མི་ལ་རས་པའི་སྙིང་སྟོབས་གླེང་བ།
ཁ་བཏགས་མར་ཟན།
མི་ལ་རས་པའི་རུས་རྐང་དེ་ནི་གངས་རིའི་ཁྲོད་ཀྱི་གཟི་འོད་རེད།།
རྡོ་ཡི་ཐོག་གི་ཞབས་རྗེས་འདི་རང་དེ་ཙམ་ངོ་མཚར་འཛིན་ཚོད་མིན།།
སྙིང་སྟོབས་གསོན་པོའི་ཞབས་རྗེས་འདི་ནི་གཞན་ལ་མེད་པའི་ཁྱད་ཆོས་མཐོང༌།།
ཐོས་པ་དགའ་ཞེས་མི་ཕོ་ཁྱོད་འདྲ་ས་སྒང་འདི་ལ་བྱུང་བ་དཀོན།།
ཆུ་རྐྱང་ལས་གཞན་ཁ་ཟས་མི་དགོས་མི་ལ་རས་པའི་སྡུག་རུས་ཏེ།།
རས་གཟན་གཅིག་ལས་བརྒྱད་ཅུ་རིང་ལ་གྱོན་པ་མེད་པའི་སྤྲང་པོའི་ལུས།།
མི་བདེ་མི་གདའ་བདེ་མོ་ཟེར་ནས་གླུ་དབྱངས་གཅིག་གིས་རང་སེམས་གསོས།།
ཅི་ཡང་མེད་པའི་ཁེར་རྐྱང་ཞིག་གི་མཚན་སྙན་གོ་ལའི་ཁྱོན་ལ་ཁྱབ།།
དགུན་གསུམ་ཁ་བའི་རེག་བྱ་རྣོ་ཡང་ཁྱོད་ལ་མཚོན་ན་མེ་ཏོག་ཡིན།།
ཨ་ནེ་དྲེད་མོ་འདྲེ་ལ་འདྲ་ཡང་ཁྱོད་ལ་མཚོན་ན་བཤེས་གཉེན་ཡིན།།
ཉེར་གཅིག་པ་ཡི་སྒོམ་ཆེན་འདི་ཚོ་ཁྱོད་ལ་ལྟོས་ན་ཁྲམ་པ་ཡིན།།
གངས་རིའི་ཕོ་རྒོད་མི་ལ་ཁྱེད་ནི་གངས་རིའི་རྩེ་ནས་ཏོག་ལྟར་གསལ།།
མྱང་ཚ་དཀར་རྒྱན་གྱེས་བྲལ་བྱུང་ནས་སྙིང་ལ་འཆང་བའི་དམ་བཅའ་ཡིས།།
མར་པ་ལོ་ཙྭའི་གདམས་ངག་འགའ་ལ་མི་ཚེ་གང་བོ་དེ་ལ་ཤོར།།
བྲག་དཀར་རྩེ་ནས་བྱ་ལྟར་འཕུར་ཡང་ཁོ་བོ་དེ་ལ་མི་དད་ཀྱང༌།།
སྙིང་སྟོབས་མཆོག་གྱུར་སྐྱེས་བུ་ཁྱོད་ལ་དེ་རིང་ལན་བརྒྱ་བསྔགས་པར་བྱ།།
ཆེན་པོའི་ཐོབ་དང་ནོར་ལ་མ་ཆགས་ཕ་ཤུལ་བུ་འཛིན་རླུང་ལ་སྐུར།།
འཇིག་རྟེན་འཁོར་བ་རྒྱབ་ཏུ་ཕྱགས་ནས་ཚེ་གཅིག་ཡུན་ལ་རྫོགས་སངས་རྒྱས།།
ཆོས་བརྒྱད་ཟེར་བ་དུག་ལྟར་སྤངས་ནས་དབེན་རིར་ཉུལ་བའི་རྣལ་འབྱོར་པ།།
དགེ་སྦྱོང་ཆེན་པོ་མི་ལ་མཆོག་ནི་ཐུབ་པ་ཚང་གི་མཛེས་རྒྱན་རེད།།
འཆི་བའི་དུས་ཚིགས་གདོང་ལ་ཐུག་ཀྱང་ཞུམ་པ་མེད་པའི་གདེང་ཞིག་ཐོབ།།
ན་བའི་སྡུག་བསྔལ་ཐོག་ལ་བབས་ཀྱང་དགའ་བ་སྒོམ་པའི་གནད་ཅིག་བརྙེད།།
འཇིག་རྟེན་ཡོད་ཚད་དགྲ་རུ་ལངས་ཀྱང་འཇིགས་པ་མེད་པའི་བརྟུལ་ཕོད་པ།།
མི་ལ་ཞེས་པའི་སེམས་ཅན་འདི་ནི་ཡ་མཚན་ཅན་ཞིག་མ་ཡིན་ནམ།།
གཡུལ་ལས་རྒྱལ་བའི་དཔའ་བོ་རེད་ཟེར་ཁ་མིག་བགྲད་མཁན་མང་པོ་བྱུང༌།།
རྫོགས་སངས་རྒྱས་པའི་ལྷ་རེད་ཟེར་ནས་བསྟོད་ཚིག་ཕུལ་མཁན་མང་པོ་འདུག།
ངོ་ཚ་མེད་པའི་རྒན་པོ་ཟེར་ནས་ལུག་ལྟར་བཤའ་མཁན་མང་པོ་འདུག།
སྤོབས་པ་ཅན་གྱི་མི་བུ་ཡིན་པས་གཞལ་དུ་མེད་པའི་རིན་ཐང་ལྡན།།
བོད་རྒྱ་ལོ་༢༡༣༨ལོའི་ཟླ༡༡ཚེས་པ༡༤ཉིན་མོར་གསེར་ཐང་བླ་རུང་ལྔ་རིགས་ནང་བསྟན་སློབ་གླིང་ནས་ཁ་བཏགས་ཚུལ་ཟླ་རུ་འབོད་པས་བྲིས།