༢༠༡༢ལོའི་བོད་ལུགས་ལོ་སར་གྱི་མཚན་མོ།
ས་དམར་གྲགས་པ། ལྷ་ས།
དོ་ནུབ་ང་ལྷ་ས་རུ་ཡོད
ལྷ་སའི་རུམ་ཁ་འཁྱག་པའི་ནང་དུ་ཡོད
ཁེར་རྐྱང་ངང་རེ་སྒུག་ལ་ཕྱིར་དྲན་བྱེད་བཞིན་ཡོད
ཉམས་ཉེན་ཞིག དགའ་བ་ཞིག
ཕར་སོང་གི ཡང་ན་མ་འོངས་པའི
དོ་ནུབ་ང་ལྷ་ས་རུ་ཡོད
ལྷ་སའི་རུམ་ཁ་འཁྱག་པའི་ནང་དུ་ཡོད
མིག་ཟུང་གིས་རྒྱང་ལྟ་བྱས་ཏེ་སེམས་པ་སྟོང་པ་ངུ་ཤུམ་བྱེད་ཀྱིན
ནམ་མཁའི་མེ་ཏོག་ལ་སེམས་པས་གླན་གྱིན
འཐོར་སོང་བའི་མེ་ཏོག་གི་འདབ་མར་མྱ་ངན་ཞུ་བཞིན
ལོ་རྒྱུས་ཀྱི་ངོ་གདོང་གི་རྔུལ་ཆུ་འཁྲུད་བཞིན་ཡོད
དོ་ནུབ་ང་ལྷ་ས་རུ་ཡོད
ལྷ་སའི་རུམ་ཁ་འཁྱག་པའི་ནང་དུ་ཡོད
ཕ་ཡུལ་གྱི་ཨ་མ་དྲན་གྱིན
འདས་སོང་གི་ཕ་ལོའི་གཏམ་རྒྱུད་ལ་དྲི་བ་འདོན་བཞིན
བརྗོད་མི་ཤེས་པའི་ཚོར་བ་ཞིག་གི་བར་མཚམས་སུ
དགོད་ཀྱིན་དགོད་ཀྱིན་དུ ངུ་བཞིན་ངུ་བཞིན་དུ
ལོ་ངོ་དུ་མའི་བོད་ལུགས་ལོ་སར་གྱི་རྟེན་འབྲེལ་བར་ན་སྙན་ངག་འབྲི་བཞིན་ཡོད
༢༠༡༢ལོའི་ཟླ༢པའི་ཚེས༢༡ཉིན་དབུས་སུ་བོད་ལུགས་ལོ་སར་ལ་བྲིས་པའི་རང་ཉིད་ཀྱི་རྒྱ་རྩོམ་ཞིག་རང་གིས་བསྒྱུར་བའོ།