དབྱངས་ཅན་མར་བསྟོད་པ།
ཀརྨ་པ་མི་བསྐྱོད་རྡོ་རྗེ།
དམ་པའི་མཚན་ཉིད་རྣམ་དཀར་མ།།
མངོན་པར་སྤེལ་བའི་བསོད་ནམས་གཞི།།
རྒྱལ་ལ་གུས་པ་སྒྲུབ་པའི་སླད།།
ལེགས་བྱས་ཚིགས་སུ་བཅད་པར་བྱ།།
ནམ་མཁའ་ཞུ་བའི་རྒྱ་མཚོའི་མཐའ་སྐོར་ན།།
ས་སྲུང་བུ་ཚོགས་ཟླ་ཚེས་བཞིན་དུ་རྒྱུད།།
ཆུ་གཏེར་འཇིངས་ན་ནོར་བུ་པདྨ་ནི།།
ཉི་མའི་གཟི་འོད་འཕྲོ་བ་བྱ་བའི་དབུས།།
ཟླ་ཤེལ་དཀར་པོ་ཐིགས་པའི་བསིལ་ཟེར་ཅན།།
མངོན་པར་ཡོངས་སུ་གང་བའི་གདན་ཉིད་ལ།།
བྱང་ཆུབ་སེམས་དཔའི་དཔག་བསམ་ཡོངས་རྫོགས་སྐུ།།
འཇིག་རྟེན་དབང་པོའི་སྲས་མོ་ཞི་བ་མོ།།
འདོད་པའི་རྡུལ་གྱིས་ཡོངས་སུ་ལོང་པ་ལ།།
ཆགས་བྲལ་མིགས་བུ་སྦྱིན་པའི་གཏོང་བ་པོ།།
བདག་གི་དགེ་རྩའི་མྱུ་གུ་བསྐྱེད་པའི་གྲོགས།།
ཡོངས་འཛིན་བདུད་རྩིའི་ཟེར་གྱིས་བརླན་པར་མཛོད།།
བགེགས་ཚོགས་འདོད་པའི་ཕོ་ཉའི་ལུང་ངན་པ།།
ཆ་ཙམ་རྣ་བའི་ཡུལ་དུའང་མི་འཚལ་བའི།།
བཀ འ་དྲིན་ཙནྡན་གྲིབ་བསིལ་གཞོན་ནུ་ཡང་།།
ཡོན་ཏན་འབྲས་བུ་འཛུམ་ཞིང་སིམ་པར་མཛོད།།
ཟུག་རྔུའི་ས་བོན་གཤིན་པོར་བྱས་པ་ཡང་།།
ཐུགས་རྗེའི་ཚ་རེག་བཟོད་པར་དཀའ་བ་ཡིན།།
ལན་གཅིག་མིན་པར་ཡང་ཡང་བསྣུན་པ་ནས།།
སྤངས་བྱའི་ཚོགས་རྣམས་སྨེགས་ནས་ཞི་བར་མཛོད།།
འཁོར་བའི་གཡང་སར་ཡིད་རབ་བརྟན་པ་རྣམས།།
གང་སྐུ་ཡིད་འཕྲོག་མཐོང་བའི་མོད་ཉིད་ལ།།
རྨོངས་མེད་ཀྱི་ཧུད་སྤངས་པའི་དཔལ་སྟེར་ན།།
མུན་པའི་གནས་སྐབས་ངན་པ་རྒྱུན་གཅོད་ཅིང་།།
སྐྱབས་འོས་ཁྱོད་ལ་བླ་མར་བསྟེན་པ་བདག།
ཐོས་པས་མི་ངོམས་ལེགས་བཤད་འཚོལ་བ་ནས།།
འཛམ་གླིང་བསྟན་པའི་རྒྱན་དུ་བདེ་བླག་ཏུ།།
མཛེས་སྡུག་སྨིན་པའི་གར་གྱིས་ཅིས་མི་རོལ།།
ཀུན་རྫོབ་བདེན་སྣང་དར་བ་བདུད་ཀྱི་དཔུང་།།
བདེན་བཞིའི་གནས་ལུགས་མཐོང་བའི་དཔའ་བོ་ཡིས།།
འཇིགས་མེད་གད་རྒྱང་ལེན་པའི་སྐད་ཅིག་ལ།།
འཁྲུལ་སྣང་སྒྲིབ་པའི་ཚོགས་རྣམས་གང་དུ་སོང་།།
རྡོ་རྗེའི་གདན་ལ་བྱང་ཆུབ་སྙིང་པོ་ནི།།
གསེར་སྦྱངས་གཙོ་མའི་འོད་དུ་འབར་བ་ན།།
ཚངས་དབང་བུ་མོའི་གཉིས་མེད་ཡེ་ཤེས་གྲུབ།།
གཡོ་མེད་ཁྱོད་ཀྱི་བཀའ་ལ་གནས་པའི་མཐུས།།
ཀུན་སྦྱོར་འཆིང་བའི་མདུད་པ་ཀུན་བཀྲོལ་ནས།།
ཤེས་བྱ་མཐའ་བཞིར་རྒྱལ་བའི་ས་གཞི་ལ།།
གཞན་ལྟོས་མེད་པའི་ས་གཞི་ལ།།
རབ་རིབ་འཕྲོག་པའི་མན་ངག་ལ་བྱ་ཞིང་།།
བསོད་མཆོག་སྒྲུབ་པའི་རྫུ་འཕྲུལ་ཅི་ཡང་ཤེས།།
འཇིག་རྟེན་གསལ་བའི་སྐྱེ་ཕྲེང་ཡང་དུ་བླངས།།
འདི་ཉིད་དབྱངས་ཅན་དགྱེས་པའི་སྙན་ངག་ཡིན།།