ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

སྒྲོལ་མ་རྣམས་དང་འབྲེལ་བའི་སྙན་ངག་གི་ལེ་ཚན།

རྩོམ་པ་པོ:ཁྱུང་ཐར་རྒྱལ།ཡོང་ཁུངས:dmགཟིགས་གྲངས:1893ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/3/20 11:10:48ཚོགས་ཡར་སྤྲོད:admin
སྒྲོལ་མ་རྣམས་དང་འབྲེལ་བའི་སྙན་ངག་གི་ལེ་ཚན།
ཁྱུང་ཐར་རྒྱལ།
དང་པོ། དྲན་པའི་སྒྲོལ་མ།

སེམས་ལ་དྲན་པའི་སྒྲོལ་མ་དེ།།
གཙང་པོ་ཞིག་གི་སྤྲུལ་བ་ཡིན།།
གཙང་པོ་དེ་ཡི་བཞུར་སྟངས་ཀྱིས།།
ང་ཡི་སེམས་ལ་སྙན་ངག་བྲིས།།
སྙན་ངག་དེ་ཡི་བརྗོད་བྱ་ལ།།
མཛེས་སྡུག་མེ་ཏོག་གྲངས་མེད་བཞད།།
མེ་ཏོག་རེ་རེའི་ཟེའུ་འབྲུ་ལ།།
སེམས་ཀྱི་བུང་བ་རེ་རེ་བབས།།

གཉིས་པ། དྲན་སྟངས་གཞན་ཞིག

ལང་ཚོའི་སྟོན་སྡུད་ལ་ཡོང་བའི།།
སྐྲ་དཀར་བུ་མོ་ཡི་ཚོགས་རྣམས།།
སྤྱི་གཙུག་མེ་ཏོག་དུ་བཞད་དུས།།
སྒྲོལ་མ་མེ་ཏོག་དེ་དྲན་བྱུང༌།།
སྒྲོལ་མ་མེ་ཏོག་དེའི་དོན་ལ།།
སྙན་ངག་སེམས་ཉིད་ལ་སྦྱངས་པས།།
མགོ་ལྐོགས་སྐམ་པོ་ཡི་མིག་ཆུ།།
བཞུར་ནས་འཛད་རྒྱུ་ཞིག་མ་བྱུང༌།།

གསུམ་པ།བཞུགས་སྟངས།

བྱིན་རླབས་ཅན་གྱི་སྒྲོལ་མ་རྣམས།།
དད་པ་ཅན་གྱི་སེམས་ན་བཞུགས།།
མཛེས་སྡུག་ལྡན་པའི་སྒྲོལ་མ་རྣམས།།
སྟག་ཤར་རྣམས་གྱི་སེམས་ན་བཞུགས།།
རང་ལུས་འཚོང་བའི་སྒྲོལ་མ་རྣམས།།
གྲོང་ཁྱེར་མང་པོའི་འདོམས་ན་བཞུགས།།

བཞི་བ། བཀྲ་ཤིས་འཇོག

མི་ལུས་རིན་ཆེན་གསེར་གྱི་མཆོད་རྟེན་ཡིན།།
མི་འཇིག་རྟག་བརྟན་ཡོང་བའི་བཀྲ་ཤིས་ཤོག།
མི་སེམས་བཅོས་མ་སྟོན་ཁའི་སྤྲིན་པ་ཡིན།།
ཡང་ཡང་རླུང་གིས་མི་འཁུར་བཀྲ་ཤིས་ཤོག།
ཁྱོད་ལ་དགའ་བའི་བརྩེ་བ་གླེན་པ་འདིས།།
ཁྱོད་ལ་གནོད་པ་མི་བྱེད་བཀྲ་ཤིས་ཤོག།

ལྔ་བ། མཐོང་སྣང༌།

བྱ་རྒོད་གཞོག་པ་བརྐྱངས་འདྲའི་སྨིན་མའི་རླབས།།
རྣོ་དབལ་རལ་གྲིའི་ཁ་ནས་འཕུར་ཤུལ་དུ།།
འཁྱོག་པོར་བྲིས་པའི་སྣག་ཚའི་རི་མོ་ལ།།
མེ་ལོང་ནང་དུ་ཡང་ཡང་བལྟ་དགོས་བྱུང༌།།

དྲུག་པ། ཁྱད་པར།

སྒྲོལ་མའི་ནང་ན་དཔའ་བོ་ཡོད།།
སྒྲོལ་མའི་ནང་ན་སྡར་མ་ཡོད།།
སྒྲོལ་མའི་ནང་ན་མཁས་པ་ཡོད།།
སྒྲོལ་མའི་ནང་ན་བླུན་པོ་ཡོད།།
སྒྲོལ་མའི་ནང་ན་ཕྱུག་པོ་ཡོད།།
སྒྲོལ་མའི་ནང་ན་དབུལ་བོ་ཡོད།།
ཡོད་མེད་གཉིས་ཀྱི་ཁ་མཚམས་ན།།
སྒྲོལ་མ་རྣམ་པ་སྣ་ཚོགས་ཡོད།།
ཚེ་རིང་བ་རྣམས་སྒྲོལ་མ་ཡིན།།
ཚེ་ཐུང་བ་རྣམས་སྒྲོལ་མ་ཡིན།།
འཇིག་རྟེན་དར་རྒུད་ཇི་སྙེད་པ།།
སྒྲོལ་མ་ཡིན་པར་མཁས་པས་བཞེད།།
སྒྲོལ་མ་མང་པོའི་འཇིག་རྟེན་ནས།།
ཁོ་བོ་སྒྲོལ་མར་མགོ་བོ་འཁོར།།

བདུན་པ། བསྟོད་པ།

ཁྲེལ་དང་ངོ་ཚ་ལྡན་པ་དེ།།
ང་དང་སྒྲོལ་མ་གཉིས་ཀ་ཡིན།།
བག་ཡོད་རྒྱན་དང་ལྡན་པ་དེ།།
ང་དང་སྒྲོལ་མ་གཉིས་ཀ་ཡིན།།
ང་ཡི་སེམས་ཀྱི་སྒྲོལ་མ་དེ།།
སྒྲོལ་མ་གཞན་ལས་ཁྱད་པར་འཕགས།།
སྒྲོལ་མ་ཞེས་པའི་རི་བོ་དེ།།
ཉིལ་ནས་ཁོ་བོ་འབུ་ལྟར་བཅིར།།

བརྒྱད་པ། ཚོད་དཔག

ནམ་མཁའ་འདི་ཡི་ཕ་རོལ་ན།།
སྒྲོལ་མ་ཡོད་པར་ཁོ་བོ་འདོད།།
སྒྲོལ་མ་དེ་ཡི་སེམས་ནང་ན།།
ཁོ་བོ་མེད་པར་ཁོ་བོ་འདོད།།
ཁོ་བོ་ཡོད་མེད་གང་ཡིན་ཡང༌།།
ཁོ་བོས་འདི་ལྟར་བརྗོད་པར་འདོད།།

དགུ་བ། ཁོ་བོ།

དགུང་སྔོན་མཐོན་པོའི་དབྱིངས་རུམ་ན།།
སྒྲོལ་མ་གསུམ་གྱིས་གཤོག་འགྱུར་ངོམ།།
ཁོ་བོ་དེ་ལ་ཞེ་མ་ཆགས།།
རི་རབ་གསུམ་གྱི་རྩེ་མོ་ན།།
སྒྲོལ་མ་གསུམ་གྱིས་འཆོར་སྒེག་ངོམ།།
ཁོ་བོ་དེ་ལ་ཞེ་མ་ཆགས།།
རྒྱ་མཚོ་གསུམ་གྱི་གཏིང་རུམ་ན།།
སྒྲོལ་མ་གསུམ་གྱིས་འཁྱུག་རྩལ་ངོམ།།
ཁོ་བོ་དེ་ལ་ཞེ་མ་ཆགས།།
གར་ཡོང་འདིར་ཡོང་མི་ཤེས་པའི།།
སྒྲོལ་མ་དེ་ལ་གནས་ལུགས་མེད།།
ཁོ་བོ་ཐལ་བའི་རྡུལ་དུ་བརླགས།།

བཅུ་བ། སྟོང་འདང་རྒྱག་སྟངས་ཤིག

ཉི་མ་ཟླ་བའི་འཁོར་ཕྱོགས་ནོར་མེད་ན།།
ཁོ་བོའི་བསམ་བློ་འདི་ལ་ནོར་འཁྲུལ་འདུག།
ཁྱོད་རང་མེད་པའི་མཚན་མོ་རིང་ཞིང་སྐྱོ།།

བཅུ་གཅིག་པ། སློང་མོ།

སྤྱི་གཙུག་འཇའ་གུར་ན་བཞུགས་པའི།།
སྒྲོལ་མ་དེ་ལ་ཕྱག་འཚལ་ལོ།།
དངོས་གྲུབ་ཡོད་ན་བདག་ལ་སྩོལ།།
སྡེ་ཆེན་རྩེ་ར་ན་བཞུགས་པའི།།
སྒྲོལ་མ་དེ་ལ་ཕྱག་འཚལ་ལོ།།
བརྩེ་དུང་ཡོད་ན་བདག་ལ་སྩོལ།།
སེང་ལྡང་ནགས་ཚལ་ན་བཞུགས་པའི།།
སྒྲོལ་མ་དེ་ལ་ཕྱག་འཚལ་ལོ།།
བར་ཆད་ཐམས་ཅད་ཁྱོད་གྱིས་སོད།།
གསོན་ན་མི་བདག་སྒྲོལ་མ་ཡིན།།
ཤི་ན་རོ་བདག་སྒྲོལ་མ་ཡིན།།
ཤི་གསོན་དབྱེ་བ་གང་ཡིན་ཡང༌།།
དུས་གསུམ་སྒྲོལ་མ་རྣམས་ཀྱི་གཡང༌།།
མ་ལུས་བདག་ལ་འཁོར་བར་ཤོག།
ཁོ་བོའི་སྒོ་དང་ཁྱིམ་དག་དུ།།
སྒྲོལ་མ་མང་པོས་གང་གྱུར་ཏེ།།
མཐར་ཐུག་བུ་ཆུང་ཁོ་བོ་ཡང༌།།
སྒྲོལ་མའི་ངོ་བོར་ཐིམ་པར་ཤོག
·རྩོམ་ཡིག་གོང་མ:བསྟོད་པ་བཀླཊ་པའི་འཆར་སྣང་གི་དོན་འགྲེལ།
·རྩོམ་ཡིག་འོག་མ:འདི་ཡང་རིག་གསར་གྱི་འགུལ་སྐྱོད་རིགས་ཤིག་ཡིན་ནམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཕམ་ཉེས་དང་ཁ་ཕྱོགས། 2015/9/3 21:11:40
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:22:21 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:21:46 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:08:24 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS