གངས་ཅན་བོད་ཀྱི་མཁས་པའི་དབང་པོ་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ། །
 
 
 
    གངས་ཅན་བོད་ཀྱིམཁས་པའི་དབང་པོ་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་ནི། ཡུལ་མདོ་ཁམས་སྒང་དྲུག་གི་ནང་ཚན་མི་ཉག་རབ་སྒང་གི་དཔལ་ལྷ་སྒང་དུ་འབྲོག་ཁྱིམ་ཞིག་ཏུ་རབ་རྒྱལ་ཆུ་ལུག་ལོ་སྟེ་སྤྱི་ལོ༡༩༤༣ ལ་འཁྲུངས། སྐུ་བྱིས་པའི་དུས་ནས་ཡ་མཚན་གྱི་མཛད་པ་མང་པོ་དང་མ་འོངས་སྔོན་གཟིགས་ཀྱིས་ལུང་བསྟན་གནང་བ་སོགས་ཡུལ་མི་རྒན་པོའི་ངག་ཏུ་གྲགས།
    དགུང་ལོ་གསུམ་པའི་སྐབས་སུ་ཨ་ལགས་གཟན་དཀར་༼གྲུབ་པའི་དབང་ཕྱུག་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་སྤྲུལ་སྐུ༽རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་ཞུས། ལྷ་སྒང་དགོན་དང་སྐྱིད་ལུང་དགོན་གཉིས་ཀས་སོ་སོའི་བསྟན་བདག་ཏུ་བཀུར། དགུང་ལོ་བཅུ་པ་ནས་བཟུང་རྡོ་གྲུབ་ཆེན་དགོན་སོགས་སྔ་འགྱུར་གྱི་གདན་ས་ཆེན་པོ་རྣམས་སུ་སློབ་གཉེར་ལ་ཕེབས། དུས་འགྱུར་སྐབས་དར་རྩེ་མདོར་བཞུགས་ནས་སྐུ་ངལ་མི་ཉུང་བ་བཞེས། འོན་ཀྱང་སེམས་དཔའ་ཆེན་པོའི་མཛད་སྤྱོད་ཁོ་ན་ལྷུར་མཛད་པས་ཁོང་གིས་སྐུ་དགྲར་འཛིན་པ་གཅིག་ཀྱང་མེད།
   སྤྱི་ལོ༡༩༧༨ ནས་བོད་རྒྱ་ཚིག་མཛོད་ཆེན་པོ་རྩོམ་སྒྲིག་མཛད་པའི་ཕྱག་ལས་ལ་ཞུགས་ནས་བཟུང་དངོས་སམ་བརྒྱུད་པའི་སྒོ་ནས་གཞན་ཕན་གྱི་ཕྲིན་ལས་རླབས་པོ་ཆེ་སྐྱོང་བའི་དབུ་ཚུགས་པའོ། །
ཁོང་གི་ཐུགས་གྲོས་དང་མི་རྗེ་བཀྲ་ཤིས་ཚེ་རིང་གི་བློ་སྤོབས་ཟུང་འབྲེལ་གྱི་མཐུ་ལས་སྤྱི་ལོ༡༩༨༡ ལ་སྡེ་དགེ་ཁོངས་རྫོགས་ཆེན་ཤྲྰི་སེངྷ་ཞེས་པའི་གནས་མཆོག་ཏུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དངོས་སུ་དབུ་བརྙེས་པར་གྱུར། དེ་ནས་གྲོང་ཁྱེར་སྤོས་ངད་ལྡན་ནམ་རྒྱ་ནག་ཁྲིན་ཏུ་ལ་བཀའ་བསྟན་དཔེ་སྡུར་ཁང་གི་དབུ་འཛིན་གཞོན་པའི་ཐུགས་འགན་བཞེས་ནས་བཀའ་བསྟན་བོད་དུ་འགྱུར་རོ་ཅོག་གི་པར་མ་མི་འདྲ་བ་རྣམས་བསགས་ཏེ་དཔེ་སྡུར་ལེགས་པར་གྲུབ་ནས་དཔེ་སྐྲུན་ཞུ་ཐུབ་པ་བྱུང་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་སྲི་ཞུ་བླ་ན་མེད་པ་གྲུབ། དུས་དེ་ནས་བཟུང་སྟེ་བྱ་བྲལ་བའི་ཚུལ་གྱིས་བོད་ཡུལ་སྟོད་སྨད་ཀུན་ཏུ་ཕེབས་ནས་གྲུབ་མཐའ་རིས་སུ་མ་ཆད་པའི་དཔེ་རྙིང་རྒྱུན་ཆད་ལ་ཉེ་བ་རྣམས་དེང་རབས་ཀྱི་འཕྲུལ་རྩལ་ལ་བརྟེན་ཏེ་བསྡུ་རུབ་ལེགས་སྒྲིག་དཔེ་སྐྲུན་གྱི་སྒོ་ནས་མྱུར་སྐྱོབ་རྒྱུན་འཛིན་མཛད་བཞིན་པའོ། །
དམ་པ་གང་སྔ་ཕྱིའི་དུས་མ་ངེས་པ་རྣམས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོ། བཀའ་བསྟན་དཔེ་སྡུར་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་པོ་སོགས་སུ་ཕེབས་ནས་བོད་རིགས་ཀྱི་གཞོན་ནུ་རྣམས་ལ་རིག་པའི་བདུད་རྩི་སེར་སྣ་མེད་པར་འགྱེད། ད་དུང་སྐལ་ལྡན་སློབ་མ་མི་ཉུང་བར་མ་གི་ཉན་ཐོས་ཐེག་པ་ནས་ཡ་གི་རྫོགས་པ་ཆེན་པོའི་མན་ངག་གི་བར་ལྐོག་ཆོས་སུ་སྤེལ་བར་མཛད་ཅིང་བཞུགས་སོ། །
བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་བརྟན་པར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཞེས་རེ་ཞིག་དེ་ཙམ་མོ། །