དང༌། ཆེས་རིང་ཤོས་རི་བོ་ཧི་མ་ལ་ཡ་རྐང་འགྲོས་ཀྱིས་བཅད་ནས་རྒྱ་གར་འཕགས་པའི་ཡུལ་དུ་བདེ་བར་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་དགྱེས་ཞལ་མཇལ་ཞིང༌།   ཡུན་རིང་པོར་བཞུགས་སྒར་རྡ་རམ་ས་ལར་རྒྱུན་སྡོད་བྱས་ཏེ་བཀའ་ལུང་དབང་གསུམ་དཔག་ཏུ་མེད་པ་ཞུས་ཤིང་ཐུགས་ཀྱི་དགྱེས་པ་བསྒྲུབས།
  རང་ལོ༌སོ་གཉིས་པར་རྡོ་རྗེའི་མཁའ་འགྲོ་མ་རྣམས་ཀྱིས་པཎ་ཆེན་གསེར་གླིང་པ་དང༌། ཇོ་བོ་དི་པཾ་ཀ་ར་ལས་བརྒྱུད་པའི་རྒྱུ་འབྲས་མན་ངག་བདུན་གྱི་ཆོས་བཀའ་བབས་པའི་ལུང་བསྟན།  ད་ལྟའི་ཆར་ནུབ་ཕྱོགས་ཨ་མེ་རི་ཀར་ཡེ་ཤེས་སྡེ་ནང་པའི་རིག་གཞུང་ཚོགས་པ་གསར་འཛུགས་ཀྱིས་རྒྱལ་བསྟན་རིན་པོ་ཆེར་སྲི་ཞུ་དང་། རང་གི་ནུས་པ་དང་བསྟུན་པའི་འཆི་ཁ་མའི་སེམས་ཅན་ཉམ་ཆུང་སོགས་མགོན་མེད་རྣམས་ལ་གང་ཕན་བྱེད་བཞིན་སྡོད་མུས་ཡིན་ནོ།།
 
     ༼ བཅུ་གཅིག༽
བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས།
   གོང་དུ་བཤད་པ་ལྟར་བྱང་ཆུབ་སེམས་དཔའི་སྡོམ་པ་ཆོ་གས་བཟུང་ཚར་རྗེས་རང་གི་ངོ་སྐལ་དུ་གྱུར་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཅི་ནུས་ཀྱིས་ངེས་པར་དུ་སློབ་དགོས་པ་ཡིན།  སྤྱིར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ།   ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བས་ཆོས་སྡུད་པའི་ཚུལ་ཁྲིམས། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་ཞེས། རྩ་བ་སྙིང་རྗེ་ཆེན་པོ་ཁོ་ན་དང་འབྲེལ་བའི་ཚུལ་ཁྲིམས་ཁག་མི་འདྲ་བ་གསུམ་ཡོད་ལ།  གསུམ་པོ་རེ་རེ་ལ་ཡང་ནང་གསེས་ཀྱི་དབྱེ་བ་མང་པོ་ཡོད་མོད། ལས་དང་པོ་པ་རྣམས་ལ་སྡོམ་པ་མདོར་བསྡུས་པ་དང༌།   དེ་ནས་དབང་པོ་ཡར་སྨིན་ཞིང་བློའི་ནུས་པ་ཇེ་ཆེར་གྱུར་བའི་སྐབས་སུ་སྡོམ་པ་ཡང་ཇེ་མང་དང་ཇེ་ཟབ་ཏུ་འགྲོ་བ་ཡིན་པས།   རྒྱལ་པོ་ལ་གདམས་པའི་མདོ་ལས།   རྒྱལ་པོ་ཆེན་པོ།   ཁྱོད་ནི་འདི་ལྟར་བྱ་བ་མང་བ་བྱེད་པ་མང་བ་སྟེ།   ཐམས་ཅད་ཀྱིས་ཐམས་ཅད་དུ་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱིས།  དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་།   དད་པ་དང་།   དོན་དུ་གཉེར་བའི་སྨོན་པ་གསུམ་པོ་འགྲོཡང་རུང་།  འདུག་ཀྱང་རུང་།   ཉལ་ཡང་རུང་།  སད་ཀྱང་རུང་།    ཟ་ཡང་རུང་།  བཏུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པས་ཡིད་ལ་བཟུང་སྟེ་སྒོམས་ཤིག   གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག  རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང་།  བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་ཕུལ་ཅིག  ཕུལ་ནས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག   དེ་ནས་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་བར་ཉིན་གཅིག་བཞིན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ཤིག  རྒྱལ་པོ་ཆེན་པོ།   དེ་ལྟར་ན་རྒྱལ་སྲིད་ཀྱང་བྱེད་ལ་རྒྱལ་པོའི་བྱ་བ་ཡང་ཉམས་པར་མི་འགྱུར་ཞིང་།  བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ།།  ཞེས་སྨོན་པ་སེམས་བསྐྱེད་གཅིག་པོ་མ་ཉམས་པར་སྲུང་བས་ཀྱང་། བྱང་ཆུབ་སེམས་དཔའི་སྡོམ་པ་སྲུང་བའི་བསོད་ནམས་ཀྱིས་ཚོགས་རྒྱ་ཆེན་པོ་རྫོགས་པར་སྟོན་པ་རང་ཉིད་ཀྱིས་གསུངས་ཤིང་།  ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་ཀྱང་། གང་ནས་བཟུང་སྟེ་སེམས་ཅན་ཁམས།། མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར།།  མི་ལྡོག་པ་ཡི་སེམས་ཀྱིས་སུ།།   སེམས་དེ་ཡང་དག་བླངས་གྱུར་པ།།   དེང་ནས་བཟུང་སྟེ་གཉིད་ལོག་གམ།།  བག་མེད་གྱུར་ཀྱང་བསོད་ནམས་ཤུགས།།   རྒྱུན་མི་འཆད་པར་དུ་མ་ཞིག།  ནམ་མཁའི་མཐའ་དང་མཉམ་པར་འབྱུང༌།།  ཞེས་སོགས་གསུངས་ཡོད།  འདི་ནི་དེང་སང་གི་སྐྱེ་བོ་བློའི་ནུས་པ་ཆེར་མ་སྨིན་པ་རྣམས་དང་། ཡང་ན་ཁྱིམ་ཚང་གི་འཚོ་ཐབས་དང་།  ཚོང་ལས་སོགས་ཀྱིས་བྲེལ་ཟིང་གིས་ཉམས་ལེན་རྒྱ་ཆེན་པོ་མི་ཁོམ་མཁན་རྣམས་ཀྱིས་ཅིས་ཀྱང་ཤེས་དགོས་པའི་གནད་དམ་པ་ཞིག་ཡིན།   ཡང་སྤྱོད་འཇུག་ལས།  ཚོད་མ་ལ་སོགས་སྦྱིན་པ་ལའང༌།།  འདྲེན་པས་ཐོག་མར་སྦྱོར་བར་མཛད།།  དེ་ལ་གོམས་ནས་ཕྱིས་ནས་ནི།།  རིམ་གྱིས་རང་གི་ཤ་ཡང་གཏོང༌།། ཞེས་གསུངས་པ་ལྟར།  རང་ཉིད་ལས་དང་པོ་པ་ཡིན་པའི་སྐབས་སུ་ཡང་།  རང་གིས་དངོས་སུ་ལག་ལེན་བྱེད་ཐུབ་པའི་ཆ་རྣམས་ནི་ནམ་ལག་ལེན་བྱེད་རྒྱུའི་དུས་ཚོད་བྱུང་ན།  དེ་དུས་འཐུས་ཤོར་མེད་པར་ལག་ལེན་དུ་ཡང་བསྟར་དགོས་པ་ཡིན།   
  གལ་ཏེ་བློའི་ནུས་པ་དང་ལྡན་ཞིང་།   བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཞག་རྒྱས་པར་ཤེས་འདོད་ན་ནི་བསླབ་པ་ཀུན་ལས་བཏུས་པ་དང་། བྱང་ཆུབ་སེམས་དཔའི་ས་སོགས་ལས་ཤེས་པར་བྱ་ཞིང་།    ཡང་ན་ཁོ་བོས་བྲིས་པའི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྣམ་བཤད་སོགས་ཤིན་ཏུ་གོ་སླ་བའི་ངག་གིས་བཤད་པ་རྣམས་ལ་བལྟ་བ་དང་།   སྡེ་སྣོད་མཁྱེན་པའི་བླ་མ་རྣམས་ཀྱི་ཞལ་ལས་ཤེས་པར་བྱའོ།།
       
༼བཅུ་གཉིས།༽
རྒྱུན་གྱི་ཉམས་ལེན་བྱེད་ཚུལ།
   ང་ཚོས་བྱང་ཆུབ་མཆོག་ཏུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མ་ཐོབ་ཀྱི་བར་ཏུ་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་ཉམས་ལེན་ནི་ཆུ་བོའི་རྒྱུན་ལྟར་བར་མ་ཆད་དུ་བྱེད་དགོས་པ་ཡིན། ཆོས་པ་ཞིག་ལ་མཚོན་ན། ལས་ཀ་བྱེད་དུས་ཆོས་བྱེད་ཀྱི་མེད་པ་དང༌། ཆོས་བྱེད་དུས་ལས་ཀ་བསྐྱུར་དགོས་པ་དེ་འདྲ་ཞིག་ལ་གོ་བ་བླངས་ན། ད་དུང་ནང་པ་སངས་རྒྱས་པའི་ཆོས་ཀྱི་གོ་དོན་ཕྱོགས་ཙམ་ཡང་མ་རྟོགས་པ་ཡིན་ཞིང་།  ཆོས་ཀྱི་རྩ་བ་སྙིང་རྗེ་དང་བྱང་སེམས་ཀྱི་སྟེང་དུ་ཡོད་པར་མ་ཤེས་པས་ཡིན།  བྱང་ཆུབ་སེམས་དཔས་ཆོས་ཀྱི་ཉམས་ལེན་བྱེད་ཚུལ་ལ། སྨོན་འཇུག་གི་བསླབ་པ་རྣམས་ལ་ལག་ལེན་ཚུལ་བཞིན་བྱེད་རྒྱུ་ལས་གཞན་མེད་ཅིང༌། སྨོན་འཇུག་གི་བསླབ་པ་རྣམས་ཀྱི་ནང་ནས་བསམ་གཏན་གྱི་ཡན་ལག་ཞི་གནས་སྒོམ་པ་དང༌། ཤེས་རབ་ཀྱི་དངོས་གཞི་སྟོང་པ་ཉིད་ལ་མཉམ་པར་བཞག་པའི་སྐབས་ཙམ་མ་གཏོགས། གཞན་ཐམས་ཅད་འགྲོ་ཞོར་སྡོད་ཞོར་དང༌། ཟ་ཞོར་འཐུང་ཞོར་སོགས་སུ་ཉམས་ལེན་བྱེད་རྒྱུ་ཡིན་པས། རྗེས་ཐོབ་དམིགས་བཅས་ཀྱི་ཚོགས་ཞེས་བྱང་ཆུབ་སེམས་དཔའི་སྡེ་སྣོད་རྣམས་ལས་དངོས་སུ་བྱུང་བ་ཡིན། དེར་མ་ཟད་དམིགས་བཅས་བསོད་ནམས་ཀྱི་ཚོགས་དེ་དག་སྔོན་དུ་མ་སོང་བར། མཉམ་བཞག་གི་དངོས་གཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྒྱུད་ལ་མི་སྐྱེ་བས། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི།།   ཐུབ་པས་ཤེས་རབ་དོན་དུ་གསུངས།།   ཞེས་གསུངས་ཡོད་ཅིང༌།  ཕྱག་འཚལ་བ་དང༌། སྐོར་བ་བྱེད་པ། ཁ་ཏོན་བཏོན་པ་སོགས། ཕྱི་ལུས་ངག་དང་འབྲེལ་བའི་དགེ་སྦྱོར་སྐོར་ཅིག་ལས་ཀ་བྱེད་དུས་སོགས་སུ་མཚམས་འཇོག་དགོས་པར་གྱུར་ཀྱང༌། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ནི་ལས་ཀ་བྱེད་ཞོར་དང༌། ཁ་ལག་ཟ་ཞོར། སྐད་ཆ་བཤད་ཞོར།   རྩེད་མོ་རྩེ་ཞོར།   མོ་ཊ་གཏོང་ཞོར་སོགས་དུས་ནམ་དུ་ཡང་མཚམས་འཇོག་མི་དགོས་པས། ཆོས་པ་རྣམ་དག་ཅིག་ལ་མཚོན་ན་ཆོས་ཀྱི་ཉམས་ལེན་ཆུ་བོའི་རྒྱུན་ལྟར་བར་མ་ཆད་དུ་བྱེད་ཐུབ་པ་ཡིན། ནང་སེམས་ཀྱི་རྒྱུད་ལ་སྙིང་རྗེ་དང༌། ཆུབ་ཀྱི་སེམས་ལྷན་ཅིག་ཏུ་ཡོད་པའི་དབང་གིས་ཕྱི་རོལ་གྱི་ལས་ཀ་དང༌། བཟའ་བཏུང༌། རྩེད་མོ་རྩེ་བ་ཡན་ཆད་དངོས་དང་བརྒྱུད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རུ་རང་བཞིན་གྱིས་འགྱུར་བ་ཡིན་ཞིང་།  དེ་ལ་བརྟེན་ནས་ཞག་རེ་རེ་དང༌། ཟླ་བ་རེ་རེ། ལོ་རེ་རེ་བཞིན་རང་གི་ཉམས་ལེན་གོང་ནས་གོང་དུ་རང་བཞིན་གྱིས་འཕེལ་འགྲོ་བ་ཡིན།   
   སྔར་ཨ་རིའི་མི་ཞིག་དང་ངེད་གཉིས་མི་ཚང་གཞན་ཞིག་ལ་ཕྱིན་པའི་ལམ་ཁར་ཁོས་ང་ལ། རིན་པོ་ཆེ། ངས་ད་བར་ཁྱེད་ཀྱིས་རྩེད་མོ་འདྲ་རྩེ། བཞེས་ལག་འདྲ་བཞེས། དེབ་འདྲ་ཀློག  དུས་ཚོད་མང་ཆེ་བར་གཉིད་ཉལ་ནས་བཞུགས་བསྡད་ཀྱི་ཡོད་པ་མ་གཏོགས་ཆོས་ཀྱི་ཉམས་ལེན་གནང་གི་ཡོད་པ་ཞིག་གཏན་ནས་མཐོང་མ་སོང་བས། ཁྱེད་ཀྱིས་ཉམས་ལེན་གནང་གི་ཡོད་དམ་ཟེར། ངས་ཡོད་དང་ཡོད་བྱས་པས།  ཁོས་ག་དུས་གནང་གི་ཡོད་ཟེར། ངས་ད་སྐབས་ངེད་གཉིས་ཀྱིས་སྐད་ཆ་བཤད་པའི་སྐབས་འདིར་ཡང་ངས་ཉམས་ལེན་བྱེད་བཞིན་པ་ཡིན་ཞེས་བཤད་པས།  ཁོས་དེ་འཇིག་རྟེན་ན་མི་སྲིད་པ་ཞིག་རེད།  དེ་ཁྱེད་རང་གི་ང་རྒྱལ་རེད་ཟེར།   ངས་ཁྱོད་ཀྱིས་འདི་ལྟར་ཐག་གཅོད་ཐུབ་པའི་རྒྱུ་མཚན་ཅི་ཡིན་དྲིས་པས། ཁོས་ཉམས་ལེན་ཨང་དང་པོ་ནི་མཚམས་ལ་བཞུགས་དགོས་ཀྱི་ཡོད་པ་རེད་དེ་ཁྱེད་མཚམས་ལ་ནི་བཞུགས་ཀྱི་མི་འདུག  ཨང་གཉིས་པ་བསང་འདྲ་བཏང༌། མཆོད་པ་བཤམས།   སྒོམ་བརྒྱབ་ནས་བཞུགས་དགོས་པ་རེད་དེ་ཁྱེད་ཀྱིས་དེ་ཡང་གནང་གི་མི་འདུག   འགྲོ་ཞོར་སྡོད་ཞོར་དང་སྐད་ཆ་བཤད་ཞོར་ལ་ཆོས་ཀྱི་ཉམས་ལེན་བྱེད་ཟེར་བ་ཞིག་ད་བར་གོ་མ་མྱོང་ཟེར།   དེས་ན་ཆོས་ཀྱི་འགྲོ་སྟངས་མི་ཤེས་པའི་ཆོས་པ་ཡིན་ཟེར་མཁན་ཕལ་མོ་ཆེ་ཞིག་གིས།   ཆོས་ཀྱི་ཉམས་ལེན་ཟེར་བ་མིག་གིས་མཐོང་ས་ཞིག་ཏུ་ཅིག་བྱེད་བསྡད་དགོས་པ་མ་གཏོགས། ཆོས་ཀྱི་ཉམས་ལེན་གཙོ་བོ་ནང་སེམས་ཀྱི་འདུ་བྱེད་ལ་ཐུག་ཡོད་པ་གཏན་ནས་ཤེས་ཀྱི་མེད་པས། སློབ་དཔོན་ཨརྱཱ་དེ་བས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། བྱང་ཆུབ་བསྒྲུབས་པ་ཁ་ཅིག་ལའོ།།   ཞེས་གསུངས་པ་དེ་ཐུགས་ཤིན་ཏུ་བདེན་པར་འདུག   དེ་འདྲར་བརྟེན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་།   ཆོས་ཞེས་པ་བསམ་བློའི་ཐོག་ནས་གཏོང་ཤེས་པ་བྱེད་དགོས། བསམ་བློ་གཏོང་ཤེས་ན་ལུས་ངག་གི་སྤྱོད་པ་ཚང་མ་ཆོས་མཐུན་དུ་འཇུག་ནུས།  བསམ་བློ་གཏོང་མ་ཤེས་ན།  སྒོམ་བརྒྱབ།  འདོན་པ་བཏོན། མི་ཚེ་ཆོས་ཁང་ལ་བསྡད་ཀྱང་ཕན་པ་མེད་ཅེས་གསུངས་ཡོད།
སྔར་བོད་དུ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཞེས། ཇོ་བོ་དི་པཾ་ཀ་རའི་ཐུགས་སྲས་ཡོངས་ཀྱི་རྒྱལ་པོ། བཀའ་གདམས་གསར་རྙིང་ཀུན་གྱི་མེས་པོ་དམ་པ་དེ་ཞལ་བཞུགས་པའི་སྐབས་སུ། ཉིན་གཅིག་མི་ཞིག་གིས་ཚྭ་ཁང་ཞིག་ལ་སྐོར་བ་རྒྱག་གིན་ཡོད་པ་གཟིགས་ཏེ། ཚྭ་ཁང་ལ་སྐོར་བ་རྒྱག་པ་ཡང་བཟང་སྟེ་དེ་བས་ཆོས་ཤིག་བྱེད་ན་ལེགས་ཞེས་གསུངས་པས།  ཁོས་བསམ་པར། ད་འོ་ན་དཔེ་ཆ་ཀློག་ན་བཟང་ངམ་སྙམ་སྟེ་དཔེ་ཆ་ཀློག་ནས་བསྡད་པས་ཡང་འབྲོམ་གྱིས།   དཔེ་ཆ་ཀློག་པ་ཡང་བཟང་སྟེ་དེ་བས་ཆོས་ཤིག་བྱེད་ན་ལེགས་ཞེས་སྔར་བཞིན་གསུངས་པས། ཡང་ཁོས་བསམ་པར།  དེ་ཡང་འགྲིགས་མེད་པ་འདྲ། ད་སྒོམ་རྒྱག་དགོས་པ་ཡིན་ནམ་སྙམ་ནས་སྒོམ་བརྒྱབ་པ་ཡང་འབྲོམ་གྱིས་གཟིགས་ཏེ།   སྒོམ་རྒྱག་པ་ཡང་བཟང་སྟེ་དེ་བས་ཆོས་ཤིག་བྱེད་ན་ལེགས་གསུངས་པར།  ཁོ་ཧ་ལས་ཏེ་ད་འོ་ན་ཆོས་བྱེད་ལུགས་ཅི་འདྲ་རེད་ཅེས་ཞུས་པར།  བློ་ཆོས་སུ་འགྲོ་བ་གྱིས་ཤིག་ཞེས་གསུངས་པའི་ལོ་རྒྱུས་ཡོད་ཅིང་།   བློ་ཆོས་སུ་འགྲོ་བ་ཟེར་བ་ནི་སེམས་ལ་ངེས་འབྱུང་དང་།   སྙིང་རྗེ་བྱང་སེམས་རྣམས་དགོས་པར་གསུངས་པ་ཡིན།
   དེས་ན་ངས་འདིར་བརྗོད་པར་བྱ་བའི་སྙིང་པོ་ནི།  ང་ཚོས་ཕྱག་དང་མཆོད་པ་སོགས་བྱེད་ཁོམ་རུང་མ་ཁོམ་རུང་།  བསང་གཏོང་རྒྱུ་དང་ཁ་འདོན་བཏོན་རྒྱུ།  སྒོམ་རྒྱག་རྒྱུ་བཅས་ཐུབ་རུང་མ་རུང་།   ཉི་མ་རེ་རེ་དང་ཆུ་ཚོད་རེ་རེ་བཞིན་ནང་གི་ཀུན་སློང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། དེ་ལྟར་བྱས་ན་ཁྱེད་ཉིད་རང་བཞིན་གྱིས་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཐུགས་སྲས་སུ་འགྱུར་བར་མ་ཟད།   བདེ་ནས་བདེ་བར་འགྲོ་བའི་རྨང་གཞི་བརྟན་པོ་ཞིག་ཚུགས་ཚར་བ་ཡིན།
༼བཅུ་གསུམ།༽
མི་ཚེའི་རིན་ཐང་།
   ང་རང་ཚོའི་མི་ཚེ་ནི་རིན་ཐང་ཆེ་ཞིང་འོད་སྟོང་ལྡན་པ་ཞིག་ཡིན་ཀྱང་།   རྒྱུན་རིང་པོ་ཞིག་ལ་མི་སྡོད་པར་ཉི་མ་གཅིག་ལ་གློ་བུར་དུ་འཇའ་ཡལ་བ་ལྟར་ཆགས་ངེས་ཡིན་པས།   གསོན་པོར་སྡོད་པའི་ལེ་ལོ་མི་བྱེད་པར་ཉིན་རེ་བཞིན་མི་ཚེའི་སྙིང་པོ་ཡང་དག་ཅིག་ལེན་རྒྱུ་ལ་འབད་བརྩོན་བྱེད་དགོས།
དེ་ཡང་ངེད་བོད་ཀྱི་ལུགས་སྲོལ་ལྟར་ན་མི་ཤི་རྗེས་ཕལ་ཆེར་གྱིས་ཕུང་པོ་དུར་ཁྲོད་དུ་འཁྱེར་ནས་ཤ་རུས་རྣམས་བྱ་རྒོད་སོགས་ལ་སྤྲད་པ་དང༌།  རྒྱ་ནག་གིས་ས་འོག་ཏུ་གནོན་ཞིང༌།  རྒྱ་གར་གྱིས་མེ་ལ་བསྲེག་པ་ཡིན་ཞིང༌།   ནུབ་ཕྱོགས་ཀྱི་ཡུལ་གྲུ་འགར་གློག་གིས་བསྲེག་ནས་ཐལ་བར་བྱེད་པ་ཡིན།   ང་བོད་དུ་ཡོད་དུས་མི་རོ་བྱ་གཏོར་བྱེད་པ་ཆེས་མང་པོ་མཐོང་མྱོང་།  དེ་ཡང་ཐོག་མར་གཉེན་ཚན་རྣམས་ཀྱིས་འཁྱེར་ནས་རོ་དུར་ཁྲོད་དུ་སླེབས་རྗེས།   རོ་གོས་རྣམས་ཕུད་དེ་གཅེར་བུར་རྡོ་ཐོག་ཏུ་བཞག་ཅིང་སྐེ་ལ་ཐག་པ་བསྐོན་ནས་དུར་ཕུར་ལ་དམ་པོར་བཏག་པ་དང༌།   དེ་ནས་རོ་བཤའ་མཁན་གྱིས་རོའི་རྒྱབ་གཞུང་དུ་གྲི་རྟགས་བརྒྱབ་ནས་དམར་ཁ་བཏོད་རྗེས།   སྐད་ཅིག་ཉིད་ལ་བྱ་རྒོད་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་རུས་པ་དང་ཚིགས་ཆེན་རྣམས་སྦྲེལ་བའི་རྒྱུས་པ་ཙམ་མ་གཏོགས་པ་ཐམས་ཅད་ཟ་ཞིང༌།   མཐར་མགོ་རུས་དང་ཚིགས་ཆེན་གྱི་རུས་པ་རྣམས་ཀྱང་བརྡུང་ནས་བྱ་ཁྱི་ལ་སྟེར་བ་དང༌།  ཤུལ་དུ་ཡོད་པའི་ཤ་རུས་ཀྱི་ཚལ་བུ་རྣམས་བྱེའུ་ཆུང་ངུ་རྣམས་ཀྱིས་བསྒྲུགས་པ་ཡིན་ཞིང༌།  དེ་ནས་བཟུང་མི་དེ་འཇིག་རྟེན་འདིར་བྱུང་བའི་རྗེས་ཤུལ་ཙམ་ཡང་མེད་པར་གྱུར་བ་ཡིན།  རྒྱ་གར་གྱི་ཡུལ་དུ་ཕལ་ཆེར་མེ་ལ་བསྲེགས་པས་ཤ་རུས་རྣམས་ཐལ་བར་གྱུར་ནས་བྱེ་མ་སོགས་དང་འདྲེས་རྗེས་གཏན་མེད་དུ་པར་གྱུར་བ་དང༌། ནུབ་ཕྱོགས་ཀྱི་ཡུལ་གྲུ་འགར་གློག་གིས་ཐལ་བར་བྱས་རྗེས་ཐལ་བ་ས་འོག་ཏུ་གནོན་པ་དང༌། ཡང་ན་ཐལ་བ་རྣམས་འཕྲུལ་འཁོར་དམིགས་བསལ་ཞིག་གིས་ཆེས་དམ་པོར་བཙིར་ཞིང༌།   མི་རོ་ཧྲིལ་པོ་གཅིག་གི་རོ་ཐལ་རྣམས་མཛུས་དཀྲིས་ཤིག་གི་ཕྲ་རྒྱན་ཙམ་དུ་བཙིར་རྗེས་ནང་མི་གང་ཡང་རུང་བའི་མཛུབ་དཀྲིས་སོགས་ཀྱི་ཕྲ་རྒྱན་བྱས་ནས་དྲན་རྟེན་དུ་འཇོག་ཚུལ་གོ་ཞིང༌། གང་ལྟར་མི་ཞིག་ཤི་བའི་ཉིན་མོ་ནས་རོ་རུ་གྱུར་ཏེ། མི་ཚེ་གཅིག་གི་རིང་དགའ་སྡུག་དང་།   ཆགས་སྡང་རེ་དོགས་གྲངས་མེད་ཅིག་བྱས་པ་ཐམས་ཅད་རྨི་ལམ་ཐེངས་གཅིག་རྨིས་པ་ལྟ་བུར་གྱུར་ཟིན་པ་ཡིན།
   ཉི་མ་དེ་རིང་ཁྱེད་དང་ང་ལ་གཟུགས་ལང་ཚོ་དང༌།   མཚན་སྙན་གྲགས།   ནོར་ལོངས་སྤྱོད་ཅི་ཙམ་ཡོད་ཀྱང་ཤི་བའི་ཉིན་མོ་ཞེས་པའི་བཀྲ་མི་ཤིས་པའི་ཉི་མ་དེས་སྒུག་ནས་བསྡད་ཡོད་པ་ནི་ཆེས་སེམས་སྐྱོ་དགོས་པ་ཞིག་ཡིན།   ང་ཚོའི་མི་ཚེའི་ནང་ཕ་མ་དང༌། བུ་ཕྲུག བཟའ་ཟླ། སྤུན་མཆེད། གྲོགས་པོ་སོགས་རང་ལ་རྩ་ཆེ་བའི་མི་གང་མང་ཞིག་རོ་རུ་གྱུར་ཟིན་པ་དང༌། རོ་དེ་ཡང་མེད་པར་གྱུར་བ་མཐོང་མྱོང་བར་མ་ཟད་མ་འོངས་པར་ཡང་མུ་མཐུད་དུ་མཐོང་ངེས་ཡིན་ཞིང༌། སྔ་ཕྱི་ཙམ་མ་གཏོགས་རང་ཉིད་ཀྱི་ཐོག་ཏུ་ཡང་བཀྲ་མི་ཤིས་པའི་ཉི་མ་དེ་བྱུང་ནས།  ཞེ་ཆགས་ས་ཡོད་ཚད་ཐམས་ཅད་ཤུལ་དུ་བསྐྱུར་ནས་འགྲོ་དགོས་ངེས་ཡིན།
   མི་ཞིག་ཤི་སྟངས་ལ་མཚོན་ན་ལོ་རྒས་ནས་ཤི་བ་དང་། ནད་མནར་གྱིས་ཤི་བ་དང་།  རླངས་འཁོར་དང་མེ་འཁོར་བརྡབ་སྐྱོན་ཀྱིས་ཤི་བ་སོགས་རྒྱུན་ལྡན་གྱི་ཤི་སྟངས་རྣམས་ཀྱི་ཐོག   རང་བྱུང་ཁམས་ཀྱི་གནོད་འཚེ་སྣ་ཚོགས་ཀྱི་འོག  དུས་ཚོད་ངེས་མེད་ལ་མི་ཁྲི་སྟོང་མང་པོ་མཉམ་དུ་ཤི་བའི་གནས་ཚུལ་ཡང་བྱུང་དང་འབྱུང་བཞིན་པ་ནི།  དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་དཔེ་བཞག་ན།   ཕྱི་ལོ་༡༩༩༡ལོར་བྷང་ལ་དྷེ་ཤིའི་ནང་རླུང་འཚུབ་བྱུང་སྟེ་མི་༡༤༣༠༠༠ལྷག་གི་ཚེ་སྲོག་ཤོར་བ་དང༌། ༢༠༠༥ལོར་སུ་ན་མིའི་གནོད་འཚེའི་ཁྲོད་ཨིན་ཌི་ནེ་ཤི་ཡ་དང༌། ཤྲཱི་ལིངྒ་སོགས་ཨེ་ཤ་ཡའི་རྒྱལ་ཁབ་བཅུ་གཅིག་གི་མི་༢༧༣༤༣༥ལྷག་གི་ཚེ་སྲོག་སོར་བ་དང༌། ༢༠༠༨ལོར་འབར་མའི་ནང་རླུང་འཚུབས་ཀྱིས་མི་༡༣༠༠༠ལྷག་གི་ཚེ་སྲོག་ཤོར་ཞིང༌། དེའི་ཉིན་ཤས་ཀྱི་རྗེས་རྒྱ་ནག་ནང་ས་ཡོམ་བྱུང་སྟེ་མི་༩༠༠༠༠ལྷག་གི་ཚེ་སྲོག་ཤོར་བ་དང༌།    ༢༠༠༩ལོར་ཐེ་ཝན་དུ་སྔར་བྱུང་མ་མྱོང་བའི་མཚོ་རླུང་གི་གནོད་འཚེའི་འོག་ཏུ་ཡུལ་མི་༦༠༠ཙམ་གྱི་ཚེ་སྲོག་ཤོར་བ་དང་།  འདི་ལོ་༢༠༡༠ལོར་ཧེ་ཐའི་ནང་ས་ཡོམ་གྱི་གནོད་འཚེའི་འོག་མི་༡༠༠༠༠༠ལྷག་གི་ཚེ་སྲོག་ཤོར་བ་དང་།   དེས་རྗེས་ལ་རྒྱ་ནག་ནང་ས་ཡོམ་གྱི་གནོད་འཚེའི་འོག་མི་༧གྱི་ཚེ་སྲོག་ཤོར་ཞིང་། ད་དུང་ས་དཔྱད་རིག་པ་བ་རྣམས་ཀྱིས་བརྗོད་གསལ་ལྟར་ན། འཛམ་བུའི་གླིང་འདིར་ཉི་མ་རེ་རེ་བཞིན་ས་ཡོམ་ཆུང་བ་སྟོང་ཕྲག་བརྒྱད་ཙམ་རྒྱག་གི་ཡོད་པ་དང༌།  ས་ཡོམ་ཤུགས་ཚད་ཆེན་པོའི་རིགས་ནི་ལོ་ལྔ་ནས་བཅུའི་བར་དུ་རེ་རེ་རྒྱག་གི་ཡོད་ཅིང༌།  དེ་ཡང་ས་ཕྱོགས་གང་དུ་རྒྱག་གི་ཡོད་ཚོད་དཔག་བྱེད་ཐུབ་ཀྱི་མེད་ཅེས་བརྗོད་ཀྱི་ཡོད་པ་རེད། དེས་ན་ང་ཚོའི་ཚེ་སྲོག་ནི་རླུང་ནང་གི་མར་མེ་ལྟ་བུ་ཞིག་ཡིན་པས། རྐྱེན་གང་ཡང་རུང་བ་རེ་དང་འཕྲད་ན་རྐྱེན་དེས་འཕྲལ་དུ་ཁྱེར་བ་ཡིན་ཞིང༌། དེའི་ཚེ་རང་དོན་དུ་དགའ་སྡུག་ཆགས་སྡང་གྲངས་མེད་ཞིག་བྱས་པ་ཐམས་ཅད་ཡིད་སྐྱོ་བའི་སྣོན་མ་ཙམ་ཞིག་མ་གཏོགས་གང་ཡང་ལུས་མེད།
   རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པའི་ཤི་སྟངས་གང་ལྟར་ཡང་།  མ་འོངས་པར་ང་ཚོའི་ཐོག་ཏུ་ཤི་བའི་ཉིན་མོ་ཞེས་པ་ཆེས་སེམས་སྐྱོ་དགོས་པའི་ཉི་མ་འདི་བྱུང་སྐབས། ཉི་མ་དེ་ལ་གདོང་ལེན་ཅི་ལྟར་བྱེད་དགོས་སམ་ཞེས་པའི་དྲི་བ་ཞིག་བཏོན་ན། དེ་ནི་ཐེ་ཚོམ་གང་ཡང་མི་དགོས་པར་ང་ཚོའི་རྣམས་དཔྱོད་ཤེས་རབ་ལ་བརྟེན་ནས་གདོང་ལེན་བྱེད་དགོས་ཞེས་བརྗོད་ངེས་ཤིང༌།  དེ་ཡང་འགྱོད་པ་མེད་པ་དང་ཞེ་བློ་བདེ་བཞིན་ཤི་ཐུབ་པ་ཞིག་བྱེད་རྒྱུ་ལས་གཞན་གང་ཡང་མེད།
   ནང་པའི་ཆོས་ལས་མདོ་ཕར་ཕྱིན་ཐེག་པའི་སྐབས་སུ་བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་ལ་དགོངས་པའི་སྙིང་རྗེ་ཆེན་པོའི་སེམས་དང་བཅས་ཏེ་ཤི་སྐབས། སྐྱེད་མོའི་ཚལ་ནས་སྐྱེད་མོའི་ཚལ་དུ་འགྲོ་བའི་དགའ་སྐྱིད་ལྟ་བུ་བྱུང་བར་གསུངས་ཤིང༌།  གསང་སྔགས་ཀྱི་གཞུང་ལས་ཉམས་ལེན་མཐར་ཕྱིན་པ་རྣམས་བར་དོར་ལོངས་སྤྱོད་རྫོགས་པའི་སྐུ་རུ་འཚང་རྒྱ་ཚུལ་སོགས་གསུངས་ཡོད་ཅིང་།   ཉམས་ལེན་མཐར་ཕྱིན་པ་ཟེར་བ་ནི་རྩ་བ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་པའི་ཉམས་ལེན་ལ་ཟེར་བ་ཡིན་པར་སྟོན་པ་རྡོ་རྗེ་འཆང་དང་། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་སོགས་ཀྱིས་གསུངས་པ་དང་།     ཡེ་ཤུའི་གསུང་རབས་ལས་སྡིག་སྒྲིབ་དག་པ་རྣམས་ཤི་བའི་སྐབས་སུ་ཐོག་མའི་ཡབ་ཆེན་ཏེ་དཀོན་མཆོག་གི་ཞིང་ཁམས་སུ་འགྲོ་བར་གསུངས་ཤིང༌། སྟོན་པ་ཆེན་པོ་འདི་དག་ཐམས་ཅད་ཀྱིས་ཀྱང་མཐར་འཆི་བའི་སྐབས་སུ་ཕན་པའི་མན་ངག་གཅིག་པུ་དེའི་རྩ་བ་གཞན་ཕན་སྒྲུབ་པ་ལ་ཐུག་ཡོད་ཚུལ་ཆེས་གསལ་བོར་གསུངས་ཡོད།
   དེས་ན་མ་འོངས་པར་རང་ཉིད་ཤི་བའི་སྐབས་སུ་སེམས་ལ་འགྱོད་པ་མེད་ཅིང་། རང་གི་གྲུབ་འབྲས་ལ་རང་ཉིད་དགའ་བཞིན་གདོང་འཛུམ་མདངས་དང་བཅས་ཏེ་ཤི་ཐུབ་པའི་ཐབས་ལམ་ཡག་ཤོས་ནི།  ད་ལྟ་གཟུགས་པོ་བདེ་ཞིང་རྣམ་དཔྱོད་གསལ་བ་དང་།   གཞན་ལ་ཕན་པ་སྒྲུབ་ཐུབ་པའི་དུས་ཚོད་འདིར།  སྙིང་རྗེའི་བློ་དང་།  སྙིང་རྗེའི་ཉམས་ལེན་ལ་གོམས་ཤིང་འདྲིས་པར་བྱས་ཏེ།  ནད་པ་བདག་མེད་དང་། ཟས་གོས་མེད་པའི་དབུལ་ཕོངས།   དཔུང་གཉེན་མེད་པའི་ཉམ་ཆུང་།  མགོན་མེད་པའི་དུད་འགྲོ་འཆི་ཁ་མ་སོགས་ལ་སྙིང་ཧ་ཅང་ཉེ་བོའི་ཐོག་ནས་གང་ཕན་བྱེད་རྒྱུ་དེ་ཡིན་ཞིང་།    དམིགས་བསལ་ནང་པའི་ཆོས་ཉམས་སུ་ལེན་མཁན་ཞིག་གིས་ཚེ་འདིར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་།   བྱང་ཆུབ་སེམས་དཔའི་སྡོམ་པ་བཟུང་བ་དང་།  བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སློབ་པའི་བགས་ཆགས་བཞག་ཅིང་།   བྱང་ཆུབ་སེམས་དཔའི་སྨོན་ལམ་རླབས་པོ་ཆེ་རྣམས་ཀྱིས་མཚམས་སྦྱར་ཐུབ་ཡོད་ན།    མི་དེ་ཤི་བའི་སྐབས་སུ་སེམས་ལ་དགའ་སྐྱིད་ཀྱི་ཚོར་བ་བརྗོད་ལས་འདས་པ་ཞིག་ཡོང་ངེས་ཡིན།
ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་ས་གཅིག་ནི།   ངས་ཡང་ཡང་བཤད་པ་བཞིན། འཛམ་གླིང་གི་མི་དང་དུད་འགྲོ་དཀའ་སྡུག་ཅན་ཡོད་ཚད་ཀྱི་དཀའ་སྡུག་སེལ་བའི་ནུས་པ་མི་གཅིག་ལ་མེད་ཀྱང་། འགྲོ་བ་བྱེ་བྲག་པ་རེ་རེའི་དཀའ་སྡུག་སེལ་བའི་ནུས་པ་ང་ཚོ་མི་རེ་རེ་ལ་ངེས་པར་དུ་ཡོད་པས།  ང་ཚོས་རང་གི་ཐོག་ལ་ད་ལྟ་ནས་ཡོད་པའི་ནུས་པ་དེ་བེད་སྤྱོད་མ་བྱས་པར་འཕྲོ་བརླག་ཏུ་གཏན་ནས་གཏོང་མི་རུང་།
   འདིར་རང་གི་ཉམས་མྱོང་ཕྲན་བུ་ཞིག་བརྗོད་ན།  ང་ལ་མཚོན་ན་མི་ཚེ་ཕྱེད་ཀྱི་རིང་དབུལ་བོ་ཡིན་པས་སྦྱིན་གཏོང་རྒྱ་ཆེན་པོ་བྱེད་མ་མྱོང་ཡང༌། ངས་རང་གི་ཐབས་ཤེས་དང་འབད་བརྩོན་སྣ་ཚོགས་ལ་བརྟེན་ནས་སློང་མོ་བ་མང་པོའི་ཡིད་ཚིམས་པར་བྱེད་མྱོང་ཞིང༌། ཕྲུ་གུའི་དུས་ནས་ད་བར་གྲོག་སྦུར་ཡན་ཆད་ཀྱི་སེམས་ཅན་ཕྲ་མོ་ས་ཡ་མང་པོ་ལ་བདེ་སྐྱིད་སྤྲོད་མྱོང་བ་དང༌། སུ་དང་གང་ལས་ཀྱང་སྙིང་རྗེ་ཐོབ་མ་མྱོང་བའི་སེམས་ཅན་ཉམས་ཅུང་དེ་དག་ལ།    སྙིང་རྗེའི་མིག་གིས་བལྟ་ཞིང༌། སྙིང་རྗེས་སེམས་ཀྱིས་རོགས་ཕན་བྱེད་མཁན་ཞིག་དང་ཐུག་ཐུབ་པ་བྱས་ཡོད།
   དཔེར་ན་ང་ཆུང་དུས་སུ་ང་ཚོ་འབྲོག་སར་སྡོད་སྐབས། དབྱར་ཀྱི་རིང་རྒྱ་གྲོག་ཟེར་བའི་གྲོག་མ་དམིགས་བསལ་ཞིག་ཡོད་པ་དང༌། གྲོག་མ་དེ་ཚོས་རྩྭ་ཕུང་ལྟ་བུའི་ཚང་སོབ་སོབ་ཅིག་བཟོ་གི་ཡོད། གྲོག་ཚང་རེ་རེའི་ནང་གྲོག་མ་འབུམ་ཕྲག་ཁ་ཤས་ཡོད་ངེས་ཡིན་པ་དང༌། གྲོག་མ་དེ་ཚོ་དམིགས་བསལ་གྱིས་ལྟོགས་རྔམས་ཆེན་པོ་ཡིན་ཡང༌། ཚང་གི་ཕྱི་ལོགས་སུ་རྒྱང་རིང་པོར་ཁ་ཟས་འཚོལ་བར་འགྲོ་སྲོལ་མེད། ཚད་པ་ཆེ་བའི་སྐབས་སུ་ངས་ཆུ་གཙང་མ་ཁྱེར་ཏེ་གྲོག་ཚང་གི་མཐའ་ནས་ག་ལེ་ག་ལེར་ཆུ་སྤྲོད་དུས། གྲོག་མ་ཁྲི་ཕྲག་མང་པོ་ཕྱིར་ཐོན་པས་གྲོག་ཚང་འགུལ་བས་བྱེད་ཅིང༌། གང་མཚམས་ནས་ཆུ་འཐུང་ཚར་བ་རྣམས་ཕྱིར་ཚང་ནང་དུ་འཛུལ་ཞིང༌། འཐུང་མ་ཚར་བ་རྣམས་གསར་དུ་ཡོང་ནས་ཆུ་འཐུང༌། ཁོང་ཚོས་དགའ་པོ་བྱས་ནས་ཆུ་འཐུང་བ་མཐོང་དུས་ངའི་སེམས་ལ་བདེ་སྐྱིད་ཚད་མཐོན་པོ་སླེབས་ཀྱི་ཡོད་པ་དང༌། ཉི་མ་རེ་རེ་བཞིན་གྲོག་ཚང་མང་པོ་ལ་ཆུ་སྦྱིན་བྱེད་རྒྱུ་མ་ཆག་པ་བྱེད་ཀྱི་ཡོད།
   ཆར་དུས་སུ་ཆར་བ་ཤུགས་ཆེན་པོ་བབས་སྐབས་ཆུ་ཕྲན་རྣམས་ཕྱིར་འཕྱུར་བ་དང༌། གང་མཚམས་ནས་ཕར་ལྡོག་རྗེས་ཤྭ་འོད་ཀྱི་ནང་དུ་ཉ་ཆུང་གྲངས་མེད་པ་སྐམ་སར་ལུས་ཀྱི་ཡོད། ངས་ཆུ་བླུགས་པའི་སྣོད་ཞིག་ཁྱེར་ནས་ཉ་ཆུང་སྟོང་ཕྲག་མང་པོ་ཆུ་ནང་དུ་བསྐྱལ་གྱི་ཡོད་པ་དང༌། ད་གིན་ཉི་འོད་ཀྱིས་ཤི་ལ་ཁད་དུ་ཡོད་པའི་ཉ་དེ་ཚོ་ད་མཇུག་མ་ཁྱུག་ཁྱུག་བྱས་ཏེ་དགའ་པོའི་ངང་ཆུ་ནང་དུ་འགྲོ་དུས། ང་ཡང་ཁོང་ཚོ་ལྟར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
   ད་དུང་ང་ཚོའི་ཕ་ཡུལ་དུ་ན་ཆུ་ཟེར་བའི་ཆུ་འཁྱིལ་ཆུང་ཆུང་མང་པོ་ཡོད་པ་དང༌། ཆུ་འཁྱིལ་དེ་ཚོའི་ནང་དུ་ལྕོང་མོ་ཟེར་བའི་སེམས་ཅན་གྲངས་མེད་པ་སྡོད་ཀྱི་ཡོད། གང་མཚམས་ནས་ཆུ་འཁྱིལ་ཆུང་བ་ཚོ་སྐམ་དུས་ལྕོང་མོ་དེ་དག་གསོན་པོར་ཉི་མས་ཚིག་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱང་སྟེ་ཤི་གི་ཡོད་སྟབས། ངས་ལྕོང་མོ་འབུམ་ཕྲག་མང་པོ་ཆུ་འཁྱིལ་ཆེ་བ་ཚོའི་ནང་དུ་བསྐྱལ་གྱི་ཡོད།  ངའི་ཕ་ཡུལ་མགོ་ལོག་ལ་བྱེའུ་ཧ་ཅང་མང་བས་བྱེའུ་བརྒྱ་སྟོང་མང་པོ་ཁྱུ་འཁོར་ཁྱུ་འཁོར་བྱས་ནས་སྡོད་ཀྱི་ཡོད་པ་དང༌། དགུན་དུས་སུ་རི་ལུང་ཐམས་ཅད་ཁ་བས་གཡོགས་རྗེས་བྱེའུ་རྣམས་ཀྱིས་ཁ་ཟས་མི་རག་པས་སྡུག་བསྔལ་ཆེན་པོ་མྱང་གི་ཡོད། སྐབས་དེར་ངས་རང་ལ་ཟ་རྒྱུ་མང་པོ་མེད་ཀྱང་།   ར་བའི་ནང་སོགས་ས་ཁོད་ཡངས་ས་ཞིག་ཏུ་ཁ་བ་རྣམས་ཕྱགས་ནས། རང་གི་ཟས་སྐལ་གྱི་རྩམ་པ་དང་གོ་རེ་སོགས་སྤྲོད་ཀྱི་ཡོད་སྟབས།   དགུན་དུས་སུ་ང་དགོན་པ་དང་རང་གི་ནང་གང་དུ་ཡོད་ན་ཡང་དེར་བྱེའུ་ཁྱུ་འཁོར་ཞིག་ངེས་པར་དུ་ཡོང་གི་ཡོད།   ཁོང་ཚོ་གྲོད་ཁོག་བརྒྱག་པ་མཐོང་དུས་ང་ལ་དགའ་ཚོར་དཔེ་མེད་སྐྱེ་གི་ཡོད་སྟབས། ག་དུས་ཁ་བ་འབབ་ན་དེ་དུས་རྟག་པར་དེ་འདྲ་བྱེད་ཀྱི་ཡོད།
ང་ཁམས་རྫ་ཆུ་ཁ་པར་སློབ་གཉེར་ལ་ཕྱིན་པའི་སྐབས་ཤིག་སྟེ་ལོ་ཉི་ཤུ་ཐམ་པའི་ཐོག ཐེངས་ཤིག་ཁམས་རྫོགས་ཆེན་དགོན་པ་ནས་ཡར་རྫ་སྟོད་དུ་འགྲོ་བའི་ལམ་ཁར་རླངས་འཁོར་རག་ཁག་པོ་བྱུང་བས། བོད་ཀྱི་ཨ་སྐྱོ་བ་སྤྱིའི་ལུགས་སྲོལ་ལྟར་རྐང་ཐང་གིས་འགྲོ་བར་ཐག་བཅད། དངོས་གནས་བྱས་ན་རྫོགས་ཆེན་ནས་རྫ་སྟོད་བར་རྐང་ཐང་གིས་འགྲོ་རྒྱུ་ཧ་ཅང་དཀའ་ཡང༌། ང་ལ་དེ་དུས་ཉམས་མྱོང་ཆེན་པོ་མེད་པས་ཐག་གཅོད་དེ་འདྲ་བྱས་པ་ཡིན། རླངས་འཁོར་གྱི་ལམ་ཁ་བརྒྱུད་ནས་རྐང་ཐང་གིས་འགྲོ་སྐབས། ལམ་གྱི་གཡས་གཡོན་དུ་ལམ་བཟོ་བས་ས་བརྐོ་ཤུལ་གྱི་དོང་ཧ་ཅང་མང་པོ་ཡོད་པ་དང༌། སྔ་ཉིན་ཆར་བབས་རྐྱེན་དོང་དེ་དག་ཆུས་གང་འདུག ས་དེར་ཕྱེ་མ་ལེབ་སེར་བོ་ཆུང་ཆུང་གྲངས་མེད་པ་ཅིག་ཡོད་པས། ཆུ་འཁོར་རེ་རེའི་ནང་དུ་ཕྱེ་མ་ལེབ་བརྒྱ་ཕྲག་མང་པོ་ལྷུང་ནས་ཤི་ལ་ཁད་དུ་གཤོག་པ་འགུལ་ཙམ་འགུལ་ཙམ་བྱེད་ཀྱི་འདུག  ངས་དེ་ཚོ་བློས་མ་ཐོངས་པར། ཡལ་ག་ལོ་མ་མང་པོ་ཅན་གྱི་ཤིང་ཆུང་ཆུང་ཞིག་བཀོག་ཏེ། ཆུ་མཐའ་ནས་དལ་བུར་ཆུ་ནང་དུ་ཕར་བཅུག་པ་དང༌། དེ་ནས་ཡར་བཀྱག་དུས་ཐེངས་རེ་རེ་ལ་བྱེ་མ་ལེབ་བཅོ་ལྔ་ཉི་ཤུ་ཙམ་རེ་དགའ་པོའི་ངང་གཤོག་པ་ལྷེམ་ལྷེམ་བྱས་ནས་རྒྱང་རིང་པོར་འཕུར་འགྲོ་ཞིང་འདུག  ངས་ཉིན་གང་པོར་དེ་འདྲ་བྱས་པས་གང་མཚམས་ནས་རི་སྐེད་དང་ཐུག་ཅིང་དེ་ཕན་ཆད་དོང་དང་ཆུ་འཁྱིལ་མི་འདུག
   འདི་དག་ནི་དཔེ་མཚོན་ཙམ་ཞིག་བྲིས་པ་ལས། ཚེ་སྟོད་ཀྱི་རིང་སེམས་ཅན་ཉམ་ཆུང་རྣམས་ལ་རོགས་ཕན་བྱས་ཚད་རེ་རེ་ནས་འདིར་འབྲི་དགོས་ན་ཧ་ལམ་འབྲིར་མི་ལངས་པ་ལྟ་བུ་ཡིན་ཞིང༌། མདོར་ན་བྱིས་པ་ལོ་ཆུང་གི་དུས་ནས་ད་བར་ག་དུས་སེམས་ཅན་ཉམས་ཆུང་རྣམས་ལ་རོགས་ཕན་བྱེད་ཐུབ་པའི་དུས་ཚོད་བྱུང་ན། དེ་དུས་རིག་པ་སྒྲིམ་ནས་འཐུས་ཤོར་མེད་པ་བྱེད་ཀྱི་ཡོད།   དེས་ན་ངས་རང་ཉིད་ཀྱིས་ཕྲུ་གུའི་དུས་ནས་ད་བར་གྲོག་སྦུར་ཡན་ཆད་ཀྱི་སེམས་ཅན་ཕྲ་མོ་ས་ཡ་མང་པོ་ལ་བདེ་སྐྱིད་སྤྲོད་མྱོང་ཞེས་བཤད་པ་ཡིན་ལ།   རང་ཉིད་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་རང་གི་ཚོད་ཀྱིས་ལས་འགན་ཞིག་ཀྱང་བསྒྲུབས་ཐུབ་ཡོད་དྲན་གྱི་ཡོད་པས།  སྟོན་པ་གཅིག་དང་བསྟན་པ་གཅིག་གིས་བསྡུས་པའི་ཆོས་གྲོགས་ཚོར།   རང་གི་ཉམས་མྱོང་དང་འབྲེལ་བའི་ཐོག་ནས་མགོན་མེད་པའི་སེམས་ཅན་རྣམས་ལ་མགོན་སྐྱབས་དང་དཔུང་གཉེན་གང་ཐུབ་བྱེད་དགོས་པའི་སྐུལ་སློང་བྱས་པ་ཡིན།
 
༼བཅུ་བཞི།༽
ནང་པའི་ཆོས་ཀྱི་བསྒོམ་རིམ།
   དེང་སང་ནང་པའི་ཆོས་ཉམས་སུ་ལེན་མཁན་མང་པོ་ཞིག་སྙིང་རྗེས་ཉམས་ལེན་གྱིས་ཕོངས་པར་མཐོང་བའི་རྒྱུ་རྐྱེན་ཆེ་ཤོས་ཤིག་ནི།    ནང་པའི་ཆོས་ལ་སྦྱངས་པ་ཡུན་རིང་བྱེད་མ་མྱོང་མཁན་རྣམས།   ཐོག་མར་ནང་པའི་ཆོས་ཉམས་སུ་ལེན་པ་ལ་ཞུགས་སྐབས་སྔོན་འགྲོ་དངོས་གཞི་སོགས་ཀྱི་གོ་རིམ་འཆོལ་བ་དང་།  ཡང་ན་དང་པོ་ནས་ལྟ་བ་མཐོ་བསྙེགས་བྱེད་ཆེས་པའི་སྐྱོན་ཡིན་པར་མཐོང་བས།   ད་ནི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་ནང་བསྟན་རིན་པོ་ཆེ་ལ་ཉམས་ལེན་བྱེད་འདོད་ཡོད་མཁན་རྣམས་ཀྱི་དོན་དུ།   གང་ཟག་གང་ཞིག་གིས་ནང་པ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་སྟངས་ཀྱི་གོ་རིམ་མདོ་ཙམ་སྨོས་ན།    
སྐྱེ་བ་སྔོན་མར་སྦྱངས་པ་སྔོན་དུ་སོང་མ་སོང་གི་དབང་གིས་ཚེ་འདིར་ཉམས་ལེན་གྱི་མགོ་འཛིན་མཚམས་ལ་མཐོ་དམན་སྣ་ཚོགས་ཅི་རིགས་ཡོད་ཆོག་ཀྱང་།   སྤྱིར་བཏང་གི་དབང་དུ་བྱས་ན།   ཐོག་མར་ནང་པའི་ཆོས་ཀྱི་འཇུག་སྒོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྡོམ་པ་ལེན་དགོས་ཏེ།   སྐྱབས་འགྲོ་མེད་པའི་མི་རྣམས་ནི་ནང་པའི་ཆོས་ཀྱི་རྟེན་དུ་མི་རུང་བ་ཡིན།
དེ་ནས་དལ་འབྱོར་རྙེད་དཀའ་དང་།   ཚེ་མི་རྟག་པ།  འཁོར་བའི་ཉེས་དམིགས་སོགས་ལ་བློ་སྦྱངས་པ་སྔོན་དུ་འགྲོ་དགོས་ཏེ།     དེ་དག་ལ་བློ་སྦྱངས་པ་སྔོན་དུ་སོང་ན་སྙིང་ཁུངས་རུས་པའི་གཏིང་ནས་ཆོས་རྣལ་མ་ཞིག་བྱེད་འདོད་བྱུང་བ་ཡིན་ལ།  དེ་དག་ལ་བློ་མ་སྦྱངས་ན་ཆོས་བསྒྲུབ་པའི་སྐབས་སུ་ལྟར་སྣང་ཙམ་ཞིག་མ་གཏོགས།  ཆོས་རྣལ་མ་ཞིག་བསྒྲུབ་མི་ཐུབ་པ་ཁྱིམ་བདག་དཔལ་སྐྱེས་ཀྱི་ལོ་རྒྱུས་ལྟ་བུ་ཡིན།
དེ་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ལ་བློ་སྦྱོང་དགོས་ཤིང་། དེ་དག་ལ་བློ་སྦྱངས་ན་སྐྱེས་བུ་ཆེན་པོའི་ངོ་སྐལ་དུ་གྱུར་པའི་ཆོས་རྣམས་ཉམས་སུ་ལེན་ནུས་པ་དང་།   སྐྱེས་བུ་ཆེན་པོའི་ངོ་སྐལ་དུ་གྱུར་པའི་ཆོས་རྣམས་ཉམས་སུ་བླངས་ན།   དེ་དང་མཐུན་པའི་འབྲས་བུ་ཐོབ་པ་ཆོས་ཉིད་ཡིན་པས་ས་ལམ་གྱི་མངོན་རྟོགས་མྱུར་ཏུ་སྐྱེ་བ་ཡིན་ལ།   བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ལ་བློ་མ་སྦྱང་ན་སྐྱེས་བུ་ཆེན་པོའི་ངོ་སྐལ་དུ་གྱུར་པའི་ཆོས་རྣམས་ཉམས་སུ་ལེན་མི་ནུས་ཤིང་།    བརླན་གཤེར་མེད་པའི་ས་ཆ་ཞིག་ཏུ་ས་ཞིང་འདེབས་ལས་བྱས་ན་ལོ་ཏོག་ཐོན་རྒྱུ་ཤིན་ཏུ་དཀའ་བ་ལྟར།    གསང་སྔགས་ཀྱི་ཆོས་སྒོར་ཞུགས་ཏེ་སྔགས་ཀྱི་ཉམས་ལེན་བྱེད་སྐབས་ཀྱང་།   མཆོག་ཐུན་གྱི་དངོས་གྲུབ་འགྲུབ་རྒྱུ་ཧ་ཅང་དཀའ་བ་ཡིན།
   དེར་མ་ཟད་སྔོན་གྱི་དུས་སུ་སྔགས་པ་ཡིན་ཟེར་མཁན་ཚོ་རིག་འཛིན་བྱང་ཆུབ་སེམས་དཔའ་ཤ་སྟག་ཡིན་ཡང་།  དེང་སང་སྔགས་པ་ཡིན་ཟེར་མཁན་དང་།   རྫོགས་ཆེན་དང་ཕྱག་ཆེན་གྱི་ལྟ་བ་རྟོགས་ཡོད་པར་ཁས་འཆེ་མཁན་མང་པོ་ཞིག་ལྟ་དགོངས་མཐོ་བའི་སྔགས་པ་ཡིན་རྒྱུ་ཕར་ཞོག  དེ་ལས་ལྡོག་སྟེ་སེམས་ཀྱི་རྒྱུད་ལ་ངེས་འབྱུང་ཏིལ་འབྲུ་ཙམ་དང་།   སྙིང་རྗེ་ཁབ་མིག་ཙམ་ཞིག་མེད་པས་ནང་པའི་ཆོས་པ་སྤྱིའི་ཞབས་འདྲེན་ཞུ་བཞིན་པ་འདི་དག་ཀྱང་།  གོང་གི་གོ་རིམ་ཅན་གྱི་བློ་སྦྱོང་དེ་དག་སྔོན་དུ་མ་སོང་བར།   བྱིས་པ་ཆུང་ཆུང་རྟ་རྒོད་ལ་བསྐྱོན་པ་ལྟར་ཐེག་པ་མཐོ་བརྙབ་བྱེད་རྒྱུ་སྔ་དྲག་པའི་སྐྱོན་གྱིས་བྱུང་བ་ཡིན།   དེས་ན་ཆོས་པར་རློམས་པ་ཚོས་རང་གིས་རང་ལ་མཛུབ་མོ་བཙུགས་ཤིང་།   རང་གིས་རང་ལ་ཞུས་དག་བྱས་ཏེ་གོ་རིམ་ལྡན་པ་དང་།  རྒྱུ་མཚན་ལྡན་པའི་ནང་པའི་ཆོས་པ་ཡག་པོ་ཞིག་བྱེད་རྒྱུ་གལ་ཆེ།
   དེ་ནས་སྔགས་ཀྱི་ཆོས་ཉམས་སུ་ལེན་པ་ལ་ཐོག་མར་དབང་གིས་རྒྱུད་སྨིན་པ་ཞིག་ཅིས་ཀྱང་བྱེད་དགོས་ཏེ།   དབང་གིས་རྒྱུད་མ་སྨིན་ན་གྲོལ་བྱེད་ཀྱི་ཁྲིད་གདབས་མི་ཆོག་ཅིང་།    གྲོལ་བྱེད་ཀྱི་ཁྲིད་མ་བཏབ་ན་སྦས་པའི་གསང་བར་(hidden secret)གྱུར་པའི་སེམས་ཀྱི་རང་བཞིན་ཡེ་ནས་སངས་རྒྱས་སུ་བཞུགས་པའི་རང་ཞལ་རང་གིས་མི་མཇལ་བ་ཡིན། སྔགས་ལ་ཞུགས་ནས་སྔགས་ཀྱི་ལམ་བསྐྱེད་རྫོགས་གཉིས་ལ་ཉམས་ལེན་གཞུང་བཞིན་བྱེད་དགོས་པ་ནི།   ཐ་ན་བསྙེན་པ་ཕྲན་བུ་ཞིག་བྱས་རུང་བསྐྱེད་རྫོགས་ཀྱིས་ཟིན་པ་ཞིག་བྱུང་ན་འབྲས་བུ་འཕྲལ་དུ་ཐོན་པ་ཡིན་ལ།  བསྐྱེད་རྫོགས་ཀྱིས་མ་ཟིན་ན་དངོས་གྲུབ་ཐོབ་རྒྱུར་རྒྱང་ཐག་ཧ་ཅང་རིང་པ་ཡིན།
   ནང་པའི་ཆོས་ཉམས་སུ་ལེན་ན།  ཉམས་སུ་ལེན་སྟངས་ཅིས་ཀྱང་ཤེས་དགོས་ཤིང་།  མ་ཤེས་སུ་མི་རུང་བའི་རྒྱུ་མཚན་འདི་རྣམས་ལ་བརྟེན་ནས་ངས་དུས་རྣམས་ཀུན་ཏུ་རང་གི་སློབ་མ་དང་གྲོགས་པོ་གྲོགས་མོ་རྣམས་ལ།   ཆོས་ཀྱི་གཞུང་ལ་སྦྱངས་པ་ཅུང་ཙམ་ཅིས་ཀྱང་བྱེད་དགོས་ཞེས་ཤོད་མུས་ཡིན།   སྦྱངས་པ་མེད་ན་ཚུལ་བཞིན་དུ་ཉམས་སུ་ལེན་མི་ཤེས་ཤིང་།  ཚུལ་བཞིན་ཉམས་སུ་ལེན་མ་ཤེས་ན་སྟོན་པའི་གསུངས་པའི་ཉམས་ལེན་བྱེད་སྟངས་དང་རྒྱབ་འགལ་དུ་འགྲོ་བའི་སྟོན་པའི་རྗེས་འཇུག་ངོ་མ་ཞིག་ཆགས་དཀའ།
   ཐེག་པ་ཆེ་ཆུང་གི་ཆོས་གང་ཉམས་སུ་བླངས་ཀྱང་དེའི་གཞི་དང་རྟེན་ནི་སྡོམ་པ་དང་དམ་ཚིག་ཡིན་པས།    སྡོམ་པ་དང་དམ་ཚིག་ལ་གནས་རྒྱུ་ཅི་བས་ཀྱང་གལ་ཆེན་པོ་ཡིན་ཞིང་།    རང་གི་བློ་ཡི་ནུས་པ་དང་བསྟུན་པའི་སྡོམ་པ་ལེན་རྒྱུ་ཡང་གནད་འགག་ཤིན་ཏུ་ཆེན་པོ་ཡིན།   སོ་ཐར་གྱི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་ནི་རང་གི་བློ་ཡི་ནུས་པ་དང་བསྟུན་ནས་ལེན་ཆོག་པས།  ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཀྱང་སྣ་གཅིག་སྣ་འགའ་སོགས་དགེ་བསྙེན་གྱི་སྡོམ་པ་ལེན་ཆོག་ཅིང་།  བྱང་སྡོམ་ཀྱང་སྨོན་སེམས་བཟུང་བ་དང་།   འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད།   སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་ལ་བློ་ཡི་ནུས་པ་དང་བསྟུན་པའི་ལག་ལེན་བྱེད་ཆོག་པ་ཡིན།
   མི་དགེ་བའི་ལས་གང་ཞིག་ཡིན་རུང་བཏང་སྙོམས་སུ་ལུས་ནས་མ་བྱས་པའམ་བྱེད་མ་དགོས་པས་མ་བྱས་པ་དང་།   སྡོམ་པ་བཟུང་ནས་མ་བྱས་པ་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡིན་ཏེ།    དཔེར་ན་འཛམ་གླིང་གི་ཕྱུག་བདག་དང་མི་ཆེན་རྣམས་བཤན་པ་དང་ཉ་བ་བྱས་ནས་འཚོ་བ་སྐྱེལ་མི་དགོས་སྟབས།  དེ་དག་གིས་རང་བཞིན་གྱིས་སྲོག་མི་གཅོད་པ་ཡིན་མོད། རང་བཞིན་གྱིས་སྲོག་མ་བཅད་པ་ཙམ་ལ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི་ངེས་པ་མེད་ཀྱང་།   རང་བཞིན་གྱིས་སྲོག་གཅོད་མི་དགོས་པ་དེའི་སྟེང་དུ་སྲོག་མི་གཅོད་པའི་སྡོམ་པ་བླངས་ནས་སྲོག་མ་བཅད་ན།   དེ་ནས་བཟུང་སྟེ་གཉིད་ལོག་པའམ། རྩེད་མོ་རྩེ་བའམ། ལས་ཀ་བྱེད་པའམ། ཟས་ཟ་བ་སོགས་སྤྱོད་ལམ་གང་ཞིག་བྱེད་ཀྱང༌། ཆུ་ཚོད་ཉེར་བཞིའི་རིང་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་བསོད་ནམས་རྒྱུན་ཆགས་སུ་རང་གི་རྒྱུད་ལ་འབྱུང་བ་ཡིན་པས། འདི་ནི་ནང་པའི་ཆོས་པ་རྣམས་ཀྱིས་ཤེས་དགོས་པའི་གནད་གལ་ཆེན་ཞིག་ཀྱང་ཡིན།
སྤྱིར་སོ་ཐར་གྱི་སྡོམ་པ་ཉམས་ན་སླར་གསོ་མི་རུང་བར་བཤད་པ་ཡང་ཡོད་ཀྱང་།    བྱང་ཆུབ་ཀྱི་སེམས་མངའ་བ་རྣམས་ལ་སོ་ཐར་གྱི་སྡོམ་པ་ནི་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་པས།   གལ་ཏེ་ཉམས་ན་སླར་ཡང་ལེན་རུང་བར་ཀུན་མཁྱེན་རོང་ཟོམ་པ་ཆེན་པོའི་དམ་ཚིག་མདོ་རྒྱས་ལས་གསུངས་ཤིང་།   བྱང་སྡོམ་དངོས་ནི་གལ་ཏེ་ཉམས་ཤོར་ན་སླར་ཡང་ལེན་རུང་བ་ཐེག་ཆེན་པ་སྤྱི་ལ་ཡོངས་གྲགས་ཡིན།
   སྔགས་ཀྱི་དམ་ཚིག་ནི་རྒྱས་པར་ཕྱེ་ན་ས་ཡ་འབུམ་སྡེ་ཟེར་བ་ཡོད་ཀྱང་། མདོར་བསྡུ་ན་སྤྱི་ཡི་དམ་ཚིག་དང་།   ཁྱད་པར་གྱི་དམ་ཚིག   ལྷག་པའི་དམ་ཚིག་གསུམ་གྱི་ནང་དུ་འདུ་ཞིང་།  གལ་ཏེ་ལྟུང་བ་བྱུང་ཤོར་ན་འཕྲལ་དུ་བཤགས་སྡོམ་བྱེད་དགོས་པ་ཡིན།   འཕྲལ་དུ་བཤགས་སྡོམ་མ་བྱས་ན་ལྟུང་བ་བྱུང་ནས་ཞག་གཅིག་ལོན་པ་ལ་འགལ་བ་དང་།   ཟླ་བ་གཅིག་ལོན་པ་ལ་ཉམས་པ།  ལོ་གཅིག་ལོན་ལ་འདས་པ།   ལོ་གཉིས་ལོན་ལ་རལ་བ་ཟེར་ཞིང་།  དེ་རྣམས་ལས་ཕྱི་མ་ཕྱི་མ་བཤགས་སྦྱང་དཀའ་བ་དང་།    ལོ་གསུམ་འདས་ན་གསོར་མི་རུང་བའམ་གསོ་ཧ་ཅང་དཀའ་བར་གསུངས་ཡོད།
དགེ་བསྙེན་གྱི་སྡོམ་པ་དང་།  བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཟབ་མོ་ལྟ་སྲོལ་དང་།  རྒྱ་ཆེན་སྤྱོད་སྲོལ་གཉིས་སུ་གྲགས་པ་རྣམས་དང་།    སྔགས་ཀྱི་སྤྱི་ཁྱད་ལྷག་པའི་དམ་ཚིག    སྔགས་ཀྱི་ལམ་བསྐྱེད་རྫོགས་ཀྱི་སྐོར་སོགས་འདིར་བརྗོད་དགོས་པ་ཡིན་ཡང་།  གཅིག་ནས་ཡིག་ཆ་གཞན་མང་པོ་ལས་ཡང་ཡང་བྱུང་བས་བལྟ་སླ་བ་དང་། གཉིས་ནས་སྐབས་འདིར་ཡིག་ཚོགས་ལ་འཇིགས་པས་མ་བྲིས་པ་ཡིན་མོད།    གལ་ཏེ་ཤེས་པར་འདོད་པའི་དོན་གཉེར་ཅན་འདྲ་མཆིས་ན་ངག་ལས་ཤེས་ཀྱང་ཆོག་གོ
དེ་ལྟར་ན་ཐོག་མར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་ཞིང་སྐྱབས་འགྲོའི་སྡོམ་པ་བཟུང་།   དེ་ནས་ཚེ་མི་རྟག་པ་དང་ལས་རྒྱུ་འབྲས་སོགས་ལ་གོ་བ་ལོན་པར་བྱས།   དེ་ནས་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣམས་ལ་བློ་སྦྱངས་ནས་རང་གི་རྒྱུད་ལ་སྐྱེ་བར་བྱ།   དེ་ནས་རྒྱ་ཆེན་སྤྱོད་སྲོལ་དང་ཟབ་མོ་ལྟ་སྲོལ་གཉིས་ཀྱི་དབང་དུ་བྱས་པའིབྱང་ཆུབ་སེམས་དཔའི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའི་ལྟ་བ་ཐུན་མོང་པ་སྟོང་པ་ཉིད་ཀྱི་དོན་ལ་ཐོས་བསམ་བྱས།   དེ་ནས་གསང་སྔགས་ཀྱི་དབང་ཞུས་ཏེ་ཕྱག་རྫོགས་ཀྱི་དོན་བསྒོམ་པ་ནི་ནོར་འཆུགས་མེད་པའི་ཉམས་ལེན་གྱི་འགྲོ་སྟངས་ཡིན།   གལ་ཏེ་སྦྱངས་པ་སྔོན་དུ་སོང་བ་ཞིག་ཡིན་ན་དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་སོགས་ལ་བློ་སྦྱངས་དགོས་པའི་ངེས་པ་མེད་ལ།   ཐུན་མོང་གི་སྔོན་འགྲོའི་རིགས་ཀྱང་ཉམས་ལེན་བྱེད་དགོས་པའི་ངེས་པ་མེད་ཀྱང་།  ཐེག་པ་ཆེན་པོའི་ཉམས་ལེན་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་པོ་ནི་ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་མེ་དང་ཚ་བ་ཆུ་དང་རླན་གཤེར་བཞིན་རང་གི་རྒྱུད་ལ་འབྲལ་མེད་དུ་ཡོད་པར་བྱེད་དགོས་ཤིང་།   ཡོད་པ་ཙམ་གྱིས་ཀྱང་མི་ཆོག་པར་སྐྱེ་བ་རེ་རེ་བཞིན་གོང་ནས་གོང་དུ་འཕེལ་བར་བྱ་དགོས་པས།   བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་པོ་ནི་ཚེ་མི་རྟག་པ་སོགས་དང་འདྲ་བར་གོ་བ་སྐྱེས་ན་དེ་ནས་བསྐྱུར་ཆོག་པ་ཞིག་མིན་ཞིང་།  ཕྱག་རྫོགས་ཀྱི་དོན་ཉམས་སུ་ལེན་མཁན་ཞིག་ཡིན་ན་བྱམས་སྙིང་རྗེ་གཞན་ལས་ལྷག་ཏུ་ཆེ་བ་ཞིག་བྱེད་དགོས་པ་ཡིན།
༼བཅོ་ལྔ།༽
བླ་སློབ་ཀྱི་འབྲེལ་བ།
   ཡང་དེང་དུས་ཀྱི་སྐྱེ་བོ་ཕལ་མོ་ཆེ་ཞིག་ཆོས་ཐམས་ཅད་ཀྱི་འབྱུང་གནས་བཤེས་གཉེན་བསྟེན་ཚུལ་ལ་ཤིན་ཏུ་ཞན་པར་མཐོང་བས། འདིར་ཞར་བྱུང་དུ་བཤེས་གཉེན་བསྟེན་ཚུལ་མདོ་ཙམ་སྨྲོས་ན།    སྟོན་པ་སངས་རྒྱས་ཀྱི་བཀའ་ལུང་ལྟར་ནང་པའི་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་ཞིག་གི་ངོས་ནས་བརྗོད་ན་ནི།  འཕགས་པ་བརྒྱད་སྟོང་པ་ལས།  འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དང་པོ་ཉིད་དུ་དགེ་བའི་བཤེས་གཉེན་དག་ལ་བསྙེན་པར་བྱ།  བསྟེན་པར་བྱ།  བསྙེན་བཀུར་བྱའོ།།  ཞེས་སོགས་དང་།  འཕགས་པ་སྡུད་པ་ལས།   སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས།།  བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ།།   ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་།།   དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན།།   སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས།།    ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས།། ཞེས་གསུངས་པ་ལྟར།    ནང་པའི་ཆོས་ཀྱི་ཉམས་ལེན་ལ་གོམས་པ་དང་པོ་སྤོ་སྐབས་ནས་བཟུང་སྟེ་ཆེས་གལ་ཆེ་བ་ནི་བླ་མ་དགེ་བའི་བཤེས་གཉེན་བཟང་པོ་ཞིག་བསྟེན་རྒྱུ་དེ་ཡིན།    
   རང་རེ་རྣམས་ཀྱི་ལས་ཀྱི་སྒྲིབ་པ་ཕལ་ཆེར་དག་སྐབས་ལོངས་སྤྱོད་རྫོགས་པའི་སྐུ་དང་།   སངས་རྒྱས་སྤྲུལ་པའི་སྐུ་དང་།  ཞིང་ཁམས་གཞན་གྱི་སངས་རྒྱས་རྣམས་ལས་དངོས་སུ་ཆོས་ཉན་པར་ནུས་ཀྱང་།    སོ་སོའི་སྐྱེ་བོའི་གནས་སྐབས་སུ་དེ་ཙམ་མི་ནུས་པའི་ཐོག་མར་སོ་སོའི་སྐྱེ་བོའི་དགེ་བའི་བཤེས་བསྟེན་དགོས་པར་བརྒྱུད་པའི་བླ་མ་རྣམས་གསུངས་ཤིང་།  དེ་ཡང་འདུལ་བ་སོ་ཐར་གྱི་བླ་མའི་མཚན་ཉིད་དང་།  བྱང་ཆུབ་སེམས་དཔའི་བླ་མའི་མཚན་ཉིད་དང་། གསང་སྔགས་ཀྱི་དབང་ཁྲིད་ཞུ་སའི་བླ་མའི་མཚན་ཉིད་རྣམས་བཀའ་དང་བསྟན་བཅོས་ཆེན་པོ་དག་ལས་ཤིན་ཏུ་གསལ་བོར་གསུངས་ཡོད་པས།   ང་ཚོས་བཀའ་བསྟན་དེ་དག་གི་དགོངས་དོན་བཞིན་བླ་མ་དགེ་བའི་བཤེས་གཉེན་མ་ནོར་བ་ཞིག་འཚོལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན།   
   འདིར་དགོས་པའི་དབང་གིས་བྱང་ཆུབ་སེམས་དཔའི་བླ་མའི་མཚན་ཉིད་དང་། གསང་སྔགས་ཀྱི་བླ་མའི་མཚན་ཉིད་གཉིས་དམིགས་སུ་བཀར་ནས་བཤད་ན།    བྱང་ཆུབ་སེམས་དཔའི་བླ་མའི་མཚན་ཉིད་ནི།   འཕགས་པ་ཐོགས་མེད་ཀྱི་བྱང་ས་ལས་ཡོན་ཏན་བརྒྱད་ལྡན་དང་།   མདོ་སྡེ་རྒྱན་ལས་ཡོན་ཏན་བཞི་ལྡན་དུ་གསུངས་པ་སོགས་ཡོད་ཀྱང་།   ཞི་བ་ལྷས་སྤྱོད་འཇུག་ལས།  རྟག་པར་དགེ་བའི་བཤེས་གཉེན་ནི།།  ཐེག་ཆེན་དོན་ལ་མཁས་པ་དང་།། བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག།  སྲོག་གི་ཕྱིར་ཡང་མི་གཏོང་བའོ།།  ཞེས་གསུངས་པ་ལྟར་ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མཁས་པ་དང་།  བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་གཉིས་ཀྱི་ནང་དུ་མ་འདུས་པ་མེད་དོ།།  དེ་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་དོན་ལ་མ་མཁས་ན་ཡང་དག་པའི་ལམ་དང་།   ལམ་གྱི་གེགས་སྟོན་མི་ཤེས་པས་སློབ་མའི་རྒྱུད་དང་སློབ་མའི་མི་ཚེ་ཆུད་ཟོས་སུ་འགྲོ།  དཔེར་ན་དེང་སང་བླ་མ་ཁ་ཅིག་ཡུན་རིང་པོར་བརྟེན་ནས་བཀའ་བཞིན་བསྒྲུབས་ཀྱང་།  བསང་གཏོང་བ་དང་།  གཏོར་མ་བཅའ་ཚུལ།  ཆོ་ག་རེ་འདོན་ཚུལ་སློབ་པ་ཙམ་དང་།   དབང་གི་ཡན་ལག་ཚང་མ་ཚང་ཅི་རིགས་ཀྱིས་དབང་རེ་བསྐུར་རྒྱུ་ཙམ་ལས་སློབ་མའི་རྒྱུད་ལ་ཕན་ཐོགས་པའི་གདམས་ངག་མང་པོ་སྟོན་རྒྱུ་མེད་པས།  སློབ་མའི་རྒྱུད་ལ་ལུང་དང་རྟོགས་པའི་ཡོན་ཏན་གང་ཡང་ཡར་རྒྱས་སུ་འགྲོ་རྒྱུ་མེད་པ་ལྟ་བུ་ཡིན།   དེ་བཞིན་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་ལྡན་ན་གཞན་ལ་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་པའི་མཐུ་མེད་ཅིང་།  ལོག་འཚོ་དང་བརྣབ་སེམས་གནོད་སེམས་སོགས་ཀྱི་དབང་གིས་རྫུན་རླབས་པོ་ཆེ་རེས་སློབ་མ་རྣམས་མགོ་སྐོར་བ་སོགས་ཀྱིས་ཞབས་འདྲེན་ཞུ་ཞིང་།   དེ་ནས་སློབ་མའི་རྒྱུད་ལ་ཡང་ལོག་ལྟ་སྐྱེས་ནས་བླ་སློབ་གཉིས་ཀ་ཉམས་པར་འགྱུར་བ་ཡིན།   དེས་ན་ཅིས་ཀྱང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མཁས་པ་དང་།  བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་སྟེ་ཆ་རྐྱེན་འདི་གཉིས་ཚང་བའི་བླ་མ་ཞིག་བརྟེན་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན།
   དེང་སང་འཛམ་གླིང་ཤར་ནུབ་ཀྱི་ནང་པའི་རྗེས་ཞུགས་པ་མང་པོས་བླ་མ་མཚན་ལྡན་ཡིན་མིན་གླེང་སྐབས་མངོན་ཤེས་ཡོད་མེད་དང་།  གྲུབ་རྟགས་ཡོད་མེད་ཀྱི་སྐད་ཆ་ཞིག་དང་པོར་གླེང་ཡོང་གི་འདུག་ཀྱང་།    དེ་ནི་བླ་མ་བརྟགས་པ་ལ་མི་མཁས་པ་ཡིན།    གང་ཡིན་ཟེར་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡེ་སྣོད་གསུམ་པོ་གང་གི་ནང་དུ་ཡང་བླ་མ་མཚན་ལྡན་ཡིན་མིན་བརྟགས་སྐབས།  གཙོ་བོ་མངོན་ཤེས་དང་གྲུབ་རྟགས་ཡོད་མེད་ལ་བལྟ་དགོས་ཚུལ་ཞིག་གསུངས་མེད་ལ།   རྒྱ་བོད་ཀྱི་པཎ་གྲུབ་སུས་ཀྱང་དེ་ལྟར་གསུངས་མེད།   སྤྱིར་ནང་གི་ཉམས་ལེན་ཚད་མཐོན་པོར་སླེབས་ན་མངོན་ཤེས་དང་གྲུབ་རྟགས་སོགས་ཞར་ལ་ཡོང་བ་ཡིན་མོད།  ཕྱོགས་གཞན་ཞིག་ནས་མཁའ་ལ་རྒྱུ་བའི་ཡི་དྭགས་འགའ་ཞིག་དང་།  ཐེ་རང་། འབྱུང་པོ་གདུག་པ་ཅན་བརྟེན་མཁན་རྣམས་ལ་ཡང་ཡི་དྭགས་དང་འབྱུང་པོ་དེ་དག་གི་ནུས་པས་མངོན་ཤེས་དང་གྲུབ་རྟགས་མིག་འཕྲུལ་སོགས་ཅི་རིགས་ཡོང་བ་ཡིན།   འདས་པའི་ལོ་རྒྱུས་ཀྱི་ཐོག་ཏུ་ཡང་ཡི་དྭགས་དང་འབྱུང་པོས་རྒྱུད་བརླམས་ནས་མངོན་ཤེས་དང་གྲུབ་རྟགས་ཐོབ་ཅིང་།   དེ་ནས་སྐྱེ་བོ་ཀུན་བསླུས་ཏེ་ལོག་འཚོ་གང་མང་ཞིག་བསྒྲུབས་པའི་མཐར་ཡི་དྭགས་འབྱུང་པོ་དེ་ད ག་གིས་ཀྱང་དོར་ནས་མཐར་འདི་དང་ཕྱི་མ་གཉིས་ཀར་ཉམས་པའི་ལོ་རྒྱུས་ཧ་ཅང་མང་།   དེས་ན་མངོན་ཤེས་དང་གྲུབ་རྟགས་སོགས་ཡོད་ན་ཡོད་པ་ཡིན་པས་ཡག་ཏུ་ཆུག་སྟེ།  གཙོ་བོ་གོང་དུ་ཡང་ཡང་བཤད་པ་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་མཁས་ཤིང་། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་བླ་མ་ཞིག་བརྟེན་རྒྱུ་ཤིན་ཏུ་གལ་ཆེ་བས་དུས་རྣམས་ཀུན་ཏུ་གཟབ་དགོས་སོ།།
   ཁྱད་པར་གསང་སྔགས་ཀྱི་དབང་ཁྲིད་ཞུ་སའི་བླ་མ་ནི།    དུག་སྦྲུལ་གྱི་ཁ་ནང་ནས་ནོར་བུ་ལེན་པ་ལྟར་ཁེ་ཉེན་གཉིས་ཀ་ཤིན་ཏུ་ཆེ་བ་ཡིན་པས་ཆེས་གཟབ་དགོས། དེ་ཡང་ཇི་ལྟར་གཟབ་དགོས་ཟེར་ན་བླ་མ་དེ་ལ་རྒྱུད་ལས་བཤད་པའི་བླ་མའི་མཚན་ཉིད་ཚང་མི་ཚང་བལྟ་རྒྱུ་མ་གཏོགས་གཟབ་ཚུལ་གཞན་མེད་པས།  རྒྱུད་ལས་བཤད་པའི་བླ་མའི་མཚན་ཉིད་ཚང་མི་ཚང་བལྟ་དགོས་པ་ཡིན།  དེ་ཡང་རྒྱུད་ལས། ཕྱི་དང་ནང་གི་དེ་ཉིད་བཅུ་ཤེས་པ་དང་།  མཚན་དུས་གྲངས་གསུམ་གྱི་བསྙེན་པ་གང་རུང་རྫོགས་པ་སོགས་མང་དུ་གསུངས་ཀྱང་།  མ་མཐའ་ཡང་དབང་ཁྲིད་ཀྱི་བརྒྱུད་པ་དག་ཅིང་།  དབང་ཁྲིད་གང་གནང་རུང་དེའི་ལག་ལེན་ཆ་ལག་དང་བཅས་པ་རྣམས་རྒྱུད་དང་།  བླ་མ་བརྒྱུད་པའི་མན་ངག་རྣམས་དང་མཐུན་པར་ཤེས་པ།  ཐུགས་རྒྱུད་ལ་སྙིང་རྗེ་དང་བྱང་ཆུབ་སེམས་མངའ་བ་ཞིག་ཅིག་ཀྱང་ཡིན་དགོས།   དེའི་སྟེང་དུ་གསང་སྔགས་ཀྱི་སྡེ་སྣོད་ཤེས་ཤིང་།  ཉམས་རྟོགས་ཀྱང་གང་མཚམས་ཡོད་མཁན་ཞིག་ཡིན་ན་ཕུན་སུམ་ཚོགས་པ་ཡིན་པས།    བླ་མ་དེ་ལྟ་བུ་དང་མཇལ་ན་ལོང་བའི་ལག་ཏུ་དབྱུག་རྟེན་ལོན་པ་ལྟར་རང་གི་ལག་ནས་མ་ཤོར་བར་བྱས་ཏེ་བརྟེན་ཐུབ་པ་བྱེད་དགོས།
   དེང་སང་འཛམ་གླིང་ཤར་ནུབ་ཀྱི་ནང་པའི་རྗེས་སུ་ཞུགས་པ་མང་པོ་ཞིག་ལ་འཕྲད་དང་འཕྲད་བཞིན་པའི་བར་ཆད་ཆེས་ཆེ་ཤོས་ཤིག་ནི།   འགའ་ཞིག་བླ་མ་ཁོམ་ཡང་སློབ་མ་མི་ཁོམ།  ཡང་འགའ་ཞིག་སློབ་མ་ཁོམ་ཡང་བླ་མ་མི་ཁོམ་པས་ཆོས་ཞིབ་ཚགས་པོ་ཞིག་ཉན་རྒྱུ་མི་ཡོང་བ་དེ་ཡིན།   འདི་ནི་ཤེར་ཕྱིན་གྱི་མདོ་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉན་པ་ལ་བར་དུ་བཅོ ད་པའི་བདུད་ལས་ཡིན་པར་དངོས་སུ་གསུངས་ཡོད།
   དེ་ཡང་དཔེར་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ལོ་བདུན་ཅུ་དོན་ལྔའི་རིང་ལ་སློབ་དཔོན་དགའ་རབ་རྡོ་རྗེ་བརྟེན་པས་དུར་ཁྲོད་སོ་ས་གླིང་དུ་འཇའ་ལུས་གྲུབ་པ་དང་། སློབ་དཔོན་ཤྲཱི་སེངྷས་ལོ་ཉི་ཤུ་རྩ་ལྔའི་བར་ཏུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་བརྟེན་པས་དུར་ཁྲོད་ཆེན་པོ་བསིལ་བྱིན་ཏུ་འཇའ་ལུས་གྲུབ་པ་ལྟར།   སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ཡུན་རིང་པོར་བླ་མའི་དྲུང་ནས་གཞུང་དང་གདམས་ངག་ཞུས་ཏེ་སྒྲོ་འདོགས་བཅད་པས་མཐར་འབྲས་བུ་མངོན་དུ་གྱུར་པ་ཡིན་ལ།  དེང་སང་ད་དུང་བོད་ཀྱི་གྲྭ་བཙུན་ཕལ་མོ་ཆེས་གདན་ས་ཁག་ཏུ་དགེ་བའི་བཤེས་གཉེན་རྣམས་ཀྱི་དྲུང་ནས་གཞུང་དང་མན་ངག་ལ་སྦྱངས་པ་ཡུན་རིང་པོར་བྱེད་བཞིན་པ་ཡིན་མོད།   རྒྱལ་ཁབ་གཞན་གྱི་དད་ལྡན་པ་ཚོའི་ནང་ན་ལས་ཀའི་བྲེལ་ཟིང་སོགས་ཀྱི་དབང་གིས་ཡུན་རིང་པོར་ཆོས་ལ་སློབ་སྦྱོང་བྱེད་མི་ཁོམ་ཤིང་།  དེའི་རྐྱེན་གྱིས་ཆོས་ལ་གོ་བ་ཡག་པོ་ཞིག་ཆགས་མི་ཐུབ་པར་ཆོས་ཟེར་བ་དེ་ལྷ་ཞིག་ལ་གསོལ་བ་འདེབས་རྒྱུ་ཙམ་དང་།  ཡང་ན་དབང་བསྐུར་བ་སོགས་ཀྱི་བྱིན་རླབས་ཞུ་རྒྱུ།  ཡང་ན་བསང་གཏོང་བ་སོགས་ཕྱི་ལོགས་སུ་སྟོན་རྒྱུ་ཡོད་པའི་ལས་ཀ་དམིགས་བསལ་བ་ཞིག་བྱེད་རྒྱུ་ཙམ་ལ་གོ་བ་བླངས་ཡོད་མཁན་ཧ་ཅང་མང་།
   སྒོར་མོའི་དུས་རབས་སུ་སྐྱེས་ཤིང་ཁྱིམ་ཚང་གི་འཚོ་བ་ལ་བལྟ་དགོས་མཁན་ཚོར། གྲྭ་བཙུན་ཚོ་དང་འདྲ་བའི་དུས་ཚོད་རིང་པོ་མེད་པ་ལ་ཁག་མེད་ཀྱང་། རང་ཉིད་ནང་པའི་ཆོས་སྒོར་ཞུགས་པའི་དོན་པོར་མ་མཐའ་ཡང་ནང་པའི་ཆོས་ཀྱི་ཁ་ཕྱོགས་ཙམ་ཞིག་ངེས་པར་དུ་ཤེས་པའི་ཐབས་ཤེས་བྱེད་དགོས།
དེར་བརྟེན་ཚད་མའི་གཞུང་དང་། མངོན་པའི་གཞུང་སོགས་མཁས་པའི་ཡན་ལག་ཏུ་གྱུར་བའི་གཞུང་རྣམས་ལ་ཐོས་བསམ་བྱེད་པའི་དུས་ཚོད་མེད་ཀྱང་།  སྒྲུབ་པ་ཉམས་ལེན་གྱི་གཞུང་རེ་ཟུང་རེར་ཅིས་ཀྱང་མི་བལྟ་བའི་ཐབས་མེད།  དཔེར་ན་བསྟན་པ་ཡོངས་རྫོགས་བསྟན་བཅོས་གཅིག་ཏུ་ཚང་བའི་གཞུང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་དང་།  རིག་འཛིན་འཇིགས་མེད་གླིང་པའི་ཡོན་ཏན་རིན་པོ་ཆེའི་མཛོད་ལྟ་བུ་དང་།   ཡང་ན་སྔགས་ཀྱི་བཤད་པ་ཆེར་མི་འབྱུང་ཡང་མདོ་ཕར་ཕྱིན་ཐེག་པའི་ལམ་གྱི་ཟབ་གནད་གསལ་ཞིང་གོ་བདེ་བར་སྟོན་པ་འཇམ་མགོན་ས་པཎ་གྱིས་ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་དང་། དྭགས་པོ་རིན་པོ་ཆེའི་ཐར་རྒྱན། ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་ལྟ་བུ་རེར་ཅིས་ཀྱང་ཆ་ཚང་བར་བལྟ་ཐུབ་པ་བྱེད་དགོས།
   རྗེ་བཙུན་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་གྱི་རིམ་པའི་ཞི་ལྷག་གི་སྐབས་རྣམས་སྦྱངས་པ་ཆེན་པོ་མ་མྱོང་མཁན་རྣམས་ཀྱིས་རེ་ཞིག་གོ་དཀའ་ཡང་།   རྒྱལ་སྲས་ཀྱི་སྤྱོད་པ་སྤྱི་ལ་བསླབ་པའི་ལམ་གྱི་རིམ་པ་ཡན་ཆད་ལ་བལྟ་ཐུབ་ན་སྐྱེས་བུ་གསུམ་གྱི་ལམ་རིམ་ཕལ་མོ་ཆེ་ཞལ་གསལ་བར་བཞུགས་པར་མ་ཟད།    ལམ་རིམ་ཆེན་མོ་ཡིག་རིགས་མང་པོར་བསྒྱུར་ཀྱང་ཚར་ཡོད་པས་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་འདི་ལྟ་བུ་ལ་དུས་ཚོད་གང་བྱུང་ཀུན་ཏུ་བལྟ་ཀློག་བྱེད་རྒྱུ་གལ་ཆེ།
   དེ་ལ་རེ་ཞིག་ཚོང་དང་ཁྱིམ་ལས་སོགས་ཡོད་ཚད་བསྐྱུར་ནས་དགོན་པ་ཞིག་ཏུ་སོང་ཏེ་སློབ་སྦྱོང་བྱེད་བསྡད་རྒྱུའི་དུས་ཚོད་མེད་ཀྱང་།  རང་གི་ཁྱིམ་ནས་དུས་ཚོད་གང་བྱུང་ལ་གསུང་རབ་རྣམས་ལ་བར་མ་ཆད་ཏུ་བལྟ་ཀློག་བྱེད་པ་དང་།   དོན་མི་གོ་བ་རྣམས་ལ་རྟགས་བརྒྱབ་སྟེ་བླ་མ་མཁས་པ་ཚོ་དང་མཇལ་སྐབས་དྲིས་ནས་དོན་གོ་བར་བྱེད་དགོས།  འདི་ནི་རྒྱུན་དུ་ཆོས་ཉན་པར་འགྲོ་མི་ཁོམ་པ་རྣམས་ཀྱི་ཆོས་སློབ་པའི་ཐབས་ལམ་ཡག་ཤོས་ཡིན།
   ཡང་ན།   ངོ་བོ་རང་གི་རྩ་བའི་བླ་མ་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ཡིན་པ་ལ།   རྣམ་པ་རྒྱལ་དབང་ཨོ་རྒྱན་ཆེན་པོ་སོགས་རང་ཉིད་གང་ལ་དད་པའི་བརྒྱུད་པའི་བླ་མ་རྣམས་སོ་སོའི་ཆ་ལུགས་ལྟར་བསྒོམ་ནས་དབང་བཞི་བླངས་པ་དང་།  ཁྱད་པར་དུ་ཐུགས་ཡིད་ཡང་ཡང་བསྲེས་ན་རྒྱུད་ལ་བྱིན་རླབས་ཞུགས་ནས་ཆོས་ཀྱི་ཚིག་དོན་ཐམས་ཅད་རང་ཤེས་སུ་ཡོང་བ་ཡིན་པས་བླ་མའི་རྣལ་འབྱོར་སྒོམ་པ་ལ་འབད་བརྩོན་བྱེད་དགོས།
   མདོར་བསྡུ་ན།  དུས་ཚོད་བྱུང་ན་བླ་མའི་དྲུང་ནས་ཆོས་རྒྱུན་རིང་ཙམ་ཞུ་བ་དང་།  མ་མཐའ་ཡང་གཞུང་གཅིག་རེ་ཙམ་མགོ་རྔ་ཚང་བར་ཉན་ཞིང་།  བླ་མ་མེད་ན་རང་ཁྱིམ་ནས་སྒྲུབ་པ་ཉམས་ལེན་གྱི་བསྟན་བཅོས་རྣམས་ལ་བལྟ་ཀློག་གང་ཐུབ་བྱས་ཏེ་ཆོས་དང་ཉམས་ལེན་ཀྱི་འགྲོ་སྟངས་ཡག་པོ་ཞིག་ཤེས་པར་བྱེད་དགོས།   དེ་མིན་དེ་རིང་བླ་མ་ཡ་གིའི་དྲུང་དུ་ཆུ་ཚོད་གཅིག་གཉིས་རེར་གསུང་ཆོས་ཞུ་བར་ཕྱིན།   སང་ཉིན་མ་གའི་དྲུང་དུ་དབང་རེ་ཞུ་བར་ཕྱིན།  དེ་ནས་ང་རྙིང་མ་ཡིན།  ང་བཀའ་བརྒྱུད་པ་ཡིན།   ང་དགེ་ལུགས་པ་ཡིན།    ང་རིས་མེད་ཡིན་ཟེར་བསྡད་པ་ཙམ་གྱིས་ཕན་ཆེན་པོ་མི་ཐོགས་པས། ལོ་གང་མང་ཞིག་སོང་རྗེས་རང་ལ་གྲུབ་འབྲས་གང་ཡང་མེད་པ་ཞིག་ཆགས་རྒྱུའི་ཉེན་ཁ་ཡོད། དེར་བརྟེན་བླ་མ་དང་གླེགས་བམ་གྱི་དྲུང་ནས་རྒྱུན་རིང་ཙམ་རེར་ཆོས་དང་གདམས་ངག་ལ་སྦྱངས་བརྩོན་བྱེད་དགོས་པ་ཡིན།
    ཡུལ་མི་འདྲ་བ་དང་དུས་མི་འདྲ་བ། མི་རིགས་སོ་སོའི་རིགས་གཞུང་དང་གོམས་གཤིས་མི་འདྲ་བའི་དབང་གིས་མི་འགའ་ཞིག་ལ་བཤེས་གཉེན་བརྟེན་ཚུལ་ཀྱི་ཐོག་ཏུ་དཀའ་ངལ་གང་མང་འཕྲད་ཀྱི་ཡོད་ན་ཡང་།   གཙོ་བོ་བླ་མར་བརྟེན་ཚར་རྗེས་རྒྱུད་ལས།  ཡུལ་ལ་དབང་བའི་རྒྱལ་པོ་དང་།།   ཁུ་བོ་ཕ་དང་མ་དང་མིག།  སྙིང་ལས་ལྷག་པའི་ཚུལ་བལྟས་ཏེ།།  ཞེས་གསུངས་པ་ལྟར་རང་གི་ཕ་མ་དང་སྙིང་ལས་ཀྱང་ལྷག་པའི་འདུ་ཤེས་འཛིན་པ་དང་། བཀའ་གསུངས་ཅི་བཞིན་སྒྲུབ་རྒྱུ་ལ་གང་དྲག་དྲག་གིས་འབད་བརྩོན་ཅི་ཐུབ་བྱེད་དགོས།
   གལ་ཏེ་བླ་མ་དེས་ནང་པའི་ཆོས་དང་འགལ་བ། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ།  སློབ་མའི་ངོས་ནས་བསྒྲུབ་མི་ཐུབ་པ་དེ་འདྲ་ཞིག་བསྒྲུབ་ཤོག་གསུངས་ན།  ངག་འཇམ་པོའི་སྒོ་ནས་གུས་ཞབས་དང་བཅས།   དེ་ངས་བསྒྲུབ་ཐུབ་ཀྱི་མི་འདུག་པས་དགོངས་པ་མ་ཚོམས་རོགས་ཞེས་ཞུ་ཆོག་ཅིང་།    དེ་ནི་སློབ་དཔོན་བྷ་བྱས་མཛད་པའི་བླ་མ་ལྔ་བཅུ་པ་ལས།  མི་ནུས་པ་ལ་ཤད་ཀྱིས་སྦྱངས།། ཞེས་གནའ་སྔ་མོ་ནས་དམིགས་བསལ་གྱིས་གནང་པ་ཐོབ་ཡོད་པ་ཞིག་ཡིན།  དེ་ལས་གཞན་རབ་སྒྲུབ་པའི་མཆོད་པ་དང་།   འབྲིང་ཞབས་ཏོག་གིས་མཆོད་པ།  ཐ་མ་ཟང་ཟིང་མཆོད་པ་གསུམ་པོས་བླ་མ་མཆོད་ནས་ཐུགས་གང་མཉེས་ལ་འབད་དགོས་པ་ནི་སློབ་མ་ཞིག་ལ་མཚོན་ན་གཡོལ་ཐབས་མེད་པའི་ལས་འགན་ཡིན།
དོན་མ་གོ་བའི་མི་འགའ་ཞིག་གིས་བླ་མས་ཆོས་གསུངས་པ་དང་སློབ་མས་མཎྜལ་ཕུལ་བ་ལ།   
བླ་མའི་ཚོང་ལས། Lama businessཟེར་གྱི་འདུག་པ་ནི་རྒྱུ་མཚན་མ་གོ་བའི་སྐད་ཆ་ཞིག་ཡིན།    ཆོས་ཕྱོགས་ནས་བཤད་ན་བླ་མས་ཆོས་གསུངས་སྐབས་སློབ་མས་མཎྜལ་ཕུལ་བའི་ལུགས་སྲོལ་དེ་གནའ་སྔ་མོ་སྟོན་པ་ཞལ་བཞུགས་སྐབས་ནས་ཡོད་པར་མ་ཟད།  རྒྱུད་ལས་ཀྱང་།  དེ་ནས་རིགས་ཀྱི་བུ་མཆོག་དེས།།  རྒྱལ་སྲིད་དང་ནི་རང་གི་ལུས།།   བུ་དང་ཆུང་མ་ནོར་གྱི་དབྱིག། རབ་ཏུ་གཅེས་དང་ཡིད་འཐད་འབུལ།།  ཞེས་རང་གི་ལུས་དང་རྒྱལ་སྲིད་ཀྱང་ཕུལ་དགོས་པར་བཤད་ན།   རྒྱུན་ལྡན་གྱི་མཎྜལ་ཙམ་ནི་སྨྲོས་མ་དགོས་པ་ཡིན།    དེ་བཞིན་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་།   མཁས་པ་རྣམས་ནི་བཀུར་བ་དང་།། བསོད་སྙོམས་དག་ཀྱང་རྙེད་པར་ཤོག། ཅེས་དང་།  བསྟན་པ་རྙེད་དང་བཀུར་སྟི་དང་།།  བཅས་ཏེ་ཡུན་རིང་གནས་གྱུར་ཅིག། ཅེས་སྨོན་ལམ་མཛད་ཡོད་པ་དང་།   སློབ་དཔོན་བཻ་རོ་ཙ་ནས་ཀྱང་།  ཅི་ཡོད་བླ་མའི་ཕྱོགས་སུ་འབུལ་བ་ང་།།  ལྟོག་གྲིར་འཁྱག་གྲིར་ཤི་ཡང་ཞེ་བློ་བདེ།།    ཞེས་པའི་མགུར་གསུངས་ཡོད་པ་ལྟ་བུ་ཡིན།
    གཞན་ཡང་བླ་མ་རྣམས་ཀྱིས་ཆུང་དུས་ནས་བཟུང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་གནང་ནས་ཡོང་བ་ཡིན་ལ།   ཐོས་བསམ་སྒོམ་གསུམ་མ་གཏོགས་ཚོང་དང་ཞིང་ལས་སོགས་གྱི་ལས་ཀ་བྱེད་རྒྱུ་སྟོན་པ་ཉིད་ཀྱིས་དངོས་སུ་བཀག་པས།   བླ་མས་སློབ་མ་ལ་ཕན་པའི་ཆེད་དུ་རང་ཉིད་ཀྱིས་གང་ལ་སྦྱངས་པའི་ཆོས་དང་གདམས་ངག་གནང་བ་དང་།  སློབ་མའི་བླ་མ་ལ་ཅི་འབྱོར་གྱི་ནབ་བཟའ་དང་གསོལ་དོད་ཙམ་ཕུལ་བ་འདི་ཡ་རབ་ཀྱི་ལུགས་སྲོལ་དང་མཐུན་པ་ཞིག་ཀྱང་ཡིན།   རྣམ་པ་གཞན་དུ་ན་སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་དགེ་འདུན་གྱི་སྡེ་ལ་ཐུག་ཅིང་། དགེ་འདུན་གྱི་སྡེ་གནས་མི་གནས་གདན་ས་དང་དགོན་པ་ཁག་ལ་ཐུག་ཡོད་པ་ཡིན་པས།   དཔེར་ན་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་སྟོང་ཕྲག་དྲུག་ལྷག་རྩ་གཏོར་ཏུ་བཏང་བ་རྣམས་དེང་སང་བླ་མ་རྣམས་ཀྱིས་ཡར་བཞེངས་ཡོད། མར་གཏོར་མཁན་རྒྱ་ནག་གཞུང་དང་།  ཡར་བཞེངས་མཁན་བོད་ཀྱི་བླ་མ་རྣམས་ཡིན་པས་བླ་མ་རྣམས་ལ་དཔལ་འབྱོར་ཡང་དགོས་པ་ཡིན།   ད་དུང་བླ་མ་རྣམས་ཀྱིས་རྒྱ་བལ་འབྲུག་གསུམ་སོགས་སུ་དགེ་འདུན་གྱི་སྡེ་ཁྲི་སྟོང་མང་པོར་འཚོ་བ་སྦྱར་ཅིང་སློབ་སྦྱོང་སྤྲོད་བཞིན་པ་དང་།  བོད་ཕྱི་ནང་གཉིས་སུ་རྒས་གཅོང་ནུས་མེད་དང་དྭ་ཕྲུག་བདག་མེད་གང་མང་ཞིག་བླ་མ་རྣམས་ཀྱིས་འཚོ་སྐྱོང་གནང་བཞིན་པ་ཡིན་པས།    དབྱེ་བ་མེད་པར་བླ་མས་དངུལ་འཚོལ་གྱི་འདུག་ཟེར་ནས་ལོག་ལྟ་བྱེད་པ་ནི་ཆོས་འཇིག་རྟེན་གཉིས་ཀ་མ་གོ་བའི་རྟགས་ཡིན་པས་ཕྱིན་ཆད་དོན་མེད་ཀྱིས་ལོག་ལྟ་བྱེད་རྒྱུ་མེད་ལ།  ཆོས་ཞུ་བར་ཕྱིན་རྗེས་ཇི་འབྱོར་གྱི་མཎྜལ་ཀྱང་ཕུལ་དགོས་པ་ཡིན།
༼བཅུ་དྲུག༽
ནང་པའི་ཆོས་དང་ཁྱིམ་ཚང་འཆམ་མཐུན།
    ཆོས་ཀྱི་རྩ་བ་སྙིང་རྗེ་དང་བྱང་སེམས་ལ་ཐུག་ཡོད་ཚུལ་མི་ཤེས་པའི་གང་ཟག་འགའ་རེས།  ཆོས་སྒྲུབ་མདོག་ལ་བརྟེན་ནས་ཁྱིམ་ཚང་གི་བདེ་སྐྱིད་བརླག་བཞིན་པ་དང་།  རང་གི་ལས་ཀྱིས་བསྐོས་པའི་བཟའ་ཟླ་ལ་སྡུག་བསྔལ་མང་པོ་གཏོད་པ།   བྱེད་གཏད་ཁག་པོ་བཟོ་བ།  ཡང་ན་བཟའ་འཐོར་ཏུ་འགྲོ་བཞིན་འདུག་པ་འདི་ཡག་པོ་ཞིག་མིན་པ་འདྲ་བས་བསམ་བློ་གཏིང་ཟབ་མོ་གཏོང་དགོས།   སྤྱིར་སངས་རྒྱས་ཞལ་བཞུགས་པའི་སྐབས་སུ།   སངས་རྒྱས་རང་གི་སྤུན་མཆེད་གཅུང་དགའ་བོ་ཆུང་མ་པུཎྜ་རི་ཀ་དང་ཁ་འཕྲལ་ནས་རབ་ཏུ་བྱུང་བཅུག་པ་ལྟ་བུ་ཡོད་ཀྱང་།  སངས་རྒྱས་ནི་དུས་ཤེས་ཤིང་དུས་མཁྱེན་པ་ཡིན་པས།   གཅུང་དགའ་བོ་རབ་ཏུ་བྱུང་ན་ཅང་མི་འགོར་བར་དགྲ་བཅོམ་པའི་གོ་འཕང་ཐོབ་པར་མཁྱེན་ནས་དེ་ལྟར་མཛད་པ་ཡིན།   འོན་ཀྱང་དེང་སང་ཁྱིམ་ཚང་གཞན་གྱི་བདེ་སྐྱིད་དང་ཕུགས་འདུན་ལ་དོ་སྣང་མེད་པ་དང་། འགན་མི་ཁུར་བའི་ཆོས་བཤད་མཁན་འགའ་ཞིག་གིས། ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་མཚམས་ལ་སྡོད་དགོས་སྐོར་གྱི་སློབ་གསོ་གཏོང་བཞིན་འདུག་པ་འདི་ལ་དཔྱད་རྒྱུ་ཤིན་ཏུ་ཆེ་བར་སྣང་། སྔོན་ཨ་རིའི་མི་ཞིག་གིས་ང་ལ།  ང་ཚོའི་ཆོས་ཚོགས་ནས་ལོ་གཅིག་གི་ནང་ཁྱིམ་ཚང་བདུན་བཟའ་འཐོར་ལ་སོང་བ་དང་།   དེ་ཡང་མང་ཆེ་བ་ཁྱོ་ག་དང་ཆུང་མ་གང་རུང་རེ་མཚམས་ལ་སྡོད་རྒྱུ་སོགས་ལ་རང་རང་གི་བཟའ་ཟླ་མ་འཐད་པས་བཟའ་འཐོར་བྱུང་བ་རེད་ཟེར།  ནང་པ་སངས་རྒྱས་པའི་ཆོས་ནི་གཞན་གྱི་ལུས་སྲོག་ལོངས་སྤྱོད་ལ་མི་འཚེ་བ་གཙོ་བོར་བྱེད་པ་ཞིག་ལས།  གཞན་གྱི་ལུས་སྲོག་ལོངས་སྤྱོད་ལ་འཚེ་བའི་ལག་ཆ་ཞིག་དང་།  གཞན་གྱི་སེམས་ལ་སྡུག་བསྔལ་བཟོ་བྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་ན་ཆེས་མི་རུང་བ་ཡིན།
   སྤྱིར་ནང་པ་སངས་རྒྱས་པའི་ཆོས་ནི་ནམ་མཁའ་ལྟར་མཐའ་ཡས་ཤིང་། རྒྱ་མཚོ་ལྟར་གཏིང་ཟབ་པ་ཞིག་ཡིན་པས།   ཉམས་ལེན་གྱི་སྒོ་མི་འདྲ་བ་དང་།  བཤད་ཚུལ་གྱི་མན་ངག་མི་འདྲ་བ་ཆེས་མང་བ་ཡིན།  དེས་ན་ཆོས་བྱེད་མཁན་ཞིག་ཡིན་ན་ཡིན་གཅིག་མིན་གཅིག་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་རི་ལ་སྒོམ་དུ་འགྲོ་དགོས་པའི་ངེས་པ་གཏན་ནས་མེད།   སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་མདོ་རྒྱུད་གཉིས་དང་།   བརྒྱུད་པའི་བླ་མ་རྣམས་ཀྱི་གསུངས་རྣམས་སུ་དབེན་པ་བསྟེན་པའི་ཡོན་ཏན་བཤད་པ་ཡང་མང་དུ་ཡོད་མོད།   ཡང་ནང་གི་དབེན་པ་མ་ཤེས་ན་ཕྱིའི་དབེན་པ་ལ་སྙིང་པོ་མེད་ཅིང་།  ནང་གི་དབེན་པ་ཤེས་ན་ཕྱིའི་དབེན་པ་ལ་ལྟོས་མི་དགོས་པར་གསུངས་པ་ཡང་ཡོད་དེ།    དཔེར་ན་མདོ་སྡུད་པ་ལས།   རྟག་ཏུ་གྲོང་དང་ཡུལ་འཁོར་གྲོང་བརྡལ་གནས་བྱེད་ཅིང་།།    སེམས་ཅན་སྨིན་བྱེད་བྱང་ཆུབ་བརྩོན་པ་མ་གཏོགས་པར།།   དེ་ནི་དགྲ་བཅོམ་རང་རྒྱལ་འདོད་པ་གཞར་མི་སྐྱེ།།   འདི་ནི་བདེ་བར་གཤེགས་པའི་སྲས་ཀྱིས་དབེན་པར་གསུངས།།    གང་ཞིག་དཔག་ཚད་ལྔ་བརྒྱ་ཡོད་པའི་རི་ཡི་སུལ།།   སྦྲུལ་གྱིས་གང་བར་ལོ་མང་བྱེ་བ་གནས་བྱེད་ཀྱང་།།  དབེན་པ་འདི་མི་ཤེས་པའི་བྱང་ཆུབ་སེམས་དཔའ་དེ།།   ལྷག་པའི་ང་རྒྱལ་རྙེད་ནས་འགྲེ་བར་གནས་པ་ཡིན།།   ཞེས་གསུངས་པ་ལྟ་བུ་ཡིན།
    ད་དུང་དབེན་པ་བསྟེན་པ་ལས་སྙིང་རྗེས་གཞན་དོན་ལ་དངོས་སུ་བརྩོན་ན་དེའི་ཕན་ཡོན་ཆེ་ཚུལ་གསུངས་པ་ཡང་ཡོད་དེ།   རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྩ་བའི་བླ་མ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་རང་རྣམ་ལས།   དེ་དུས་(དགུང་ལོ་དྲུག་ཅུ་རེ་དགུ་ལོན་སྐབས།)དཀྱོགས་པ་དང་འགྲོ་འདུག་མི་ནུས་པར་འདུག་པས།   མཚམས་བཅད་དེ་དགེ་སྦྱོར་བྱ་བསམས་ནས་ཡོད་པའི་དུས་སུ།   ཡང་ཡི་དམ་ལྷའི་(ཕྱག་ན་རྡོ་རྗེ།)ཞལ་ནས།  སེམས་ཅན་ཕན་བྱེད་མ་གཏོགས་པ།།  སངས་རྒྱས་མཉེས་པའི་ཐབས་གཞན་མེད།།   བྱ་བ་ཡིན་པས།    མཚམས་བྱེད་པ་ལས་སེམས་ཅན་གྱི་དོན་བྱེད་པ་བསོད་ནམས་ཆེ་བ་ཡིན་པས། སེམས་ཅན་གྱི་དོན་རྒྱ་ཆེན་གྱིས་གསུངས།   ལུས་ས་ལ་གཅིག་ཏུ་བསྡད་ན་འཕྲོད་པར་འདུག་ནའང་།  ཡི་དམ་གྱི་ལྷ་དེ་སྐད་གསུངས་པས།    མི་མཐོ་དམན་དང་ཆེ་ཆུང་མེད་ཅིང་མཛེ་སྤྲང་ཡན་ཆད་ལ་སྙིང་རྗེའི་བསམ་པས་བསྐྱངས་ཤིང་།   ཆོས་དང་ཟང་ཟིང་གིས་ཕན་བཏགས་པས་འགྲོ་ལ་ཕན་ཐོགས་པ་བྱུང་། ཞེས་གསུངས་པ་འདིའི་ཐོག་ཏུ་གོ་བ་ཆེན་པོ་ལེན་རྒྱུ་ཡོད་པ་ལྟ་བུ་ཡིན།
  གལ་ཏེ་གསང་སྔགས་ཀྱི་རྣལ་འབྱོར་བ་ཞིག་ཡིན་ན་ཡང་།   མཐའ་གཅིག་ཏུ་ཁྱིམ་མི་རྣམས་སྡུག་ལ་སྦྱར་ནས་རི་ལ་བྲོས་དགོས་པའི་ངེས་པ་མེད་དེ།    གསང་བ་གྲུབ་པ་ལས། དམ་ཚིག་སྤྱོད་པ་དེར་གཏད་པས།།   ཁྱིམ་དུ་ཡང་ནི་གྲུབ་པར་འགྱུར།།   ཞེས་སྔགས་ཀྱི་ལྟ་དགོངས་དང་ལྡན་ཞིང་།   དམ་ཚིག་ལ་གནས་ན་ཁྱིམ་དུ་ཡང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་གསུངས་པ་ཡོད་པའི་ཕྱིར་རོ།།
ཁོ་བོས་འདིར་མཚམས་ལ་སྡོད་མཁན་དང་།  བྱ་བ་བྲལ་མཁན་རྣམས་ལ་དགག་པ་བྱེད་ཀྱིན་མེད་མོད།     ཆོས་ཀྱི་ཉམས་ལེན་ཟེར་བ་དེ་ཡང་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ཞིང་།  དུས་ཀྱི་འགྱུར་འགྲོས་དང་མཐུན་པ།    ཁྱིམ་ཚང་གི་བདེ་སྐྱིད་དང་མཐུན་པ།   རང་གི་ཉམས་རྟོགས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རྣམས་ཀྱང་གོང་ནས་གོང་དུ་འཕེལ་བ།  དེ་ལྟ་བུ་མིས་སྨོན་རང་སྐྱིད།    ས་ལམ་གོང་འཕེལ་རྣམས་མཉམ་དུ་ཡོང་བ་ཞིག་བྱུང་ན་ཤེས་རབ་ཅན་གྱི་ཆོས་སྒྲུབ་སྟངས་ཟེར་བ་དེ་ཡིན་པས། དང་པོ་ནས་ཅོལ་ཆུང་གི་ལས་ཀ་མི་བྱེད་པར་བརྟག་དཔྱད་གནད་སྨིན་བྱས་ཏེ།  རྗེས་སུ་འགྱོད་པ་མེད་པ་ཞིག་བྱ་རྒྱུ་གལ་ཆེ་ཞེས་བཤད་པ་ཡིན།
   ཆོས་ལུགས་རྣམ་དག་ཅིག་ཡིན་ན།   ཆོས་ལུགས་དེའི་ཉམས་ལེན་ནི་མིག་གིས་མཐོང་ས་དང་།
རྣ་བས་ཐོས་ས་ནས་འཛམ་གླིང་ཞི་བདེ་ལ་ཆེས་ཕན་པ་རླབས་ཆེན་ཡོད་མཁན་ཞིག་ཡིན་པ་སྨྲོས་མ་དགོས་ཞིང་།   འཛམ་གླིང་ཞི་བདེ་ལ་ཕན་པ་ཡོད་མཁན་ཞིག་ཡིན་ན་དང་པོ་ཁྱིམ་ཚང་རེ་རེའི་ནང་དུ་བཀྲ་ཤིས་ཤིང་།  དོན་གྲུབ་པ་ཅིག་ཡོང་དགོས་རྒྱུ་ཡང་ཆེས་གལ་ཆེན་པོ་ཡིན་པ་སྨྲོས་མེད་རེད།   
   དེས་ན་ང་ཚོས་ནང་གི་ཤེས་རབ་དང་སྙིང་རྗེ་གཙོ་བོར་བྱེད་མཁན་གྱི་ནང་པ་སངས་རྒྱས་པའི་ཆོས་འདི།   སྤྱིར་འཛམ་གླིང་ཞི་བདེ་དང་།   བྱེ་བྲག་ཁྱིམ་ཚང་རེ་རེ་བཞིན་བདེ་སྐྱིད་ཡོང་བའི་ལག་ཆ་ཅིག་ཏུ་བེད་སྤྱོད་བྱེད་ཐུབ་ན་ཤིན་ཏུ་ལེགས་ཤིང་།  ནང་པའི་ཆོས་ཉམས་སུ་ལེན་མཁན་གྱི་ཁྱིམ་ཚང་ཞིག་ཡིན་ན།  ཁྱིམ་ཚང་དེ་ལ་དམིགས་བསལ་གྱིས་བཟའ་ཚང་འཆམ་མཐུན་དང་།  དེའི་དབང་གིས་བདེ་སྐྱིད་འཛོམས་པ་ཞིག་བྱུང་ན།   ཁྱིམ་ཚང་དེའི་ཁྱིམ་མི་རྣམས་ཀྱི་སེམས་ལ་ནང་ཆོས་ཀྱི་བག་ཆགས་ཡག་པོ་ཞིག་ཐེབས་ཡོད་པར་ཐེ་ཚོམ་གཏན་ནས་བྱེད་མི་དགོས་པ་ཡིན།
   ངས་འདིར་འདི་ལྟར་བརྗོད་དགོས་པའི་རྒྱུ་མཚན་ནི་དང་པོ་ཆོས་ཁ་ལ་འཁྱེར་ཏེ་ཅོལ་ཆུང་བྱས་ནས་ཆོས་ཀྱི་ཆེད་དུ་བཟའ་འཐོར་བྱས།  བཟའ་ཟླ་ལ་ལོ་མང་པོར་ཁྲིམས་ཐོག་ནས་ཕྲུ་གུ་བདག་སྐྱོང་དང་།  ཕྲུ་གུའི་འགྲོ་སོང་སོགས་ཀྱི་དཀའ་སྡུག་ཧ་ཅང་ཆེན་པོ་སྤྲད།   མཐར་རང་ལ་ཡང་གྲུབ་འབྲས་ཅི་ཡང་མ་ཐོན་པས་ཡང་ཁྱོ་གའམ་དགའ་རོགས་གཞན་རེ་བཙལ་ནས།   ཉ་སྦལ་དང་སྡིག་སྲིན་གྱི་སྲོག་གཅོད་པ་སོགས་སྡིག་པའི་ལས་སྣ་ཚོགས་གསོག་སྡོད་མཁན་གང་མང་ཞིག་མཐོང་བྱུང་བས།   འདི་ལྟར་ཆོས་པ་ཞིག་ཡིན་ན་ཁྱིམ་ཚང་སྡུག་ལ་གཏོད་མཁན་ཞིག་ཡིན་དགོས་པའི་ངེས་པ་མེད་ཚུལ་ཞིབ་ཏུ་བཤད་པ་ཡིན་མོད།    གལ་ཏེ་སྐྱེ་བ་སྔོན་མའི་ལས་དང་སྨོན་ལམ་གྱི་དབང་གིས་ཚེ་འདིར་ཁྱིམ་ཚང་སྤངས་ཏེ་དབེན་པ་མ་བརྟེན་ཐབས་མེད་དང་།  དེ་ནས་ཉམས་རྟོགས་བཟང་པོ་སྐྱེ་ངེས་ཡིན་པ་རེ་ཟུང་རེ་ཡོད་ན་ནི།   རང་གི་ལས་སྨོན་གྱི་རྗེས་སུ་འབྲང་རྒྱུ་ལས་མེད་པས།  དེ་ནི་དམིགས་བསལ་ཡིན་པར་བརྗོད་ཀྱང་མི་ཆོག་པ་མེད་དོ།།
༼ བཅུ་བདུན།༽
ངས་སྙིང་རྗེའི་ཉམས་ལེན་བྱེ་བྲག་ཏུ་བཤད་དགོས་དོན།
   ནུབ་ཕྱོགས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་བ་ནས་བཟུང་།  ད་བར་ནང་པའི་སློབ་དཔོན་ཞིག་གིས་སངས་རྒྱས་པའི་ཆོས་ཀྱི་རྩ་བ་དང་།   ཆོས་ཀྱི་སྙིང་དོན། ཆོས་ཀྱི་གྲུབ་འབྲས་ཡོངས་རྫོགས་སྙིང་རྗེའི་ཉམས་ལེན་ལ་ཐུག་ཡོད་ཚུལ་རྒྱས་ཙམ་བཤད་པའི་དེབ་འདི་འདྲ་ཞིག་བྲིས་པ་ཕལ་ཆེར་ཐོག་དང་པོ་ཡིན་པ་འདྲ།   ངས་འདི་ལྟར་སྙིང་རྗེ་ཆེན་པོའི་ཉམས་ལེན་བྱེ་བྲག་ཏུ་བཤད་དགོས་པའི་རྒྱུ་མཚན་ནི།    ནུབ་ཕྱོགས་པའི་མི་གཙོ་བོར་གྱུར་པའི་དེང་སང་གི་ཆོས་པར་རློམ་པ་མང་པོ་ཞིག་གིས།   ལྟ་བ་མཐོ་མཐོ་སྐད་པ་རྣམས་མ་གཏོགས་ཆོས་ཀྱི་རྩ་བ་སྙིང་རྗེ་ལ་དོ་སྣང་བྱེད་ཀྱི་མེད་པ་དང་།    དེའི་དབང་གིས་ཆོས་ཆོས་མི་འགྲུབ།   འཇིག་རྟེན་འཇིག་རྟེན་ཤོར་གྱིན་ཡོད་པ་མཐོང་བའི་དབང་གིས་ཡིན།
   སྔར་ཡུན་རིང་པོའི་དུས་སུ་བོད་ལ་ཡང་འདི་ལྟ་བུའི་ལོ་རྒྱུས་ཤིག་བྱུང་མྱོང་སྟེ། བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་བོད་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་།   དེ་རྗེས་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་དུས་སུ་ཆོས་ཀྱི་སྲོལ་བཏོད།   དེ་ནས་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་རྒྱ་གར་ནས་སློབ་དཔོན་པདྨ་སཾ་བྷ་ཝ་དང་།  མཁན་ཆེན་ཞི་བ་འཚོ་སོགས་བོད་དུ་བྱོན་པའི་དྲིན་གྱིས་ལྟ ་སྒོམ་སྤྱོད་གསུམ་རྣམ་པར་དག་པའི་དམ་ཆོས་དར་ཞིང་རྒྱས་པ་བྱུང་ན་ཡང་།    རྒྱལ་རབས་ཞེ་གཉིས་པ་དར་མ་འུ་དམ་བཙན་གྱིས་བོད་ཀྱི་རྒྱལ་བསྟན་བསྣུབས་པའི་རྐྱེན་གྱིས་ལོ་བདུན་ཅུ་དོན་ལྔ་ཙམ་གྱི་རིང་བོད་ཡུལ་དབུས་སུ་བསྟན་པའི་སྒྲ་ཙམ་མེད་པར་གྱུར།     
   དེ་རྗེས་བོད་ལ་བསྟན་པ་ཕྱི་དར་བྱུང་སྟེ་སླར་ཡང་དམ་པའི་ཆོས་ལ་འཆད་ཉན་སྒོམ་སྒྲུབ་བྱེད་པའི་སྐལ་བ་བྱུང་ཡང་།   སྐབས་དེར་མཁས་པ་མང་པོ་མི་བཞུགས་པའི་སྐྱོན་དང་།   བསྟན་པའི་གོད་ཆགས་ཀྱི་དབང་གིས་སྔགས་ཀྱི་སྦྱོར་སྒྲོལ་ལ་སྒྲ་ཇི་བཞིན་དུ་བཟུང་ནས་མ་རྟོགས་ཐོ་ཅོའི་སྤྱོད་པ་བྱེད་མཁན་མང་པོ་བྱུང་བ་དང་།   སྟོང་པ་ཉིད་གཅིག་པུ་བསྒོམ་པས་སངས་རྒྱས་ཟེར་ནས་ལས་འབྲས་ཁྱད་དུ་གསོད་མཁན་སོགས་བྱུང་བའི་རྐྱེན་གྱིས།  མངའ་རིས་ཀྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་སྲོག་བློས་བཏང་སྟེ།  རྒྱ་གར་ནས་པཎ་ཊི་ཏ་ཡོངས་ཀྱི་གཙུག་རྒྱན་ཇོ་བོ་དི་པཾ་ཀ་ར་ཤྲཱི་ཛྙཱ་བོད་དུ་བསྟན་པ་དག་ཐེར་གྱི་ཆེད་དུ་སྤྱན་དྲངས།  ཇོ་བོ་ཆེན་པོས་འཆི་བ་རྗེས་སུ་དྲན་ཏེ་ཚེ་འདི་ལས་བློ་ལོག་པ་ཞིག་མེད་ན་ཆོས་པའི་གྲྭལ་དུ་མི་ཚུད།   བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་ཚུད། ཤེས་རབ་དང་སྙིང་རྗེ་ཟུང་དུ་མ་འབྲེལ་ན་སྟོང་པ་ཉིད་གཅིག་པུ་བསྒོམ་པས་འཚང་མི་རྒྱ་ཞེས་བཀའ་བསྩལ་ནས།  བོད་ཀྱི་བསྟན་པ་དག་ཐེར་གྱི་ཆེད་དུ་བྱང་ཆུབ་ལམ་གྱི་སྒྲོན་མ་དང་།  གསང་སྔགས་འཕྲུལ་གྱི་མེ་ལོང་བྱ་བ་སོགས་མཛད།  བོད་མི་རྣམས་ལྟ་བ་མཐོ་མཐོ་སྐད་པ་མ་གཏོགས་སྐྱབས་འགྲོ་དང་ལས་འབྲས་བླང་དོར་ལ་དོ་སྣང་ཆུང་བ་དང་།  སྐྱབས་འགྲོ་དང་ལས་འབྲས་བླང་དོར་ལ་དོ་སྣང་མེད་ན་ཆོས་ཀྱི་རྩ་བ་རུལ་བར་མཁྱེན་ནས།  ཇོ་བོ་ཆེན་པོ་གར་ཕེབས་ལ་སྐྱབས་འགྲོ་དང་ལས་འབྲས་འབའ་ཞིག་གསུངས་པས་སྐབས་དེར་མི་མང་པོ་ཡི་མ་རངས་པར།   སྐྱབས་འགྲོའི་པཎ་ཊི་ཏ་དང་།  ལས་འབྲས་ཀྱི་པཎ་ཊི་ཏ་ཟེར་ནས་འཕྱ་བའང་བྱུང་།  སློབ་མ་རྣམས་ཀྱིས་ཇོ་བོ་ལ་གཞན་གྱིས་དེ་ལྟར་ཟེར་གྱི་འདུག་པས་ཆོས་གཞན་ཞིག་གསུངས་བར་ཞུ་ཞེས་ཞུས་པས།   ཇོ་བོ་ཆེན་པོ་ཐུགས་ཧ་ཅང་མཉེས་ནས། འོ་ཡ།   ད་ང་བོད་དུ་ཡོང་བའི་དོན་གོ་ཆོད་པ་རེད་ཅེས་གསུངས་པའི་ལོ་རྒྱུས་ཡོད།
   དེར་བརྟེན་དེང་སང་མི་མང་པོ་ནང་པའི་ཆོས་ལ་དོ་སྣང་དང་དད་པ་ཡོད་ཀྱང་།  མི་གང་མང་ཞིག་གིས་ནང་ཆོས་ལ་སློབ་སྦྱོང་མང་པོ་བྱེད་རྒྱུའི་གོ་སྐབས་མ་རག་སྟབས།  ལྟ་བ་གང་མཐོ་ལ་བསྙེགས་ཁུལ་བྱེད་རྒྱུ་མ་གཏོགས་ཆོས་ཀྱི་རྩ་བ་དངོས་ལ་དོ་སྣང་བྱེད་ཀྱི་མེད་པ་མཐོང་བས།  གཞན་ལ་ཕན་སེམས་འབའ་ཞིག་གིས་ཤིན་ཏུ་གོ་སླ་ཞིང་།   གོ་ན་དོན་ཆེ་བའི་དེབ་ཆུང་འདི་ཉིད་བྲིས་པ་ཡིན་ལ།  ངའི་དེབ་ཆུང་འདི་ལ་བརྟེན་ནས་ཆོས་པ་འགའ་ཞིག་གིས་སྙིང་རྗེའི་ཉམས་ལེན་ལ་སྔར་ལས་ལྷག་པའི་དོ་སྣང་བྱེད་པའམ།   ཉ་པ་གཅིག་གིས་ཉ་རྒྱ་གྲིས་གཏུབ་པའམ།   རྔོན་པ་གཅིག་གིས་མདའ་གཞུ་སར་བཞག་པའམ།  ཡང་ན་འབྱོར་ལྡན་གཅིག་གིས་ཉམ་ཆུང་འཆི་ཁ་མའི་སེམས་ཅན་གཅིག་གིས་སྲོག་བླུས་པ་ཙམ་བྱུང་ན་ངས་མི་དེ་དག་ལ་ཐལ་མོ་སྙིང་ཁར་སྦྱར་ཏེ།  སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
   ད་དུང་གལ་ཏེ་ཁོ་བོའི་འཁྲུལ་སྣང་ལ་ཆ་འཇོག་ཡོད་ན་དེབ་ཆུང་འདི་ཉིད་འཆང་བ་དང་།   དེབ་ཆུང་འདི་ཉིད་ཉམས་སུ་ལེན་མཁན་རྣམས་ལ།  དུས་ཀུན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་སྲུང་སྐྱོབ་ཡོད་པས་རྐྱེན་ངན་དང་བར་ཆད་སེལ་ཞིང་།   ཚེ་འདི་ཕྱི་གཉིས་ཀྱི་བསམ་དོན་ལེགས་འགྲུབ་ཡོང་བའི་ཁྱད་པར་ཀྱང་ཡོད་སྲིད་པ་ཡིན།
༼བཅོ་བརྒྱད།༽
སྙིང་རྗེ་ཅན་གྱི་མངོན་རྟོགས།
 ད་ནི་སྙིང་རྗེའི་ཉམས་ལེན་དང་།  དེ་ལས་འཕྲོས་པའི་མན་ངག་གང་མང་ཞིག་གོང་དུ་སྨྲོས་ཟིན་པའི་མཐའ་སྡོམ་དུ་བརྗོད་རྒྱུར།   གོང་དུ་ཇི་སྐད་བཤད་པའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཉམས་སུ་ལེན་མཁན་རྣམས་ནི།   ཚེ་འདིར་ཡང་ཚེ་རིང་བ་དང༌། ནད་ཉུང་བ། སེམས་སྐྱིད་པ། རྫུན་དང་གཡོ་སྒྱུ་མེད་པ། སྐྱེ་བོ་ཀུན་གྱི་ཡིད་དུ་འོང་ཞིང་།  སྐྱེ་བོ་ཐམས་ཅད་སེམས་ཐག་ཉེ་བ།  དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས་ཀྱིས་རྒྱུན་དུ་སྲུང་བས་བར་ཆད་མི་འབྱུང་ཞིང་།   བསམ་དོན་ཐམས་ཅད་གེགས་མེད་དུ་འགྲུབ་པ་སོགས་ཆེས་བདེ་ཞིང་སྐྱིད་པའི་མི་ཚེ་དང་ལྡན་པར་འགྱུར་ཞིང་།  འཆི་བའི་གནས་སྐབས་སུ་ཡང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་དང་བཅས་པའི་ངང་དུ་འཆི་བར་འགྱུར་བས། འཆི་ཀའི་མཚམས་སྦྱོར་དང༌། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བྱིན་རླབས་དང༌། འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་ཀྱིས་བཟུང་བའི་སྨོན་ལམ་རླབས་པོ་ཆེའི་བདེན་པ་མི་བསླུ་བ་རྣམས་ཀྱི་སྟོབས་ལ་བརྟེན་ནས། སྐྱེ་བ་རྗེས་མར་གང་དུ་སྐྱེས་ཀྱང་སྐྱེས་མ་ཐག་ཏུ་སྙིང་རྗེ་ཆེན་པོའི་སེམས་དང་རང་བཞིན་གྱིས་ལྡན་པར་འགྱུར་བ་དང༌། རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང༌། རང་གི་སྔོན་གྱི་སྨོན་ལམ་གྱི་མཐུ་ལས་སུས་ཀྱང་མ་བསྐུལ་བར་བྱིས་པའི་དུས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ངང་གིས་གཞོལ་བར་འགྱུར་ཞིང༌།  དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་ཀྱིས་རྟག་ཏུ་སྲུང་བས་ལུས་ལ་ནད་མི་འབྱུང་བ་དང༌། སྔོན་གྱི་སྨོན་ལམ་བཟང་པོའི་མཐུ་ལ་བརྟེན་ནས་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་རྟག་ཏུ་འཕྲད་པ་དང༌། ཚེ་རབས་རེ་རེ་བཞིན་བདེ་ནས་བདེ་བར་འགྲོ་བའི་ལམ་དུ་གདོ་མི་ཟ་བར་ཞུགས་པར་འགྱུར་ཞིང༌། གང་གི་ཚེ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བའི་སྔ་རོལ་དུ་ཡང༌། མདོ་སྡེ་རྒྱན་ལས། དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི།། སངས་རྒྱས་རྣམས་ལས་ཞི་གནས་དང༌།། ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར།། གདམས་ངག་རྒྱ་ཆེན་རྙེད་པར་འགྱུར།། ཞེས་གསུངས་པ་བཞིན། ཚོགས་ལམ་ཆེན་པོའི་སྐབས་སུ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་དངོས་སུ་གདམས་ངག་མཉན་པའི་སྐལ་བ་དང་ལྡན་པར་འགྱུར་ཞིང༌། དེའི་ཚེ་འདོད་ན་ཚེ་གཅིག་ལུས་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན་ནོ།།    བཀྲ་ཤིས་པར་གྱུར་ཅིག།    །
·རྩོམ་ཡིག་གོང་མ:འཕགས་པ་སྤྱན་རིས་གཟིཊ་ལ་གསོལ་འདེབས་བྱིན་རླབས་མྱུར་འཇུག
·རྩོམ་ཡིག་འོག་མ:གཞས་ཚིག བདག་སེམས་ཀྱི་རྩྭ་ཐང་།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྙིང་རྗེ་བའི་གནས་ལ་བསམ་གཞིཊ་བྱེད། 2011/8/5 19:38:35
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 20:38:38 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:31:37 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 20:58:16 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 58 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།54.69MS