ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།

  རྩོམ་པ་པོ:དེད་དཔོན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3732ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/10/5 19:54:13ཚོགས་ཡར་སྤྲོད:admin
༄༅།།  གསེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་
ལུགས་སྲོལ།  
 

དང་པོ། བཤས་ཚོང་མི་བྱ་བ། རྟ་ཟོག་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་ཉོ་ཚོང་མི་བྱ་བའོ།
གཉིས་པ། རྐུ་ཇག་མི་བྱ་བ། ཕྱི་ནང་སུ་ལའང་འཇབ་བུའི་རྐུ་དང་བཙན་པོའི་ཇག་མི་བྱ་བའོ།
གསུམ་པ། མཚོན་འཛིང་མི་བྱ་བ། གྲི་དང་མེ་མདའ་ལ་བརྟེན་ནས་འཛིང་མོ་མི་བྱ་བའོ།
བཞི་པ། སྨད་ཚོང་ལ་མི་བསྟེན་པ། འདིས་ནད་འཇིགས་སུ་རུང་བ་མང་པོ་བསྐྱེད་ནས་ད་ལྟ་བོད་ཡུལ་ན་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་རིགས་སོགས་སྨད་འཚོང་མ་བསྟེན་པར་མི་བྱ་བའོ།
ལྔ་པ། བོའུ་དང་ཉལ་ཐའི་ཚོང་མི་བྱ་བ། མེ་མདའ་རིང་ཐུང་མང་པོ་གཞན་གྱི་ས་ནས་ཚུར་ཉོ་ཞིང་བོད་ཀྱི་ནང་དུ་ཕར་འཚོང་བ་དང་། ཉལ་ཐ་ཉོ་ཚོང་མི་བྱ་བའོ།
དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། ཉལ་དུད་དང་ཐ་མག་གི་རིགས་འཐེན་པར་མི་བྱ་བའོ།
བདུན་པ། ཆང་མི་བཏུང་བ། ཆང་གི་རིགས་གང་ཡང་བཏུང་བར་མི་བྱ་བའོ།
བརྒྱད་པ། ཤོ་རྒྱན་མི་བསྐུག་པ། སྒོར་མོའམ་དངོས་རྫས་མང་པོ་བསྐུག་ཏུ་བཞག་ནས་ཤོ་རྒྱན་གཞག་པར་མི་བྱ་བའོ།
དགུ་པ། རྔོན་མི་བྱ་བ། རི་དྭགས་སམ་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསོད་པར་མི་བྱ་བའོ།
བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ། གཟིག་དང་སྲམ་དང་ཝ་སོགས་གཅན་གཟན་གྱི་པགས་པ་གྱོན་པར་མི་བྱ་བའོ།
  བཤས་ཚོང་སོགས་བྱ་བ་བཅུ་པོ་འདི་རྣམས་ཀྱིས་རང་རེ་ཚེ་འདི་ཕྱི་གཉིས་ཀར་འཕུང་བར་བྱེད་པ། བཤས་ཚོང་མི་བྱེད་པར་དམ་བཅའ་བ་སོགས་བཅུ་པོ་འདི་རྣམས་ཀྱིས་ཚེ་འདི་ཕྱི་གཉིས་ཀར་ཕན་པ་དང་བདེ་བར་བྱེད་ཅིང་།མི་ཙམ་དུ་མ་ཟད་དུད་འགྲོ་ཡན་ཆད་བདེ་བའི་ངང་དུ་གནས་པར་འགྱུར་བས་དད་ལྡན་སྐྱེ་བོ་རྣམས་ཀྱིས་བླང་དོར་ཚུལ་བཞིན་དུ་བྱེད་པ་ཤིན་ཏུ་གལ་ཆེ་བས་འབད་པ་བྱེད་པར་ཞུ་ཞུ།
གསེར་ལྗོངས་བླ་མ་རུང་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་ནས་བོད་རབ་གནས་ས་བྱི་ལོའི་ཆུ་སྟོད་ཟླ་བའི་ཚེས་ཉེར་ལྔ་ལ་སྤྲིངས་པའོ། །   
     
            དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།

    སྤུན་ཟླ་ཚོ། སོམས་དང་། ལེགས་ཉེས་ལྟ་བའི་མིག་ལྡན་ན། ཡང་དག་རིགས་པའི་དཔྱད་བསྡུར་གྱི་ལམ་ནས་དྲང་བདེན་གྱི་སྒལ་ཚིགས་ཤིག་སྲོངས་དང་། ཚུགས་ཐུབ་རིགས་པའི་བསྒྲགས་གཏམ་རེ་སྤེལ་དང་། གསེེར་ལྗོངས་བླ་མ་རུང་གིས་གཏན་ལ་ཕབ་པའི་དགེ་བཅུའི་ལུགས་སྲོལ་འདིས། བོད་མི་རིགས་འདི་ལ་ཁེ་ཉེས་གང་ཡོད་བསམ་གཞིགས་ཀྱི་མུ་ཁྱུད་དུ་འཁོར་མི་ཐུབ་པའི་གནད་དོན་ཞིག་མིན་པར་སེམས།
དང་པོ། བཤས་བཙོང་མི་བྱ་བ། རྟ་ནོར་ར་ལུག་ཁྱི་སོགས་བཤའ་བའི་ཆེད་དུ་ཉོ་ཚོང་མི་བྱ་བའོ། །
དགེ་བཅུའི་སྲོལ་དང་པོ་དེ་རེད། མིག་ཡ་གཅིག་མ་གཏོགས་ལྟ་མི་ཤེས་པ་དག་གིས་སྲོལ་དང་པོ་འདི་ལ་རྒོལ་མཁན་མང་བས། འདིའི་ཕྱོགས་ནས་བརྡ་ལེགས་པར་སྤྲད་པར་བྱའོ། །འབྲོག་པ་དག་ལ་ཤ་ཁྲག་བཟའ་བཏུང་མི་ཆོག་ཅེས་དུས་ནམ་ཡང་གསུངས་མྱོང་མེད་པ་དང་། གནག་ཕྱུགས་རྣམས་འཚོ་སྐྱོང་སོགས་འབྲོག་པའི་ཕྱུགས་ལས་སྤྱི་ལ་དུས་ནམ་ཡང་ངོ་རྒོལ་མཛད་མྱོང་མེད། མ་ཟད་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གིས། མ་འོངས་པར་འབྲུ་རིགས་ཀྱི་དཀའ་ངལ་ཧ་ཅང་ཆེན་པོ་འབྱུང་རྒྱུ་རེད། དེས་ན་རང་ཅག་གི་རྩ་བའི་འཚོ་རྟེན་ཞིང་ལས་དང་ཕྱུགས་ལས་མེད་པར་བྱེད་པ་ནི་ཆེས་ཉེན་ཁ་ཆེ་བའི་བྱ་བ་ཞིག་རེད་ཅེས་པ་སོགས་ལེགས་གསུང་ཐེངས་དུ་མར་ཕེབས་ཡོད། འོ་ན་སྲོལ་དང་པོ་འདི་སུ་ཞིག་ལ་བཞག་པ་ཡིན་སྙམ་ན། བཤས་ཉོ་བཤས་འཚོང་བྱེད་མཁན་གྱི་སྒེར་པ་འགའ་ལ་ཉོ་ཚོང་འདི་ཁོ་ནས་ཕྱུག་འབྱོར་གྱི་ལམ་བུར་སྐྱོད་མི་ཐུབ་པར་དགོངས་པ་དང་། དེས་མ་ཚད་བོད་ཤར་རྒྱུད་དང་ལྷོ་རྒྱུད་དུ་རྒྱ་བོད་ལག་འབྲེལ་གྱིས་ཚོང་པ་མང་པོས་དེང་རབས་འཕྲུལ་ཆས་ཅན་གྱི་གནག་ཕྱུགས་བཤས་ལ་ཕབ་སའི་བཤས་ར་མང་དུ་བཙུགས་ཏེ། གནག་ཕྱུགས་རྣམས་ཀྱི་ཤ་ཁྲོམ་རར་འཚོང་བའི་ལུགས་སྲོལ་དར་ཁྱབ་ཆེས་ཆེ་བས། བོད་ཀྱི་ས་ཁུལ་ལ་མ་གཏོགས་མེད་པའི་འབྲི་གཡག་དང་ར་ལུག་རྣམས་ནམ་ཞིག་ལ་རྩ་སྟོངས་སུ་འགྱུར་བའི་ཉེན་ཁ་ལ་དགོངས་ཏེ་སྲོལ་དེ་གཏན་ལ་ཕབ་པ་རེད། སྔོན་མ་བཞིན་དུ་འབྲི་གཡག་འདི་དག་བཤས་རར་ཚོད་མེད་དུ་བཙོངས་ན་ཡུན་རིང་མི་འགོར་བར་རྩ་སྟོངས་སུ་འགྲོ་བ་ལ་ཐེ་ཚོམ་ཙམ་ཡང་མི་དགོས་ཏེ། བོད་ཁུལ་ཁྱོན་ཡོངས་ལ་ནོར་གནག་གི་གྲངས་ཀ་ས་ཡ་བཅུ་གསུམ་ཡས་མས་ཙམ་ལས་མེད་པ་དེ། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱི་ཁ་ཟས་སུ་ལོ་བསྟར་རྒྱུན་མར་ཚོངས་དང་། ལོ་མང་པོ་མི་དགོས་པར་རྩ་མེད་དུ་འགྲོ་བར་ཤེས་སླ། གངས་ཅན་ཕོ་མོ་རྣམས་ལ་ཕུལ་བའི་ཞུ་ཡིག་ལས་ཀྱང་། ཉེར་ཆར་རང་རེའི་ཡུལ་གྱི་ནགས་ཚལ་རྣམས་བཅད་ནས་ཕལ་ཆེར་ཟད་དེ་འབྲི་ཆུའི་སྨད་རྒྱུད་དུ་ཆུའི་འཇིགས་པ་ཆེན་པོ་བྱུང་བའི་དབང་གིས་ཤིང་སྡོང་གཅིག་ཀྱང་གཅོད་མི་ཆོག་པའི་ཁྲིམས་འཕྲལ་དུ་བཅའ་དགོས་བྱུང་། སྔར་ཤིང་འཁྱེར་བའི་རླངས་འཁོར་དང་ད་ལྟ་ཟོག་ལུག་འཁྱེར་བའི་རླངས་འཁོར་གྱི་གྲངས་ཕལ་ཆེར་འདྲ་མཉམ་ཡིན། ད་དུང་མུ་མཐུད་ནས་འདི་ལྟར་བྱས་ན་མི་རིང་བའི་རྗེས་སུ་བོད་ཡུལ་གྱི་ཟོག་ལུག་རྣམས་ཟད་པའམ་ཤིན་ཏུ་ཉུང་བར་གྱུར་ནས་འབྲོག་སྡེ་རྣམས་འཚོ་ཐབས་བྲལ་བ་ཞིག་ཡོང་བའི་ཉེན་ཁ་ཤིན་ཏུ་ཆེ། ཞེས་སོགས་གསུངས་པ་ལྟ་བུ་རེད། ནོར་ལུག་བཤས་རར་འཚོང་བའི་ལུགས་སྲོལ་མ་དར་བའི་སྔོན་གྱི་ནོར་ལུག་གི་གྲངས་ཀ་དང་། ད་ལྟ་ནོར་ལུག་གི་གྲངས་ཚད་གཉིས་བསྡུར་ན་ད་ལྟ་བརྒྱ་ཆ་ ༥༠ ཙམ་གྱི་གྲངས་ཀ་ཉུང་ཚར་བར་བཤད། དཔེར་ན། དཀར་མཛེས་ཁུལ་གཅིག་པུ་ལ་མཚོན་ན་སྔོན་དུས་ནོར་གནག་ཁྲི་སུམ་བརྒྱ་ལྷག་ཡོད་ཀྱང་། ད་ལྟ་ཁྲི་བརྒྱ་ལྷག་ཙམ་ལས་མེད་པར་གྱུར་ཟིན་པར་བཤད། དེ་ནི་དགེ་བཅུའི་ལུགས་སྲོལ་དར་བའི་རྐྱེན་གྱིས་མིན་པར་གྲོང་ཁྱེར་ཁག་གི་བཤས་ར་ནང་དུ་ནོར་ལུག་ཚོད་མེད་བཙོངས་པའི་རྒྱུ་རྐྱེན་ལས་བྱུང་བ་དངོས་ཡོད་ཡིན། འབྲོག་པ་བཤས་ཚོང་པ་རེ་རེས་ལོ་རེར་ནོར་གནག་ཉིས་བརྒྱ་ལྷག་ཙམ་བཤས་རྭར་འཚོང་བཞིན་ཡོད། ནོར་ལུག་རྩ་སྟོངས་སུ་སོང་ན་སོང་། འབྲོག་པ་རྣམས་ཕྱུག་ལམ་དུ་སྐྱོད་ཐུབ་ན་དེ་གས་ཆོག་སྙམ་ན། ཕྱུག་ལམ་དུ་སྐྱོད་བྱེད་དེ་བཤས་ཉོ་བཤས་འཚོང་མིན་པར་ཤེས་དགོས། རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་ནང་ནས་དམངས་སྒོར་དུང་ཕྱུར་གཅིག་ལྷག་ཙམ་ཡོད་མཁན་མི་གྲངས་ས་ཡ་༨༠ ལྷག་ཡོད་ཀྱང་བཤས་ཉོ་བཤས་འཚོང་གི་ཁེ་ཚོང་ལ་བརྟེན་ནས་ཕྱུག་གྲལ་དུ་སླེབ་མཁན་སུ་གཅིག་བགྲང་དུ་མེད། གལ་སྲིད་རེ་གཉིས་ཡོད་པའི་དབང་དུ་བཏང་ཡང་། བོད་རིགས་གཅིག་ཀྱང་མེད་པ་ངེས་པར་དུ་ཤེས་དགོས། དམངས་སྒོར་དུང་ཕྱུར་ཡར་ལྷག་ཅན་བོད་རིགས་རེ་གཉིས་ཡོད་ཀྱང་འབྲོག་ལས་དང་བཤས་བཙོང་ལ་བརྟེན་ནས་སྒོར་དུང་ཕྱུར་ཡོད་མཁན་ཉིན་སྐར་གྱི་དཔེ་རུ་གྱུར། དེས་ན་ནམ་ཡང་འབྲོག་པ་དག་དབུལ་པོའི་གྲལ་ནས་ཡར་ཐར་མེད་པ་འདི་གསེར་རྟ་མཁན་པོས་མཛད་པ་མ་ཡིན་པ་གནོན་ཤུགས་གཞན་ཞིག་དང་། རྒྱུ་རྐྱེན་གཞན་ཞིག་ཡོད་པ་གཡམ་རྒྱུག་མཁན་ཁྱེད་ཚོས་ཤེས་པར་གྱིས་ཤིག དཔེར་ན་ཨ་མི་རི་ཀའི་སློབ་ཆེན་ཁག་གི་སློབ་ཡོན་ལ་མི་གཅིག་ལ་ལོ་རེར་ཨ་སྒོར་ཁྲི་གསུམ་ཡས་མས་ཡིན་ཡང་། རྒྱ་ནག་རང་ནས་ལོ་རེ་རེའི་ནང་དུའང་ཨ་རིའི་སློབ་ཆེན་ཁག་ཏུ་སྐྱོད་མཁན་རྒྱ་རིགས་སློབ་ཕྲུག་སྟོང་ཕྲག་དགུ་བཅུ་གོ་གཉིས་ནས་གོ་གསུམ་བར་དུ་ཡོད། དེ་དག་གི་ཁྲོད་དུ་གྲོང་ཁྱེར་ནང་དུ་གནས་སྡོད་བོད་རིགས་རེ་གཉིས་ཡོད་སྲིད་ཀྱང་། ལོ་རབས་ལྔ་བཅུ་པ་ནས་ད་ཕན་ཆད་དུ་བོད་རིགས་འབྲོག་ཕྲུག་གཅིག་ཀྱང་ཨ་རིའི་སློབ་ཆེན་དུ་སྐྱོད་པའི་ལོ་རྒྱུས་མེད་པ་འདི་གསེར་རྟ་མཁན་པོས་དགེ་བཅུའི་སྲོལ་བཞག་པ་ལས་བྱུང་བ་རེད་དམ། བལ་པོ་རྒྱལ་ཁབ་ནི་འཛམ་གླིང་རྒྱལ་ཁབ་ ༢༠༥ ཡི་ནང་ནས་དཔལ་འབྱོར་སྐྱོ་ཤོས་དེ་ཡིན་ཡང་། ལོ་རེ་རེའི་ནང་དུའང་སློབ་ཡོན་ཧ་ཅང་ཆེ་བའི་ཨ་མི་རི་ཀའི་སློབ་ཆེན་ཁག་ཏུ་འགྲིམ་མཁན་བལ་པོ་བ་སྟོང་ཕྲག་བདུན་ནས་བརྒྱད་བར་དུ་ཡོད། བོད་ཀྱི་འབྲོག་མི་ས་ཡ་གསུམ་ནས་བཞི་བར་དུ་ཡོད་པར་བཤད་ཀྱང་ཨ་རིའི་སློབ་ཆེན་ཕར་ཞོག་རྒྱ་ནག་གི་སློབ་ཆེན་འགྲིམ་མཁན་ག་ཚད་ཡོད་དམ། དོན་དངོས་བོད་ཀྱི་འབྲོག་པ་དག་ལ་ཤ་ཚ་མཁན་ཡོད་ན་འདི་དག་གི་ཐོག་ཏུ་དཔྱད་བརྗོད་རེ་འབྲི་བ་དང་ཞིབ་འཇུག་རེ་བྱེེད་འོས་ཀྱང་གཅིག་ཀྱང་མཐོང་དུ་མེད་པའི་ཁར། མིང་གི་གཡོ་ཟོལ་མེད་པ་འཆི་ལ་ཉེ་བའི་བོད་ཀྱི་སྐད་ཡིག་ལ་སྲོག་གི་ལྷག་མ་སྦྱིན་པའི་རིགས་ཞེན་པ་ཆེན་པོ། རི་བོ་གངས་ཅན་པ་རྨོངས་པའི་གཉིད་ལས་སློང་མཁན་དོན་དམ་གྱི་སློབ་གསོ་བ་ཆེན་མོ་མཁས་དབང་ཚུལ་ཁྲིམས་བློ་གྲོས་ཁོང་གི་ལེགས་མཛད་ལ་ཀླན་ཀ་འཚོལ་བ་ནི། བོད་པ་ཚང་ལ་གློ་སེམས་དཀར་བའི་བོད་ཕྲུག་དག་གི་སྙིང་ཤ་གྲི་ཡིས་གཤགས་པ་མིན་ན་གང་ཡིན། ནོར་ལུག་བཤས་རར་མ་ཕབ་ན་ལྟོ་གོས་མི་རག་པའི་དཀའ་ཁག་ཡོད་ཟེར་མཁན་ཡོད་ཀྱང་། བོད་ཀྱི་མཛངས་བློན་རྣམ་པས་བོད་མིའི་འཚོ་རྟེན་གྱི་ཆེད་དུ་གནག་ཕྱུགས་རྣམས་རི་ལས་མར་ཕབ་ནས་བཟུང་། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་ཡས་མས་བར་དུ་བཤས་ཉོ་བཤས་བཙོང་བྱེད་པའི་ལུགས་སྲོལ་མེད་ཀྱང་། འབྲོག་པ་དག་མུག་ཤི་ཐེབས་པའི་ལོ་རྒྱུས་གང་དུ་མེད་ན། དུས་རབས་ ༢༡ པའི་འདིའི་ནང་དུ་དཔལ་འབྱོར་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཅིག་གི་ནང་དུ་འབྲོག་པ་རྒད་པོ་ཚོས་བཤས་འཚོང་མ་བྱས་ན་མུ་གེས་ཤི་བའི་དཔེ་ཡང་མི་སྲིད། ཁ་ཅིག་གིས་སོ་སོའི་སྒོ་ཁར་སྒོ་ཕྱུགས་བཤའ་མི་ཆོག་པའི་ཁྲིམས་བཞག་ཡོད་རབས་བཤད་དེ་གཞི་མེད་སྐུར་འདེབས་དུ་མ་བྱས་འདུག་ཀྱང་། སྒོ་ཕྱུགས་བཤས་ན་ཉེས་པ་ཆེ་རབས་གསུངས་ཡོད་ཤས་ཆེ་ཡང་། བཙན་བཤད་ཀྱིས་སྒོ་ཕྱུགས་སྒོ་ཁར་བཤའ་མི་ཆོག་ཟེར་མཁན་སུ་ཡང་མེད། གལ་སྲིད་རེ་གཉིས་ཡོད་པའི་དབང་དུ་བཏང་ཡང་། དེ་དག་གིས་ནི་དགེ་བཅུའི་སྲོལ་འདིའི་གནད་མ་ཤེས་པའམ་ཡང་ན་མགོན་མེད་སེམས་ཅན་ལ་ཤ་ཚ་བའི་བླ་སྤྲུལ་སྒེར་གྱི་ཕྱག་ལས་ཙམ་ལས་དགེ་བཅུའི་སྲོལ་གྱི་ཁྱབ་ཁོངས་མ་ཡིན་པར་ངེས་པར་དུ་ཤེས་དགོས། དགེ་བཅུའི་སྲོལ་འཇོག་མཁན་དག་ནི་མི་སྒེར་གྱིས་ཤ་སྤོང་མ་ཐུབ་ཚུན་བཤས་ར་ནས་ཤ་ཉོ་བ་དང་། སྒོ་ཕྱུགས་སྒོ་ཁར་བཤས་པ་གང་ཡིན་ཡང་དུད་འགྲོའི་ཚེ་སྲོག་གི་འགྲོ་སྒོ་གཅིག་པ་ཡིན་ཚུལ་མཁྱེན་མཁན་ཤ་སྟག་ཡིན་པས་གཞི་མེད་སྐྱོན་འཛུགས་ཀྱི་རིགས་མཚམས་བཞག་ན་ལེགས་པར་སེམས། སྤྱིར་ཤེས་དགོས་པའི་གནད་དོན་གཅིག་ཡོད་པ་ནི། འབྲོག་ལས་གཅིག་པུས་འཛམ་གླིང་མི་གྲལ་དུ་ནམ་ཡང་མི་ཚུད་པ་དང་། སྔོན་ཐོན་དཔལ་འབྱོར་གྱི་རྗེས་ནམ་ཡང་མི་ཟིན་པ་ཤེས་དགོས། སྔོན་ཐོན་གྱི་རྗེས་མ་ཆོད་ཀྱང་བོད་རིགས་ཀྱི་ཁྱད་ཆོས་ལྡན་པ་འདི་རྒྱུན་སྐྱོང་བྱ་དགོས་སྙམ་ན། དེ་བདེན་ཡང་བོད་རིགས་ཀྱི་ཁྱད་ཆོས་ངོ་མ་དེ་མི་དགེ་བཅུ་སྤང་གི་ཚུལ་ཁྲིམས་ཉམས་སུ་ལེན་མཁན་ཞིག་ཡིན་དགོས་པ་ལས། དེ་མིན་བཤས་ཉོ་བཤས་བཙོང་བྱས་ཏེ་བརྩེ་མེད་གདུག་རྩུབ་ཀྱི་བྱ་སྤྱོད་ལ་དུས་འདའ་ཞིང་། རིང་ནས་གནག་ཕྱུགས་དག་དང་མཉམ་འཚར་མཉམ་ཤི་བྱས་པ་ལས་ལག་རྗེས་སྣེ་གཅིག་སྟོན་རྒྱུ་མེད་པའི་མི་རིགས་ཤིག་ཡོད་ཀྱང་ཆོག་ལ་མེད་ཀྱང་དེ་བས་ཆོག འདི་ནི་ང་རང་ཉིད་ཀྱི་ལྟ་ཚུལ་ཡིན་ལ་བོད་པ་རྒད་པོ་མང་པོའི་བསམ་ཚུལ་ཡང་རེད་འདུག་གོ ། 
དགེ་བཅུའི་སྲོལ་གཉིས་པའི་ཐད་ནས་གླེང་ན།
གཉིས་པ། རྐུ་ཇག་མི་བྱ་བ། ཕྱི་ནང་སུ་ལའང་འཇབ་བུའི་རྐུ་དང་བཙན་པོའི་ཇག་མི་བྱ་བའོ། །
འདི་རེད། འདི་ནི་འཛམ་གླིང་མི་གྲངས་དུང་ཕྱུར་ ༧༠ ལྷག་ཙམ་ཡོད་པ་རྣམས་ཁྲིམས་འདིའི་འོག་ཏུ་འགྲོ་དགོས་པ་ལས་བོད་ཀྱི་རོང་འབྲོག་རྒད་པོ་ཚོ་ལ་བཅས་བཞག་པའི་ཁྲིམས་ཤིག་མིན་ནའང་། དགེ་བཅུའི་སྲོལ་ནང་ལ་འདི་བཅུག་དགོས་པའི་རྒྱུ་མཚན་ནི་རོང་འབྲོག་ཕལ་ཆེར་བ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་གི་སྒོ་ཐེམ་ལས་བརྒལ་མ་མྱོང་བ་ཡིན་སྟབས། རྒྱལ་ཁྲིམས་དང་ཆོས་ཁྲིམས་གང་ཡིན་ངོ་ཤེས་པའི་ཕྱིར་དང་དེ་ཉིད་ལག་བསྟར་མ་བྱས་ན་མི་སྒེར་རང་རང་སོ་སོའི་འཕྲལ་ཕུགས་ཀྱི་འཚོ་བའི་བདེ་འཇགས་ལ་གནོད་པར་དགོངས་ཏེ་དགེ་བཅུའི་སྲོལ་ནང་དུ་བཞག་པ་རེད། 
དགེ་བཅུའི་སྲོལ་གསུམ་པའི་ཐད་ནས་གླེང་ན། 
གསུམ་པ། མཚོན་འཛིང་མི་བྱ་བ། གྲི་དང་མེ་མདའ་ལ་བརྟེན་ནས་འཛིང་མོ་མི་བྱ་བའོ། །
དེ་རེད། དེ་ནི། བོད་ཀྱི་ས་ཁུལ་གང་ས་ལ་སྔོན་ནས་ད་ལྟའི་བར་དུ་ཕུ་ནུ་ནང་དམེའི་ཁྲག་རྒྱུན་ཆད་མྱོང་མེད་པ་ལ་ཐུགས་བརྩེས་མ་བཟོད་པ་སྲོལ་དེ་གཏན་ལ་ཕབ་པ་ལས། རབ་བྱུང་བ་ཁོང་ཚོའི་ཁེ་ཕན་གྱི་ཆེད་དུ་མིན་པར་ཤེས་དགོས། མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་རྩོམ་ལུགས་གཉིས་གསལ་བའི་མེ་ལོང་ལས། ཁམས་བྲག་མགོ་དང་གཙང་རོང་གི་ས་མཚམས་སུ་ས་རྩོད་བྱུང་ནས་ལོ་བཅུ་གསུམ་གྱི་བར་དུ་འཁྲུག་པ་བྱས་ཏེ་མི་སུམ་ཅུ་ལྷག་གྲིར་ཤི། ཞེས་དང་། ཚོ་བ་གཉིས་རྩོད་གླེང་དུ་གྱུར་པ་ན་ཕྱོགས་གཉིས་ཀས་འཁྲུག་རྩོད་ཀྱི་ཆེད་དུ་མེ་མདའ་མང་པོ་གྲ་སྒྲིག་བྱེད། ཚོང་པ་ཤེས་མེད་ཀླད་ལོག་དག་གིས་གང་དུ་རྩོད་གླེང་ཡོད་ས་དེར་མེ་མདའ་མང་པོ་ཁྱེར་ནས་ལྐོག་འཚོང་བྱེད། དེའི་རིན་དུ་ཁྱིམ་ཕུགས་ཀྱི་རྒྱུ་རྫས་དང་། སྒོ་ཁའི་ནོར་ཐམས་ཅད་མེད་པར་བྱེད། མེ་མདའ་རེ་རེའི་རིན་དུ་གཡག་ཉི་ཤུ་རྩ་གྲངས་རེ་བསད་དེ་དེའི་ཤ་རིན་དང་ཁྲག་རིན་རྣམས་འཇལ། དེས་མི་མང་པོ་བསད་དེ་སླར་ཁྱིམ་གཞི་ཡོངས་རྫོགས་མི་སྟོང་དུ་བྱིན་ནས་ཁྱིམ་ཚང་མང་པོ་འཚོ་ཐབས་གཏན་ནས་མེད་པར་གྱུར། དེ་ལྟར་མི་བརླག་རྒྱུ་བརླག་བྱས་པའི་མཇུག་འབྲས་ལ་དོན་དེ་འགྲུབ་དང་འདི་འགྲུབ་ཅི་ཡང་མེད་པར་ཚེ་འདིར་སྡོད་ལོ་མེད་པ་ཞིག་དང་། ཞེས་དང་། ཉམ་ཆུང་རྣམས་འཇིགས་སྐྲག་འབའ་ཞིག་གི་དུས་འདའ་ཞེས་སོགས་གསུངས་པ་བཞིན། བོད་སྟོད་སྨད་གང་ས་རུ་སྐྱེས་པ་ཕོས་འཁྲུག་པ་རྒྱག་མ་ཕོད་ན་ཕོ་གྲལ་དུ་མི་ཚུད་པ་ལྟ་བུའི་ཆེས་རྗེས་ལུས་ཀྱི་བསམ་བློ་ངན་པ་དེའི་དབང་གིས། བོད་རང་འབྲོག་ས་ཁུལ་ཁག་ཏུ་དོན་མེད་ཀྱི་མགོ་རྣ་ཕྲན་བུ་དང་། རྩྭ་ས་རྩོད་གླེང་བྱུང་སྟེ་ནང་འཁྲུག་དང་ནང་དམེ་རྒྱུན་མར་བྱེད་བཞིན་ཡོད། དཔེར་ན་ ༢༠༡༡ ལོའི་ལོ་མཇུག་ཙམ་དུ་མདོ་ཁམས་ཕྱོགས་ཀྱི་སྡེ་བ་གཉིས་ས་ཆའི་དོན་དུ་ནང་འཁྲུག་ཤོར་ཏེ་མི་མགོ་བཅུ་གསུམ་དུས་གཅིག་ལ་གསོད་རེས་བྱས་པ་ལྟ་བུ་རེད། དེ་དང་དེ་འདྲ་བོ་བོད་ཡུལ་གང་སར་གསོད་རེས་རྒྱུན་མར་བྱས་ཏེ་མི་མང་པོ་ཞིག་ཚེ་འདིར་བཙོན་ཁང་ནང་དུ་སྡོད་པའམ་རི་མགོར་བྲོས་ཏེ་རི་དྭགས་བཞིན་དུ་མི་ཚེ་རི་ལ་སྐྱེལ་བ་དང་། དེ་དང་འབྲེལ་བའི་གཉེན་ཉེ་བ་ཚོ་མི་ཚེ་འཇིགས་སྐྲག་དང་འཁོན་འཛིན་གྱི་དུས་འདའ་བ་སོགས་ཡ་ང་ཞིང་ཡི་མུག་པའི་སྐྱོ་གར་དེ་དག་ལ་དགོངས་ཏེ་དགེ་བཅུའི་སྲོལ་གསུམ་པ་དེ་གཏན་ལ་ཕབ་ཡོད། སྲོལ་དེ་བཞག་པ་ནས་བཟུང་སྟེ་སྔོན་མར་ཡུལ་ཚོ་གཅིག་གི་ནང་དུ་ནང་འཁྲུག་ནང་དམེ་བྱས་པ་ལྟ་བུ་ད་ལྟ་རྫོང་ཁག་གཅིག་གི་ནང་དུའང་མ་བྱུང་བ་ལྟ་བུ་མཛད་རྗེས་དང་བཀའ་དྲིན་གྱི་རིན་ཐང་སུ་ཞིག་གིས་གཞལ། མ་ཟད་འཚེ་མེད་དཔའ་བོའི་འཐུས་ཚོགས་བཙུགས་ཏེ་ད་སྐབས་བོད་རིགས་ས་ཡ་གཅིག་ལྷག་གིས་ནང་ཁུལ་ལ་ནང་དམེ་འཁྲུག་རྩོད་མི་བྱེད་པའི་ཁས་ལེན་དམ་བཅའ་བྱེད་མཁན་བྱུང་བའི་ངོ་མཚར་གྱི་མཛད་རྗེས་བསམ་བརྗོད་ལས་འདས་ཀྱང་། ད་དུང་ལེགས་མཛད་དེ་དག་ལ་ཅོ་འདྲི་བ་ནི། བཟང་ལན་ངན་འཇལ་དང་། ཇ་ལན་ཆུ་འཇལ་མིན་ན་ཅི་ཞིག་ཡིན། 
དགེ་བཅུའི་སྲོལ་བཞི་པའི་ཐད་དུ་གླེང་ན། 
བཞི་པ། སྨད་འཚོང་མ་མི་བསྟེན་པ། འདིས་ནད་འཇིགས་སུ་རུང་བ་མང་པོ་བསྐྱེད་ནས་ད་ལྟ་བོད་ཡུལ་ན་ཉེན་ཁ་ཤིན་ཏུ་ཆེ་བས་རྒྱ་རིགས་སོགས་སྨད་འཚོང་མ་བསྟེན་པར་མི་བྱའོ། །
དེ་རེད། དེ་ནི་ཚབས་ཆེ་བའི་འགོས་ནད་མ་རུངས་པ་ཨེ་ཛིའི་ནད་དེས་བོད་རིགས་ཡོངས་རྫོགས་བརླག་པའི་ཉེན་ཁ་ཡོད་པར་དགོངས་ཏེ་སྲོལ་དེ་གཏན་ལ་ཕབ་པ་ཡིན་གྱི། གལ་སྲིད་ནད་ངན་དེ་འདྲ་ཞིག་འགོས་སུ་མེད་ན། བོད་རོང་འབྲོག་རྒན་པོ་རེ་རེས་དགོང་མ་རེར་སྨད་འཚོང་མ་བརྒྱ་ལྷམ་ཙམ་ཁྲིད་བསྡད་ཀྱང་། རབ་བྱུང་ཚོས་ཇུས་གཏོགས་དགོས་དོན་ཡང་མེད་ལ། ཇུས་གཏོགས་བྱེད་ཀྱང་བྱེད་རྒྱུ་མ་རེད། སུས་ཀྱང་བཅོས་ཐབས་མེད་པའི་ནད་ངན་འདིས་འགྲོ་བ་མི་རིགས་ཡོངས་རྫོགས་བརླག་པའི་ཉེན་བརྡ་གཏོང་བཞིན་ཡོད་ན། མི་གྲངས་ཧ་ཅང་ཉུང་བའི་བོད་རིགས་ལྟ་བུ་རྩ་མེད་དུ་འགྲོ་བར་དཀའ་ཁག་ཅིག་གཞར་ཡང་མིན། སྤྱི་ལོ་ ༡༩༨༡ ལོར་མི་རྣམས་ཀྱིས་ཨེ་ཛིའི་ནད་འདི་གསར་དུ་ངོ་ཤེས་པ་ནས་བཟུང་ད་ལྟའི་བར་ལོ་ ༣༠ ཙམ་གྱི་རིང་ལ་འཛམ་གླིང་གི་མི་ས་ཡ་དྲུག་ཅུ་ལ་ནད་འདི་འགོས། དེ་ལས་ས་ཡ་སུམ་བཅུ་ཉེ་བ་ཙམ་གྱི་ཚེ་སྲོག་ཤོར། ༢༠༡༡ ལོ་གཅིག་པུ་ལའང་མི་གྲངས་ཁྲི་ ༡༧༠ ཡི་ཚེ་སྲོག་ཤོར་བ་བཤད་བཞིན་ཡོད། ཨེ་ཛིའི་ནད་ཡམས་འདི་འགོས་ཚབས་ཆེ་ས་ནི་དཔལ་འབྱོར་རྗེས་ལུས་ཡིན་པ་དང་། འཕྲོད་བསྟེན་མི་ཤེས་པ་དང་། རིག་གནས་ཀྱི་ཆུ་ཚད་དམའ་བ་སོགས་སུ་འགོས་པར་བཤད། དེས་ན་བོད་ཀྱི་འབྲོག་མི་དག་གི་ཚེ་སྲོག་ལ་ནད་ངན་འདིས་ཐོག་དང་པོ་རྒོལ་བར་ཐེ་ཚོམ་ཅི། དཔེར་ན། མཚོ་སྔོན་གྱི་མི་གྲངས་ཁྲི་ ༥༥༧. ༣ གྱི་ནང་ནས་བོད་རིགས་ཁྲི་ ༡༠༩ ཡོད་པས་ཞིང་ཆེན་གྱི་མི་གྲངས་བརྒྱ་ཆ་ ༢༠ .༧༨ ཟིན་ཡོད་མོད། འོན་ཀྱང་བོད་རིགས་མཆིན་ཚད་ནད་པས་ཞིང་ཆེན་ཡོངས་ཀྱི་ནད་པའི་བརྒྱ་ཆ་ ༥༠ ཟིན་གྱི་འདུག་ཅེས་པའི་གནས་ཚུལ་གསར་ལམ་ཁག་ཏུ་བསྒྲགས་པ་བཞིན་རེད། བོད་ཀྱི་རོང་འབྲོག་ཁག་ནི་འཕྲོད་བསྟེན་མི་ཤེས་པ་དང་། འགོས་ནད་སྔོན་འགོག་མི་ཤེས་པའི་རྒྱུ་མཚན་གྱིས་ནད་རིགས་འདྲ་མིན་གྱིས་ཁྱབ་བཞིན་ཡོད། དེའི་ཕྱིར་སྲོལ་བཞི་པ་འདི་ནད་ཡམས་འགོག་སྲུང་གི་ཆེད་དུ་རེད། 
དགེ་བཅུའི་སྲོལ་ལྔ་པའི་ཐད་ནས་གླེང་ན། 
ལྔ་པ། བོའུ་དང་ཉལ་ཐའི་རིགས་ཚོང་མི་བྱ་བ། མེ་མདའ་རིང་ཐུང་མང་པོ་གཞན་གྱི་ས་ནས་ཚུར་ཉོ་ཞིང་བོད་ཀྱི་ནང་དུ་འཚོངས་བ་དང་། ཉལ་ཐ་ཉོ་ཚོང་མི་བྱ་བའོ། །
དེ་རེད། དེ་ནི་རྒྱལ་ཁབ་རིམ་པའི་ཁྲིམས་ལུགས་ལྟར་ན་ནག་ཚོང་ཆེ་ཤོས་དེ་ཡིན། སྤྱིར་ནག་ཚོང་ལ་བརྟེན་ནས་ཕྱུག་ལམ་དུ་སྐྱོད་མཁན་ཆེས་ཉུང་ཞིང་། བྱེ་བྲག་ཏུ་ཨ་མ་མ་གཏོགས་ངོ་མི་ཤེས། སྒོ་ཐེམ་མ་གཏོགས་བརྒལ་མ་མྱོང་བའི་ལུང་པ་ཁུག་ཀྱོག་གི་མི་དག་གིས་ནག་ཚོང་ལ་བརྟེན་ནས་རྒྱུ་ནོར་གསོག་རྒྱུ་རག་པ་ཉིན་མོའི་སྐར་མ་ལྟར་གྱུར་ཡོད། དེ་ལ་རྒྱུ་མཚན་མང་པོ་ཡོད། རྒྱལ་ཁབ་བདེ་སྲུང་རིམ་པའི་གསང་ཉུལ་བའི་ལས་དོན་སྒྲུབ་སྟངས་ལ་རྒྱུས་མངའ་མེད་པ་དང་། གྲོང་ཁྱེར་འདྲ་མིན་གྱི་མི་རྣམས་མགོ་བདེ་དྲན་འཁྲུལ་ཆེ་དྲགས་པ་དང་། དེང་རབས་ཀྱི་འཁྲུལ་རིགས་ལ་བེད་སྤྱོད་ཡང་དག་མི་ཤེས་པའི་གནད་ཀྱིས་དམངས་སྒོར་ཁྲི་ཕྲག་དུ་མ་ཡོད་པའི་ཚོང་པ་དག་ཀྱང་ལས་ཀ་འདི་དག་གིས་ཉི་མ་གཅིག་ལ་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་ཤོར་བའི་གནས་ཚུལ་བྱུང་བ་ཉུང་ཉུང་མིན། མ་ཟད་ཚོང་པ་དེ་ལ་ཁ་བརྟེན་པའི་ཁྱིམ་ཚང་བཅུ་ཕྲག་དུ་མ་འཚོ་རྟེན་མེད་པ་ཆགས་བཞིན་ཡོད། དཔེར་ན་འབྲོག་པ་སྡེ་ཤོག་གཅིག་གི་ནང་དུ་མེ་མདའ་རིང་ཐུང་ ༩༣ ཙམ་ཡོད་པ་རྣམས་ཉིན་གཅིག་ལ་གཞུང་གི་ཉེན་རྟོག་མི་སྣས་ཕྲོགས་ཡོད། མེ་འདའ་འགའ་ཤས་ལ་རྒྱ་ནག་སྒོར་མོ་ཁྲི་ ༢༠ ལྷག་ཙམ་གྱི་རིན་ཐང་ཅན་ཡོད་ཀྱང་། གཞུང་གི་ཁྲིམས་ལུགས་ལྟར་གཞུང་བཞེས་བྱས་ཡོད། དེ་དག་ནི་འབྲོག་པའི་ཐོན་སྐྱེད་སྤྱི་དང་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཕལ་མོ་ཆེས་མེ་མདའ་ཉོ་སྤྱད་བྱེད་བཞིན་ཡོད། མེ་མདའ་དེ་འདྲའི་མང་པོ་འབྲོག་པ་དག་གིས་ཉོ་དོན་ནི། འགའ་ཤས་ཀྱིས་ནང་འཁྲུག་གི་ཆེད་དུ་ཉོས་ཡོད་ཀྱང་། མང་ཆེ་བ་ནི་རྩེད་མོ་ཁོ་ནའི་ཆེད་དུ་རེད། འབྲོག་པའི་སྐྱེས་པ་དག་གིས་དུས་དུས་སུ་ལུང་སྟོང་ནང་དུ་སྤྲོ་སྐྱིད་དུ་སོང་ནས། སྒོར་སྟོང་ཕྲག་དུ་མས་མདེའུ་ཉོས་ཏེ་བོའུ་རྩེད་རྩེ་བ་ནི་ལུང་ཀྱོག་གི་འབྲོག་པ་དག་གིས་སྤྱིར་བཏང་གི་ལུགས་སྲོལ་འདྲ་བོ་ཡིན། དེས་ན་དོན་མེད་ཀྱི་དཔལ་འབྱོར་ཆུད་ཟོས་མི་བྱེད་པའི་ཆེད་དང་། འབྲོག་པའི་ཚོང་པ་དག་གིས་སྲ་བརྟན་བརླིང་གསུམ་ལྡན་པའི་ཚོང་ལས་ཤིག་ཡོང་ཐབས་ལ་དགོངས་ཏེ་དགེ་སྲོལ་ལྔ་པ་འདི་གཏན་ལ་ཕབས་པ་རེད།
དགེ་བཅུའི་སྲོལ་དྲུག་པའི་ཐད་ནས་གླེང་ན
དྲུག་པ། ཉལ་ཐ་དང་ཐ་མག་མི་འཐེན་པ། ཉལ་དུད་དང་ཐ་མག་གི་རིགས་འཐེན་པར་མི་བྱའོ། །
འདི་རེད། འདི་ནི་མི་སོ་སོའི་ལུས་ཁམས་བདེ་སྲུང་གི་ཆེད་དང་། དཔལ་འབྱོར་འགྲོ་སོང་ལྷག་མ་མི་ཡོང་བའི་ཆེད་དུ་ཡིན། ཉལ་ཐའི་རིགས་འཐེན་མཁན་ཞིག་ཡོད་ན་སེམས་མྱོས་པ་འགྱུར་བས་དེའི་ཕྱིར་འདིའི་མིང་ལ་སྨྱོ་རྫས་ཞེས་འབོད་ཀྱིན་ཡོད། འདི་འགོག་ཁྲིམས་ལ་མི་དགའ་ལྟ་མཁན་ཉུང་ཡང་། ཐ་མག་སྤྱིར་བཏང་བ་འཐེན་མི་ཆོག་པར་ངོ་རྒོལ་བྱེད་མཁན་ཡོད་ངེས་པས། གལ་སྲིད་ཐ་མག་འདིས་མིའི་ལུས་ཁམས་ལ་གནོད་པ་ཚབས་ཆེན་ཞིག་དང་། དཔལ་འབྱོར་འགྲོ་སོང་ལྷག་མ་ཞིག་མེད་ན། སྲོལ་འདི་འཛུགས་དགོས་དོན་མེད་པར་ཤེས་དགོས། ཐ་མག་འཐེན་ན་མིའི་རིགས་ཀྱི་བདེ་ཐང་དང་ཚེ་སྲོག་ལ་གནོད་པ་ཚབས་ཆེན་ཐེབས་བཞིན་ཡོད། དཔེར་ན་རྒྱ་ནག་ནང་གཅིག་པུ་ལ་ཐ་མག་གི་རྐྱེན་གྱིས་ཤི་བའི་མི་གྲངས་ལོ་རེར་ས་ཡ་གཅིག་ལྷག་ཙམ་ཡིན་པ་དང་། དེ་ནི་ཨེ་ཛི་ནད་དང་གློ་ནད། འགྲིམ་འགྲུལ་དོན་རྐྱེན། རང་སྲོག་བཅད་དེ་ཤི་བ་བཅས་ཀྱི་སྡོམ་གྲངས་ལས་བརྒལ་ཡོད་པ་བཤད། འཛམ་གླིང་སྤྱི་ཡོངས་ནས་བཤད་ན། མཁན་ཆེན་མཆོག་གི་བླང་དོར་བསླབ་བྱ་ཞིག་ལས། དེ་སང་འཛམ་གླིང་གི་ཐོག་ལ་མི་བཅུ་ནད་ཀྱིས་ཤི་སོང་ན་དེའི་ནང་ནས་གཅིག་དུ་བ་འཐེན་ནས་ཤི་བ་ཡིན་ཟེར་གྱི་ཡོད་པ་རེད། ཆུ་ཚོད་སྐར་ཆ་དྲུག་རེའི་ནང་དུ་འཛམ་བུ་གླིང་གི་ཐོག་ལ་མི་རེ་རེ་དུ་བ་འཐེན་ནས་འཆི་བཞིན་ཡོད་པ་རེད། ཤི་མ་སོང་ནའང་དུ་བ་རྐང་གཅིག་འཐེན་ན་མི་དེའི་ཚེ་སྐར་མ་བཅུ་གཅིག་ལ་ཇེ་ཐུང་ལ་འགྲོ་བཞིན་ཡོད་པ་རེད། ཅེས་གསུངས་པ་ལྟ་བུ་ཡིན། ཐ་མག་རྫུན་མ་ཆེས་མང་བའི་དབང་གིས་གློ་བ་དང་། མཆིན་པ་ཁྲག་རྩ་ལ་ཆེས་གནོད་ཀྱིན་ཡོད་པས་མི་མང་པོ་ཞིག་འཆི་ལམ་དུ་རྫོང་བཞིན་ཡོད། ཚུར་ལ་ཡོང་འབབ་ཆེན་པོ་མེད་པའི་མི་ཞིག་ལ་མཚོན་ན། རྒྱུ་དངུལ་གྱི་གྱོང་རྒུད་ཆེས་ཆེ་སྟབས་སྲོལ་དེ་གཏན་ལ་ཕབ་པ་རེད། 
དགེ་བཅུའི་སྲོལ་བདུན་པའི་ཐད་ནས་གླེང་ན། 
བདུན་པ། ཆང་མི་བཏུང་བ། ཆང་གི་རིགས་གང་ཡང་བཏུང་བར་མི་བྱའོ། །
དེ་རེད། དེ་ནི་མི་ཡི་ལུས་ཁམས་བདེ་ཐང་ལ་ཐད་ཀར་གནོད་པ་དང་། མཆིན་པའི་འབྲས་སྐྲན་གྱི་ནད་ཕལ་མོ་ཆེ་ཆང་བཏུངས་པ་ལ་བརྟེན་ནས་བྱུང་བར་བཤད། ད་དུང་གཟུགས་པོའི་མ་ལག་ཡོངས་རྫོགས་ལ་གནོད་ཚུལ་འཕྲོད་བསྟེན་སློབ་དེབ་ཁག་ཏུ་བལྟས་ན་ཤེས་ངེས། སྤྱི་ཚོགས་བདེ་འཇགས་ལའང་ཐད་ཀར་གནོད་བསྐྱལ་ཏེ། བརྐུ་འཕྲོག་བྱེད་པ་དང་། མི་གསོད་པ། ཆུང་མར་གཅར་རྡུང་བྱས་རྗེས་བཟའ་ཚང་ཁ་འཐོར་དུ་འགྲོ་བའི་དོན་རྐྱེན་སོགས་ཆང་འཐུང་བ་ལ་བརྟེན་ནས་འབྱུང་གི་ཡོད། དཔེར་ན་རྒྱ་ནག་ནང་དུ་ལོ་རེ་རེར་ཆང་བཏུངས་པ་ལས་བྱུང་བའི་གྱོད་དོན་ས་ཡ་བཞི་ལྷག་ཙམ་འབྱུང་བཞིན་ཡོད་པ་བཤད། རྒྱ་ནག་ནང་དུ་ལོ་རེར་མི་ཁྲི་བཅུ་ཡས་མས་རླངས་འཁོར་གྱི་ཆག་སྒོ་དོན་རྐྱེན་ལས་ཤི་བའི་ཁྲོད། མི་སུམ་ཆ་གཅིག་ཡན་གྱི་ཆག་སྒོ་དོན་རྐྱེན་ནི་ཆང་བཏུངས་རྗེས་རླངས་འཁོར་བསྐོར་བ་དང་འབྲེལ་བ་ཡོད་པ་བཤད། དཔལ་འབྱོར་གྱོང་རྒུད་ནི། དཔེར་ན་འབྲོག་པ་མི་ཚང་དཀྱུས་མ་ཞིག་ལ་བཟའ་མི་བདུན་ཡོད་པ་ལས། དེའི་ནང་ནས་ཆང་རག་ཚོད་མེད་འཐུང་མཁན་མི་གཅིག་ཡོད། དེའི་ཆང་རག་གི་ཟས་གྲོན་དང་། གཟའ་ཚང་ལྷག་མ་དྲུག་པོའི་གཟའ་བཏུང་གི་འགྲོ་སོང་གཉིས་འདྲ་བ་བཤད་པ་དངོས་བྱུང་ཡིན་པ་ལྟ་བུ་རེད། དེའི་ཕྱིར་ལུས་ཁམས་བདེ་སྲུང་དང་། སྤྱི་ཚོགས་བདེ་འཇགས་རྒྱུ་ནོར་གྱོང་རྒུད་སོགས་ལ་དགོངས་ཏེ་སྲོལ་འདི་བཞག་པ་རེད། 
དགེ་བཅུའི་སྲོལ་བརྒྱད་པའི་ཐད་ནས་གླེང་ན། 
བརྒྱད་པ། ཤོ་རྒྱན་མི་བསྐུག་པ། སྒོར་མོའམ་དངོས་རྫས་མང་པོ་བསྐུག་བཞག་ནས་ཤོ་རྒྱན་གཞག་པར་མི་བྱའོ། །
དེ་རེད། དེ་ནི་གོང་ནས་ནག་ཚོང་སྐབས་སུ་བཤད་པ་བཞིན་ལུང་པ་ཁུག་ཀྱོག་གི་མི་དག་གིས་ཤོ་རྒྱན་འཇོག་པ་ལ་བརྟེན་ནས་ཕྱུག་པོར་གྱུར་པའི་མི་གཅིག་ཀྱང་མཚན་གཞི་འཇོག་ཏུ་མེད། རྒྱུ་མཚན་ནི་དེང་རབས་གྲོང་ཁྱེར་གྱི་མི་དག་ནི་འཕྲུལ་ཆས་ཀྱིས་བཟོས་པའི་མི་ཡིས་མིག་འཁྲུལ་སྣ་ཚོགས་བསྟན་པ་ལྟར་གཡོ་སྒྱུའི་ཐབས་ཚུལ་ལ་བྱང་ཞིང་ཆུབ་པས། དེ་དག་གི་ཁ་རྩ་ནས་རྒྱ་ཡིག་མགོ་མཇུག་མི་ཤེས་པའི་ལུང་ཀྱོག་གི་མི་ཞིག་གིས་སྒོར་མོ་ཞིག་ཟ་རྒྱུ་རག་གམ་ཅི། རོང་འབྲོག་ལུང་ཀྱོག་གི་མི་དག་ལ་གྲོང་ཁྱེར་གྱི་མི་དག་གིས་དང་པོ་སྒོར་མོ་ཁྲི་ཁ་ཤས་བཟའ་རུ་བཅུག་པ་དང་། དེ་ནས་འབྲོག་པ་དག་གིས་སྒོར་མོ་དུ་མ་ཟ་བ་རློམ་སྟེ་ཤོ་རྒྱན་ཆེ་རུ་བཏང་གི་ཡོད། རྒྱན་སྐུག་ཆེ་རུ་འགྲོ་སྐབས་གཟའ་རྒྱུ་རག་མཁན་གཅིག་ཀྱང་མེད། འབྲོག་པ་མི་རེ་རེས་ཉིན་གཅིག་ལ་རྒྱ་ནག་སྒོར་མོ་ཁྲི་ ༥༠ ཡས་མས་རྒྱན་སྐུག་ཤོར་བའི་ལོ་རྒྱུས་ཉུང་ཉུང་མིན། སྒོར་དེ་འདྲ་ཡོད་མཁན་རེ་གཉིས་ཡིན་སྟབས་སྒོ་ཁའི་ཟོག་ལུག་ཡོངས་རྫོགས་བཙོང་དགོས་ཁེལ་བ་དང་། ཁྱིམ་ཚང་འཚོ་རྟེན་མེད་པར་གྱུར་ཏེ་དེའི་རྐྱེན་གྱིས་ཕ་མ་སྡུག་ནད་ཀྱིས་ཤི་བ་དང་། བཟའ་ཚང་ཁ་འཐོར་དུ་འགྲོ་བ་སོགས་སྐྱོ་གར་གྱི་དངོས་སྒྲུང་དུ་མ་ཡོད། ཆེས་ཤོ་རྒྱན་འཇོག་སའི་ཚད་ལྡན་ཤོ་རྒྱན་འཇོག་བྱེད་ཀྱི་རྩེད་ཆས་རྫུན་མའི་རིགས་གང་ཡང་མེད་ས་ཞིག་ཡིན་ནའང་། གྲོང་ཁྱེར་གྱི་མི་དག་གིས་མཆུ་བརྡ་དང་། མིག་བརྡ། ལག་བརྡ། མཛུབ་བརྡ་སོགས་བརྡ་སྣ་ཚོགས་ལ་སྦྱོང་བརྡར་སྤྲད་དེ་ཤོ་རྒྱན་རྩེ་ར་ནང་དུ་ཡོང་བཞིན་ཡོད་པས། འབྲོག་རྒན་དག་གིས་དེ་དག་གི་རྩ་ནས་རྒྱུ་ནོར་ཞིག་ཟ་རེ་འཆང་བ་ནི། འཛེ་ནད་ཀྱིས་ཤི་ལ་ཉེ་བའི་སྤྲང་རྒན་ཞིག་གིས་སྟོབས་འཁོར་ལོས་སྒྱུར་པའི་རྒྱལ་སྲིད་ལ་རེ་སེམས་འཆང་བ་དང་གཉིས་སུ་མེད། མ་ཟད་ཤོ་དང་མ་ཅང་རྒྱུན་ཏུ་རྩེད་མཁན་ཚོས་མཚན་མོ་གཉིད་བཅག་པ་དང་། ཉིན་མོར་དུས་ཐོག་ལ་ཟས་མི་བཟའ་བས་ལུས་ཁམས་སྙོམས་སྒྲིག་མེད་པར་གྱུར་ཏེ། རྒྱན་པོ་འགྱེད་མཁན་ཕལ་མོ་ཆེ་ནད་ཀྱིས་མནར་ནས་ཡོད། དེའི་ཕྱིར་རོང་འབྲོག་གི་མི་དག་གི་འཕྲལ་ཕུགས་ཀྱི་མདུན་ལམ་དང་། དེ་དག་དང་འབྲེལ་བའི་བཟའ་མི་བུ་ཕྲུག་དག་ལ་ཤ་ཚ་སྙིང་རྗེས་མ་བཟོད་ནས་སྲོལ་འདི་གཏན་ལ་ཕབ་པ་རེད། 
དགེ་བཅུའི་སྲོལ་དགུ་པའི་ཐད་ནས་གླེང་ན།
དགུ་པ། རྔོན་མི་བྱ་བ། རི་དྭགས་གཅན་གཟན་གསོད་ཐབས་སྣ་ཚོགས་ཀྱིས་གསད་པར་མི་བྱ་བའོ། །
དེ་རེད། རི་དྭགས་གཅན་གཟན་སོགས་གསོད་མི་རུང་པའི་རྒྱུ་མཚན་ལ་དགེ་སྡིག་གི་རྣམ་གཞག་ངོ་སྤྲད་ཀྱང་། གསར་བུ་གཡམ་རྒྱུག་མཁན་དག་ལ་བོང་བུའི་རྣ་བར་གསེར་བླུག་པ་ལྟར་བརྡ་འཕྲོད་པ་དཀའ་བས། རླབས་ཆེ་བའི་ཚན་རིག་པ་དག་གིས་བཤད་དང་ཤོད་བཞིན་པའི་ལྟོས་གྲུབ་ཀྱི་རིག་པའི་སྒོ་ནས་བརྡ་ཞིག་སྤྲད་ན། རི་སྐྱེས་སྲོག་ཆགས་འདི་དག་བདག་སྐྱོང་དང་གཅེས་སྤྲས་མ་བྱས་ན། མི་སྒེར་སོ་སོ་དང་སོ་སོའི་བུ་རབས་ཚ་བརྒྱུད་རྣམས་ཀྱི་ཚེ་སྲོག་དང་འཚོ་གནས་ལ་ཉེན་ཁ་འཕྲད་པ་ཤེས་ཐུབ། ཕྱི་སྣོད་ཀྱི་འཇིག་རྟེན་འདི་མེད་ན། ནང་བཅུད་ཀྱི་སེམས་ཅན་རྣམས་འཚོ་མི་ཐུབ་པ་བཞིན། རི་སྐྱེས་སྲོག་ཆགས་འདི་དག་མེད་ན་སྐྱེས་དངོས་རྩི་ཤིང་སྨན་སྣ་ཆུ་ཀླུང་སོགས་མི་ཡི་འགྲོ་བའི་ཚེ་སྲོག་འཚོ་བའི་མཐུན་རྐྱེན་འདི་དག་ཀྱང་རྫོགས་ཚིག་བཀོད་པ་ཆོས་ཉིད་དུ་གྲུབ་ཡོད། རི་དྭགས་དང་གཅན་གཟན་གྱི་རིགས་འདི་དག་གི་རྐང་བཞིས་རི་ལུང་དུ་རྫི་འབོགས་དང་། ལུས་ནས་ཐོན་པའི་རིལ་མ་དང་། ལྕི་བ། གཅིན་སྐྱག་གི་ལུད་དག་ནི་རི་ལུང་གི་རྩི་ཤིང་དང་སྨན་སྣ་སྐྱེ་འཕེལ་བྱེད་པ་ལ་མེད་དུ་མི་རུང་བ་ཡིན།གལ་སྲིད་རི་སྐྱེས་སྲོག་ཆགས་དེ་དག་མཇུག་རྫོགས་ན། ཞིང་ས་གཤིན་པོ་ལ་ལུད་སྐྱེལ་མཁན་མེད་པ་བཞིན་མུ་མཐའ་བྲལ་བའི་སྔོ་ལྗང་གི་རྩྭ་ཐང་མཐའ་དག་བྱེ་ཐང་དུ་འགྱུར་བ་གདོན་མི་ཟ། རྩྭ་ཐང་བྱེ་མས་ཟིན་ན་གནམ་གཤིས་ཚ་དྲོད་ཆེས་འབར་ཏེ་ཆུ་ཀླུང་ཁག་གི་བཞུར་རྒྱུན་ཆད་པ་དང་། མཚོ་དང་མཚེའུ་སྐམ་པའི་ཉེན་ཁ་ཤིན་ཏུ་ཆེ་བས། དེའི་ཕྱིར་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་ནི་ས་སྟེང་གི་སྐྱེ་འགྲོ་ཡོངས་ཀྱི་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཡོད། མ་འོངས་པར་ཆེས་རིན་ཐང་ཆེ་བའི་དངོས་པོ་ནི་འཐུང་ཆུ་འདི་དག་ཆགས་རྒྱུ་ཡིན་པར་རླབས་ཆེ་བའི་ཞིབ་འཇུག་པ་ཚོས་ཚོད་དཔག་བྱེད་བཞིན་ཡོད། དུས་ད་ལྟ་ནས་ཡོ་རོབ་གླིང་ཕྲན་ཁ་ཤས་ནས། ཚོང་པ་འབྱོར་ལྡན་དག་གིས་འཐུང་ཆུར་འོས་པའི་རྒྱུག་ཆུ་མང་པོ་ཞིག་གཞུང་གི་རྩ་ནས་ཉོས་ཟིན་པར་བཤད། བོད་ཡུལ་གྱི་ཆུ་བོ་ཡན་ལགས་བརྒྱད་ལྡན་འདི་རྣམས་མ་འོངས་པར་ཀྲུང་གོའི་མི་མང་དུང་ཕྱུར་བཅུ་གསུམ་གཙོར་བྱས་པའི་གླིང་ཆེན་ཨེ་ཤའི་མི་དམངས་ཚོའི་འཚོ་གནས་ཀྱི་མཐུན་རྐྱེན་ཆེ་ཤོས་སུ་ཆགས་རྒྱུ་རེད། རིན་ཐང་ཧ་ཅང་ཆེ་བའི་བོད་ཡུལ་གྱི་ཆུ་བོ་འདི་དག་སྲུང་སྐྱོབ་བྱེད་མིན་ནི། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་གི་དྭངས་གཙང་གི་མཛེས་ལྗོངས་ཁག་སྲུང་སྐྱོབ་བྱེད་མིན་ལ་རག་ལས། དེ་སྲུང་སྐྱོབ་བྱ་ཚུལ་གཙོ་ཆེ་ཤོས་ནི་རི་སྐྱེས་སྲོག་ཆགས་དེ་དག་སྲུང་སྐྱོབ་བྱེད་མིན་ལ་རག་ལས་པ་དངོས་ཡོད་ཡིན། མཛེས་ལྗོངས་དང་ཆུ་ཀླུང་རི་སྐྱེས་སྲོག་ཆགས་དེ་དག་གཅིག་ལ་གཅིག་བརྟེན་ཡིན་ཚུལ་ཚན་རིག་པས་ཞིབ་འཇུག་གི་གྲུབ་དོན་ལས་རྙེད་ཡོད། གཅིག་ཤོས་མེད་ན་གཅིག་ཤོས་རྒྱུན་ཆད་པ་དངོས་པོའི་གནས་ཚུལ་དུ་གྲུབ། འདི་ནི་ལྟོས་གྲུབ་རིག་པའི་སྒྲོམ་གཞི་ཡིན་ཞིང་། ནང་པའི་ཆོས་གཞུང་ལས་རྟེན་འབྲེལ་ཞེས་པ་གཉིས་དོན་གནད་གཅིག་ཏུ་སོང་ཡོད།  ༼འཕྲོ་མུ་མཐུད་འགོད་རྒྱུ།

 
·རྩོམ་ཡིག་གོང་མ:བདེན་པ་སྐྱོང་བར་སྐུལ་བའི་གཏམ།
·རྩོམ་ཡིག་འོག་མ:དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྩ་བ་དང་ཡལ་གའི་བཤད་པ། ། 2015/3/10 19:02:10
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢ 2013/10/5 19:55:37
·ཅོལ་ཆུང་ཁ་ཅིག་ལ། 2013/5/15 23:53:34
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 4:11:05 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:10:48 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 9:21:45 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS