ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢

  རྩོམ་པ་པོ:དེད་དཔོན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3663ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/10/5 19:55:37ཚོགས་ཡར་སྤྲོད:admin

དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢

   ༼གོང་གི་འཕྲོ།    མཚམས་འདི་ནས་གོ་བདེ་བའི་ཆེད་མཐུན་དཔེའི་ཚུལ་དུ་དངོས་སྒྲུང་ཞིག་ཞུས་ན། སྔོན་རྒྱ་གར་གྱི་ལུང་པ་ཞིག་ཏུ་བྱེའུ་ཁ་ཤས་ཤིང་སྡོང་ཞིག་ལ་གནས་བཅས་ཏེ་ཤིང་སྡོང་དེའི་འབྲས་བུ་རྣམས་ཁ་ཟས་ལ་ལོངས་སུ་སྤྱོད་པ་དང་། བྱེའུ་སྐྱག་པའི་ལུད་དག་གིས་ཤིང་སྡོང་གི་ཡ་ག་ལོ་འདབ་རྒྱས་པ་ལ་མཐུན་རྐྱེན་བསྐྲུན་ཏེ། ལོ་ངོ་དུ་མའི་རིང་དུ་ལྗོན་ཤིང་དེའི་འབྲས་བུ་དང་ལོ་འདབ་ནི་རི་ལུང་གི་མཛེས་རྒྱན་དུ་གྱུར།
ནམ་ཞིག་ལ་འདོད་རྔམ་ཅན་གྱི་མི་འགས་བྱེའུ་དེ་དག་གི་ཚེ་སྲོག་འཕྲོགས་པས། དུས་དེ་ནས་བཟུང་ཤིང་སྡོང་དེར་ལོ་འདབ་དང་འབྲས་བུ་རྒྱུན་ཆད་དེ། ཤིང་སྡོང་སྐམ་པོར་གྱུར་པ་དང་། ཤིང་དེར་གནས་འཆའ་བའི་འབུ་སྲིན་རྣམས་ཀྱང་ཤི་བ་དང་། ཤིང་དེ་སྐྱེ་སའི་ཉེ་འཁོར་ཕལ་མོ་ཆེ་བྱེ་ཐང་དུ་གྱུར་པའི་ལོ་རྒྱུས་དངོས་ཡོད་རེད། དེས་ན་རྩི་ཤིང་དང་སྲོག་ཆགས་དག་ནི་གཅིག་ལ་གཅིག་རྟེན་ཡིན་པའི་ར་སྤྲོད་གསལ་པོར་བཟོས་ཡོད། སྐྱེ་དངོས་རྩི་ཤིང་རིགས་ཀྱིས་བྱེ་རླུང་འགོག་པ་དང་། ས་ཆུ་སྲུང་འཛིན། མཁའ་རླུང་གཙང་བཟོ། ཚེ་སྲོག་སྐྱེད་སྲུང་། ཁོར་ཡུག་མཛེས་འགྱུར་གྱི་ནུས་པའི་རིན་ཐང་གི་ཐད་ནས་གཅིག་གླེང་ན། ཤིང་སྡོང་རེ་རེའི་ཕན་ནུས་ལ་ཨ་སྒོར་ཁྲི་ ༢༠ ལྷག་གི་རིན་ཐང་ཡོད་པའི་ཚད་འཇལ་བྱེད་བཞིན་ཡོད། དེའི་ཕྱིེར་རང་རེའི་མི་རབས་རྗེས་མ་དག་གི་འཚོ་གནས་གྱི་ཆེད་དང་། སྐྱེ་འགྲོ་ཡོངས་ཀྱི་འཚོ་གནས་ཀྱི་གཞི་རྟེན་སྲུང་སྐྱོབ་ཆེད་སྟོང་ལ་ཉེ་བའི་སྲོག་ཆགས་དག་གི་ཚེ་སྲོག་ལ་གཅེས་སྲུང་བྱ་དགོས། རི་སྐྱེས་སྲོག་ཆགས་འདི་དག་གདོད་མ་ནས་ཡོད་པས་རྩ་སྟོངས་སུ་འགྲོ་བ་མི་སྲིད་སྙམ་ན། སྔོན་གྱི་དུས་དང་མི་འདྲ་བས་ད་ལྟ་རྩི་ཤིང་དང་སྲོག་ཆགས་རྩ་སྟོངས་སུ་འགྲོ་བའི་ཚད་གཞི་དེ་ཆེས་མགྱོགས་པོ་ཡིན་པར་བཤད། ད་ལྟའི་མི་རྣམས་འདོད་རྔམ་ཆེས་ཆེ་སྟབས། སྲོག་ཆགས་འདྲ་མིན་གྱི་ཚེ་སྲོག་ལ་གཅེས་སྲུང་མེད་པ་ཤ་རུས་པགས་གསུམ་གྱི་ཚོང་ལས་ཤུགས་ཆེར་གཉེར་བ་སོགས་ཀྱིས་རྐྱེན་པས། སྲོག་ཆགས་ཀྱི་རིགས་དུ་མའི་རྒྱུན་རྩ་བ་ནས་ཆད་ཟིན་པ་རེད། དེའང་སྲོག་ལྡན་གྱི་རིགས་སྐམ་བཤེར་གཉིས་འཚོའི་རིགས་དང་ལྟོ་འགྲོའི་རིགས་གྲངས་ཉེ་གཅིག་དང་། སྒལ་ཚིགས་མེད་པའི་རིགས་གྲངས་ ༩༨ འདབ་ཆགས་རིགས་གྲངས་ ༡༡༣ འོ་འཐུང་གི་རིགས་གྲངས་ ༨༣ ལྷག་རྩ་མེད་དུ་ཕྱིན་པ་མ་ཟད། ད་ལྟ་ས་གོ་ལ་འདིའི་ཐོག་ཏུ་སྟོངས་ལ་ཉེ་བའི་སྲོག་ཆགས་རིགས་གཅིག་སྟོང་དྲུག་བརྒྱ་ལྷག་ཟིན་ཡོད། དཔེར་ན་སའི་གོ་ལ་འདིའི་ཁྱོན་ཡོངས་སུ་གཅན་གཟན་སྟག་སུམ་སྟོང་ཡས་མས་ཙམ་མ་གཏོགས་མེད་པར་བཤད། བོད་ཡུལ་གྱི་རི་སྐྱེས་སྲོག་ཆགས་དེ་དག་ཀྱང་རྔོན་རྒྱག་ཤུགས་ཆེར་བྱེད་སྟབས་རི་དྭགས་འབྲོང་དང་། རྐྱང་། གཙོད། དོམ་ཁྲ། གཉན། ཤ་བ་མཆུ་དཀར། གནའ་བ། བ་མེན། དགོ་བ། གླ་བ། སྨན་གྱི་རིན་ཐང་ལྡན་པའི་ཤ་བ་སེར་ཆེན་སོགས་སྲོག་ཆགས་རིགས་མི་འདྲ་བ་གྲངས་ ༡༢༥ ཙམ་ཆེས་ཉུང་དུ་ཕྱིན་ཡོད་པར་བཤད། བོད་ཡུལ་ལས་གཞན་དུ་ཆེས་དཀོན་པའི་རི་དྭགས་གཙོད་དང་། འབྲོང་། རྐྱང་། ཁྲུང་ཁྲུང་སྐེ་ནག་སོགས་རྩ་སྟོངས་སུ་ཉེ་བར་གྱུར་ཏེ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཚན་པ་བཙུགས་ནས་ད་ལྟ་སླར་གསོའི་རང་བཞིན་གྱི་ཁྲི་ཁ་ཤས་འཕར་སྣོན་བྱུང་ཡོད་ཀྱང་། གཞན་པ་རི་དྭགས་དགོ་བ་དང་། ཤ་བ། བྱའི་རིགས་འདྲ་མིན་དང་། བྱེའུ་རིགས་དུ་མ་ཞིག་རྩ་སྟོངས་སུ་འགྲོ་རན་ཡོད། སྲོག་ཆགས་རེ་རེའི་རིགས་རྒྱུན་ཆད་པ་ནི་འགྲོ་བ་མི་རིགས་སྤྱི་ལ་གསོ་ཐབས་མེད་པའི་གྱོང་རྒུད་ཆེ་ཤོས་དེ་ཡིན། དེས་ན་འཛམ་གླིང་རང་བྱུང་སྲུང་སྐྱོབ་ལྷན་ཚོགས་གཙོས་པའི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐྱེ་ཁམས་ཁོར་ཡུག་ལ་བདག་གཅེས་དང་སྐྱེ་དངོས་དང་སྲོག་ཆགས་རིགས་སྲུང་སྐྱོབ་བྱེད་པར་ནུས་ཤུགས་སྤུངས་ཏེ་ཨ་སྒོར་ས་ཡ་དུ་མའི་འགྲོ་སོང་བཏང་ནས་སྲུང་སྐྱོབ་བྱས་དང་བྱེད་བཞིན་པའི་སྐབས་སུ། གཤིས་བཟང་བོད་མིའི་རིས་སུ་གཏོགས་པ་ཞིག་གིས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་མེད་པའི་སྒོ་ནས་ཁྲིམས་འགལ་རྔོན་རྒྱག་བྱས་བསྡད་ན་མི་རིགས་འདིའི་རྐང་འདྲེན་དང་། འཛམ་གླིང་མི་མང་གིས་བོད་རིགས་ལ་འཕྱ་སྨོད་དང་བརྙས་སྨོད་བྱེད་པའི་རྒྱུ་ལས་ཅི་ཡོད། 
གནས་སྟངས་འདི་དག་ལ་དགོངས་ཏེ་དགེ་བཅུའི་སྲོལ་དགུ་པ་འདི་གཏན་ལ་ཕབ་པ་རེད། རི་དྭགས་རྔོན་རྒྱག་དང་སྒོ་ཕྱུགས་བཤས་བཙོང་སོགས་མ་བྱས་ན་རོང་འབྲོག་འཚོ་ཐབས་ལ་གནོད་བསམ་མཁན་ཚོར། མཁས་དབང་མཆོག་གིས་མཛད་པའི་དགེ་བཅུའི་སྲོལ་གྱི་རྣམ་གཞག་ཅེས་པ་ལས། ཟུར་འདོན་ཅུང་ཟད་ཞུས་ན། ཡང་འགའ་ཞིག་གིས་སེམས་ཅན་སྲོག་མ་བཅད་ན་འབྲོག་པའི་འཚོ་བ་ལ་གནོད་ཟེར། དེ་འབྲོག་པའི་ད་ལྟའི་འཚོ་བ་ལ་ཞིབ་འཇུག་དང་མ་འོངས་པའི་མདུན་ལམ་ལ་མནོ་བསམ་ཞིབ་མོ་མ་བཏང་བའི་སྐད་ཆ་ཁོ་ན་ཡིན། ཞེས་དང་། སྔར་མུས་ཁོ་ན་བཞིན་དུ་བསྡད་པས་དཔལ་འབྱོར་ཡར་རྒྱས་སུ་མི་འགྲོ་བ་ཐག་ཆོད་རེད། འཛམ་བུ་གླིང་གི་དཔལ་འབྱོར་ཡར་རྒྱས་སུ་བཏང་བ་ཕལ་ཆེ་བ་བཟོ་ལས་ལག་རྩལ་ལམ་ཚོང་ལས་རིག་གནས་ལ་བརྟེན་ནས་ཡར་རྒྱས་སུ་བཏང་བ་ལས། སེམས་ཅན་གྱི་སྲོག་གཅོད་པ་དང་རྐུ་འཕྲོག་ལ་བརྟེན་ནས་བཏང་བ་མིན། ཞེས་སོགས་དང་། གལ་ཏེ་རང་གི་ངལ་རྩོལ་མི་བྱེད་ཅིང་འཚོ་ཐབས་ཐམས་ཅད་སེམས་ཅད་སྲོག་གཅོད་པ་ལ་བརྟེན་ནས་བསྡད་ན། འདི་གཅན་གཟན་རྣམས་ཀྱི་འཚོ་བ་སྐྱེལ་ཚུལ་ཡིན་གྱི། མིའི་རིགས་ཀྱི་འཚོ་བ་སྐྱེལ་སྟངས་ག་ལ་ཡིན། རང་གི་ཡུལ་ལ་ཡོད་པའི་བཟོ་ལས་དང་ཚོང་ལས་སོགས་དཔལ་འབྱོར་ཡར་རྒྱས་སུ་གཏོང་བྱེད་ཀྱི་ཐབས་ཤེས་བཟང་པོ་ཐམས་ཅད་གཞན་གྱི་ལག་ཏུ་བཅུག་ནས་རང་ཉིད་ཀྱིས་ལུག་འགའ་རེའི་སྲོག་ལ་བརྟེན་ནས་འཚོ་ཐབས་བྱེད་པ་འདི་ཆེས་ཡིད་ཕམ་དགོས་པ་ཞིག་ཡིན་པ་ཁྱོད་ཅག་གིས་ད་དུང་རྩ་བ་ནས་ཤེས་མེད་པ་འདྲ། འདི་ལྟར་བྱས་མཐར་རང་ཡུལ་གྱི་བཟོ་ཚོང་སོགས་ལག་ཏུ་མི་འོངས་པར་མ་ཟད་ཐ་ན་སྡོད་གནས་ཀྱི་ས་ཆ་ཅུང་ཟད་བཟང་པོ་ཙམ་ཡང་མི་རྙེད་པ་འོང་ཐག་ཆོད་རེད། ཅེས་པ་སོགས་རིགས་ཀྱི་ཞེན་པ་དཀར་པོས་ཐུགས་རབ་ཏུ་མྱོས་ཏེ་མི་རིགས་འདིའི་འཕྲལ་ཕུགས་ཀྱི་རྒྱབ་མདུན་མཐའ་དག་ཐུགས་སུ་ཆུད་པའི་བླང་དོར་ལམ་སྟོན་དེ་དག་ལ་རིགས་ལ་གློ་བ་ཉེ་བའི་སྤུན་ཟླ་ཚོས་ཞིབ་འཇུག་དང་དོགས་སློང་ཐེངས་གཅིག་མཛད་རོགས་ཞུ། དེ་ལྟར་མ་བྱས་པར་དཔྱོད་ཤེས་ཀྱི་བློ་མིག་མཁའ་ལྟར་ཡངས་པའི་རིགས་ཞེན་པ་འདི་དག་གི་ལེགས་མཛད་དང་ལེགས་གསུང་ལ་ཆོས་བརྒྱུད་དང་ལུང་ཚན་བྱེ་བྲག་པའི་ཕྱོགས་ཞེན་གྱིས་སེམས་ཚོས་མཁན་དག་གིས་འགོག་རྒོལ་གྱི་བསམ་སྦྱོར་བརྩམས་དྲགས་ན། བོད་ཀྱི་རྗེས་རབས་པ་ཚོའི་གཉའ་བར་འགྱོད་གདུང་གི་ཁུར་པོ་ལྕི་མོ་ཞིག་བཀལ་བ་གདོན་མི་ཟ། མང་པོ་བཤད་དགོས་མ་མཆིས་ཏེ་སྐྱོན་ལ་སྐྱོན་དུ་འདུ་ཤེས་མེད་པའི་འདས་དོན་གྱི་སྐྱོ་གར་རིང་མོ་ལ་ཕྱི་རྟོག་ཐེངས་གཅིག་གྱིས་དང་ཀུན་གྱིས་རྟོགས་པར་ངེས། ཡུན་རིང་མི་འགོར་བར་མ་འོངས་པར་རིག་གནས་མེད་པའི་མི་རིགས་དང་། ལག་ཤེས་དང་ཚོང་ལས་ལ་བྱང་གོམས་མེད་པའི་མི་རིགས་ཕལ་མོ་ཆེ་མུ་གེས་འཆི་བ་དང་། ལྷག་མ་དག་ནི་རིག་གནས་དང་ལག་ཤེས་ལྡན་པའི་འབྱོར་ལྡན་དག་གི་བྲན་གཡོག་ཏུ་ཆགས་རྒྱུ་རེད། འདི་ལ་རྒྱུ་མཚན་མང་པོ་བཤད་དུ་ཡོད་ཀྱང་། མདོར་བསྡུས་ནས་བཤད་ན། དེང་གི་འཛམ་གླིང་རྒྱལ་ཁབ་ཁག་འགྲན་རྩོད་ཆེ་དྲག་པའི་རྐྱེན་གྱིས་ས་གོ་ལ་འདིར་བདག་སྐྱོང་དང་གཅེས་སྤྲས་ཡག་པོ་བྱེད་ཀྱི་མེད་པས་འཛམ་གླིང་སྤྱི་ཡོངས་ནས་འབྲུ་རིགས་གཙོ་བོ་གྱུར་པའི་མིའི་འཚོ་རྟེན་གྱི་ཐོན་ཁུངས་ལོ་རེ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་། མི་འབོར་འཕེལ་རྒྱས་ཆེས་མགྱོགས་པའི་དབང་གིས་མི་རབས་རྗེས་མ་དག་ལ་འཇིགས་དངང་སྐྱེ་གཞི་ཞིག་ཆགས་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྲི་ཞུ་ཁང་གིས་ ༢༠༡༣ ལོར་བཏོན་པའི་སྙན་ཐོ་དེའི་ནང་འཁོད་པ་ལྟར་ན། ཕྱི་ལོ་ ༢༠༢༥ བར་འཛམ་གླིང་གི་ད་ལྟའི་མི་འབོར་དུང་ཕྱུར་ ༧༠ ལྷག་ཙམ་ཡོད་པ་ནས་དུང་ཕྱུར་ ༨༡ བར་འཕར་རྒྱུ་ཡིན་པ་དང་། ཕྱི་ལོ་ ༢༠༥༠ སླེབས་སྐབས་དུང་ཕྱུར་ ༩༡ འཕར་རྒྱུ་ཡིན་པ་རེད། ཉེ་བའི་ལོ་འདི་དག་གི་ནང་དུ་ལོ་རེར་མི་འབོར་ས་ཡ་ ༩༤ ཡས་མས་འཕར་གྱི་ཡོད། དེས་ན་མ་འོངས་པར་བཟའ་བཏུང་གིས་མི་འདང་བའི་དཀའ་ངལ་གྱིས་མི་ཕལ་མོ་ཆེ་བཀྲེས་ལྟོགས་ཀྱིས་མནར་བའི་ཚོད་དཔག་བྱེད་བཞིན་ཡོད། སྟོང་ལོ་གསར་པ་འདིའི་ནང་དུའང་ཨ་ཧྥི་རི་ཀའི་མི་སེར་ཕལ་མོ་ཆེས་མཚོན་འཛམ་གླིང་འདིར་བཀྲེས་ལྟོགས་ཀྱིས་མནར་བཞིན་པའི་མི་འབོར་ཐེར་འབུམ་གཅིག་དང་ཕྱེད་ལྷག་ལས་བརྒལ་ཡོད་པ་མ་ཟད། མི་འབོར་ཐེར་འབུམ་གཅིག་ལྷག་ལ་འཐུང་ཆུ་གཙང་མ་མེད་པའི་དཀའ་ངལ་ནང་ལྷུང་ཡོད། 
དེས་ན་བཙན་པོའི་རུས་མདངས་ལ་སྙིང་ཤ་དཀར་བའི་སྤུན་ཟླ་ཚོས། རང་རིགས་ཀྱི་རྗེས་རབས་པའི་འཚོ་གནས་ཀྱི་ཆེད་དུ་རིག་གནས་དང་ལག་ཤེས། བཟོ་ཚོང་ཡང་དག་ཅིག་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་དང་། མ་འོངས་པའི་སྐྱེ་འགྲོ་ཡོངས་ཀྱི་བདེ་རིམ་ལ་སེམས་ཅན་ཐམས་ཅད་ཀྱི་ཚེ་སྲོག་དང་འཚོ་གཞིས་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་རྒྱུ་ནི་མིང་རྒྱང་རིང་བའི་བློ་ལྡན་ཀུན་ལ་མ་བཀལ་ཕྲག་ཏུ་བབས་པའི་འགན་འཁྲི་ཡོད། སྙིང་རྗེ་དང་བརྩེ་སེམས་ལྡན་པའི་དགེ་སྦྱོང་མགོ་རིལ་ཞིག་ཡོད་ན། མིའི་གྲལ་དུ་འདུར་ཏེ་མ་འོངས་པའི་སྲོག་ཆགས་ཁྲག་ཁྲིག་དུ་མའི་འཚོ་གནས་དང་བདེ་སྐྱིད་ཀྱི་ཆེད་དུ་ཞིབ་འཇུག་དང་འབྲེལ་ཏེ་ཐབས་ཇུས་སྣ་ཚོགས་འཚོལ་དགོས་པ་སེམས། དེ་མིན་ཁང་པ་བཟོ་བཀོད་ལེགས་མིན་གྱི་འགྲན་བསྡུར་དང་། གང་ལའང་སྙིང་པོ་མེད་པ་དང་། ཅི་ལའང་རྟག་པ་མེད་པའི་བསླབ་བྱའི་ཁ་གཡང་རེ་འཐེན་ཞོར་བརྗོད་ཚིག་རྙིང་པར་བསྐྱར་ཟློས་ཁོ་ནས་ལོ་ཟླ་དེད་བསྡད་ན། འབྱུང་འགྱུར་གྱི་སྐྱེ་འགྲོ་ཀུན་ལ་ཁེ་ཉེན་གང་སྤྲད་ཡོད་མེད་ཆ་མ་མཆིས། 
རང་གི་ལྟོ་གོས་ཁོ་ན་ལས་འགྲོ་བ་གཞན་ལ་སེམས་ཁུར་མི་བྱེད་མཁན་དག་ལ་ཅི་ཞིག་བཤད་ཀྱང་ཕན་ཐོགས་པར་དཀའ་ནའང་། རང་ལས་གཞན་པའི་སྐྱེ་འགྲོ་རྣམས་ལ་ཤ་ཚ་མཁན་ཞིག་ཡོད་ན་ནུས་ཤུགས་ཡོད་དགུ་བཏོན་ཏེ་ལས་བྱ་སྣ་ཚོགས་ཀྱི་སྣེ་མོ་རུ་འཇུ་རན་ཡོད། 

དགེ་བཅུ་སྲོལ་བཅུ་པའི་ཐད་ནས་གླེང་ན།
བཅུ་པ། གཅན་གཟན་གྱི་པགས་པ་མི་གྱོན་པ། གཟིགས་དང་སྲམ་དང་ཝ་སོགས་གཅན་གཟན་གྱི་པགས་པ་གྱོན་པར་མི་བྱའོ། །
དེ་རེད། དེ་ནི་གོང་ནས་བཤད་མ་ཐག་པ་ལྟར་རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་གཅེས་སྲུང་གི་ཆེད་དང་། བོད་ཀྱི་འཕྲལ་ཕུགས་གཉིས་ལ་དཔལ་འབྱོར་ཡར་རྒྱས་ཀྱི་བཀག་རྡོ་ཆེ་ཤོས་དེ་ལྟོ་གོས་གང་ལའང་ལྟ་སོ་སྤུ་ཙམ་ཡང་མེད་པའི་དོན་མེད་ཀྱི་རྒྱན་གོས་དེ་དག་མཚམས་འཇོག་ཡོང་ཕྱིར་དུ་སྲོལ་དེ་གཏན་ལ་ཕབ་པ་རེད། དུས་རབས་ཉི་ཤུ་པའི་མཇུག་ནས་བཟུང་འཛམ་གླིང་སྤྱིའི་དཔལ་འབྱོར་དང་ཚན་རྩལ་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་བོད་མི་རིགས་ལའང་དཔལ་འབྱོར་ཡར་རྒྱས་ཅུང་ཟད་ཕྱིན་ཡོད་ཀྱང་། དཔལ་འབྱོར་དང་དངུལ་དེ་དག་འཛམ་གླིང་སྤྱི་འགྲོས་ལྟར། བུ་ཕྲུག་རྣམས་ལ་རིག་གནས་སློབ་གསོ་ཡོང་ཐབས་དང་། ལག་ཤེས། ཚོང་ལས་སོགས་སུ་གཏོང་མ་ཤེས་པར་སྟག་དང་། གཟིག་སྲམ་སོགས་ཀྱི་པགས་པ་ལ་ཆེས་རིན་ཐང་ཆེན་པོ་སྤྲད་དེ་དོན་མེད་ཀྱི་རྒྱན་གོས་སུ་བེད་སྤྱོད་ལོག་པར་བཏང་ཡོད། རྒྱན་གོས་བེད་སྤྱོད་ལོག་པ་དེ་དག་གིས་བོད་མི་རིགས་དང་སྒེར་སོ་སོའི་དཔལ་འབྱོར་ལ་གྱོང་ཁ་ཇི་ཙམ་སྤྲད་ཀྱི་ཡོད་མེད་ཐད་དུ་རིགས་ལ་གློ་བ་ཉེ་བའི་མཁས་དབང་ཚུལ་ཁྲིམས་གྲོས་མཆོག་གིས་ ༢༠༠༣ ལོར་མཛད་པའི་དུས་སུ་བབ་པའི་གཏམ་ལུགས་གཉིས་གསལ་བའི་མེ་ལོང་དུ་གསུངས་པ་ཁག་ལས་འདིར་ཅུང་ཟད་དྲངས་ན། དེང་སང་ཕྱི་རྒྱལ་ནས་ཐོན་པའི་སྲམ་ལྤགས་རིན་གོང་ཆེ་ཤོས་གཅིག་ལ་དམངས་སྒོར་བདུན་སྟོང་ནས་བརྒྱད་སྟོང་ཙམ་རེ་དགོས། གོས་སྐོར་ལེགས་པོ་ཞིག་ལ་དེ་འདྲའི་སྲམ་ལྤགས་གསུམ་ཙམ་དགོས། དེ་ལྟ་ན་གོས་སྐོར་གཅིག་ལ་དམངས་སྒོར་ཉི་ཁྲི་ཆིག་སྟོང་ནས་བཞི་སྟོང་བར་འགྲོ དམངས་ཕལ་བ་ཞིག་གིས་ཉིན་གཅིག་གི་ངལ་རྩོལ་འོང་འབབ་དམངས་སྒོར་ཉི་ཤུ་ནས་ཉི་ཤུ་རྩ་ལྔ་ཙམ་ཞིག་ཡིན། དེས་ན་སྲམ་སྐོར་གཅིག་ལ་ཉིན་དགུ་བརྒྱ་དྲུག་བཅུ་སྟེ་ལོ་གཉིས་དང་ཟླ་བ་བདུན་གྱི་ངལ་རྩོལ་གྱི་འོང་འབབ་རིལ་གྱིས་སྦྱིན་དགོས། གཟིག་སྐོར་རབ་གཅིག་ལ་གཟིག་ལྤགས་ཆ་ཚང་ཞིག་དགོས། གཟིག་ལྤགས་བཟང་ཤོས་ཤིག་ལ་དམངས་སྒོར་བརྒྱད་སྟོང་ལྔ་བརྒྱ་ཙམ་དགོས། དེ་ཉིད་ཉིན་སུམ་བརྒྱ་བཞི་བཅུ་ནས་བཞི་བརྒྱ་ཉེར་ལྔའི་བར་གྱི་ངལ་རྩོལ་འོང་འབབ་ཡིན། སྟག་ལྤགས་རབ་གཅིག་ལ་སྒོར་ཆིག་ཁྲི་ཆིག་སྟོང་ནས་ཉིས་སྟོང་གི་བར་ཡིན། དེས་གོས་གཅིག་ལྷག་གམ་གཉིས་ཙམ་ཞིག་འོང་། གོས་སྐོར་གཉིས་ཀྱི་དབང་དུ་བྱས་ན་རེ་རེ་ལ་ཉིན་སུམ་བརྒྱ་ཙམ་གྱི་འོང་འབབ་བྱིན་དགོས། དེ་ལྟར་ལོ་གཉིས་དང་ཕྱེད་ལྷག་གི་འོང་སྒོ་སོགས་བྱིན་མོད། དེས་ཚེ་ཕྱི་མ་ལའང་མི་ཕན། ཚེ་འདིར་ཡང་ཁ་ལ་ཞིམ་རྒྱུ། ལྟོ་བརྒྱག་རྒྱུ། རྒྱབ་དྲོ་རྒྱུ་གང་ལའང་མི་ཕན། རང་རེ་བོད་རྣམས་ཀྱི་སྲམ་སྐོར་མ་ཞིག་གྱོན་འདུག་ཅེས་སོགས་ཟེར་ཏེ། མཚར་མཚར་ལྟར་དུ་བརྩི་ཡང་གཞན་གྱིས་མཐོང་ན་ཁྲེལ་བའི་རྒྱུ་ཙམ་ལས་གཞན་ཅི་ཡང་མེད། མི་རིགས་གཞན་པ་རྣམས་བོད་ཀྱི་ས་ཁུལ་དུ་འོངས་ནས་བོད་ཀྱི་ལག་ནས་སྒོར་མོ་བླངས། བོད་ཀྱི་ས་གནས་རང་ནས་ཚོང་ཁང་། མགྲོན་ཁང་། བཟའ་བཏུང་ཁང་རྣམས་བཟོ་སྐྲུན་བྱས་ཏེ་ཕྱུག་པོར་གྱུར། རང་རེ་རྣམས་ཀྱིས་རང་གི་སའང་རང་གིས་བེད་སྤྱོད་བྱ་མི་ཤེས་ཏེ། རྫོང་གྲོང་རྣམས་སུ་སོང་ནས་བལྟས་ན་གསལ་ཅིང་། ཞེས་སོགས་མི་རིགས་འདིའི་འཕྲལ་ཡུན་ལ་སྨན་པའི་ཞལ་གསུང་དེ་དག་ལ་ལན་གཅིག་ལྟོས་དང་དོན་ངོ་མ་བོད་མི་རིགས་འདིར་ཤ་ཚ་མཁན་དེ་སུ་ཡིན་མིན་ཤེས་ངེས། དོན་དངོས་པོའི་གནས་ཚུལ་ལ་ཐག་ཉེ་བའི་ལེགས་གསུང་འདི་དག་དང་། གོང་བླ་མའི་བཀའ་སློབ་ལམ་སྟོན་གྱི་སྒྲོན་མེ་སྤར་ཡོད་ཀྱང་། དུས་དེང་སང་ཡང་ཁམས་ཀྱི་ས་གནས་ཁག་ཅིག་ཏུ་མངོན་གསལ་དོད་པོའི་སྒོ་ནས་སྟག་གཟིག་སྲམ་སོགས་ཀྱི་རྒྱན་གོས་རིགས་བེད་སྤྱོད་བཏང་སྟེ་གཟབ་འཕྱོར་སྤྲས་པ་མཐོང་བས། ཆེས་ཡིད་སྐྱོ་དགོས་པ་ཞིག་རེད། ཁྱེད་ཚོའི་བླ་མའི་བཀའ་ལ་མ་རྩིས་ནའང་འཛམ་གླིང་གི་ཁྲིམས་ལ་བརྩི་སྲུང་མི་དགོས་སམ། ༢༠༠༥ ཟླ་ ༨ པའི་ནང་དུ་རྒྱལ་སྤྱིའི་ཁོར་ཡུག་རྟོག་ཞིབ་ཚོགས་མི་ཁག་ཅིག་བོད་ཀྱི་ས་ཁུལ་ཁ་ཤས་སུ་འགྲོ་སྐབས་བོད་པ་དག་གིས་སྟག་གཟིག་ལྤགས་པ་ཉོ་ཚོང་བྱེད་པ་དང་། དེ་བཞིན་དུས་ཆེན་འདྲ་མིན་གྱི་བྱེད་སྒོ་སྐབས་སུ་པགས་རིགས་ཀྱི་རྒྱན་གོས་གྱོན་པ་མཐོང་བའི་རྐྱེན་གྱིས། ཁོང་ཚོ་བོད་ནས་ཕྱིར་ལོག་རྗེས་བོད་ནི་སྟག་གཟིག་པགས་པའི་ཁྲོམ་ར་ཡིན་པ་དང་། བོད་པ་དག་ནི་ཁྲིམས་འགལ་ནག་ཚོང་མཁན་གྱི་རྔོན་པ་ལྟ་བུ་རེད་འདུག་ཅེས་པ་སོགས་བོད་ལ་ཤ་ཚ་མཁན་ཀུན་ངོ་ཚ་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་འཛམ་གླིང་ཁྱོན་ཡོངས་སུ་སྤེལ་ཡོད། དེས་ན་མི་ཡི་རྣམ་ཤེས་ལྡན་པ་ཞིག་ཡིན་ཕྱིན་རྒྱལ་སྤྱིའི་ཁྲིམས་དང་འགལ་ཞིང་། མིའི་མཐོང་སྣང་ལ་མི་མཛེས་པའི་རྒྱན་གོས་རིགས་བེད་སྤྱོད་མ་བྱས་ན་ལེགས་པ་སེམས། 
དེ་སྐད་སྨྲས་པ་དག་ནི་ཕྱོགས་ཞེན་ཙམ་གྱིས་སྐད་ཆ་མིན་པ་གཟུར་བོའི་བློའི་དྲང་ཐིག་ཅིག་བཏབ་ཡོད། འདི་ལྟར་མ་ཡིན་ཡིན་མདོག་དང་། མ་ཤེས་ཤེས་མདོག་གི་གཏམ་གླེང་འདི་ནི། རང་ཉིད་རྒྱ་ཁྱོན་ཆེ་བའི་འབྲོག་སྡེ་ཞིག་ནས་འཚར་ལོངས་བྱུང་བས་འབྲོག་པའི་འཚོ་བ་དངོས་ལ་རྒྱུས་མངའ་ཟབ་པ་དང་། གནའ་དེང་རིག་གནས་ལ་སློབ་སྦྱོང་གི་གོ་སྐབས་རག་པ་མ་ཟད། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་འཛམ་གླིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ (WWF USA) ཚོགས་པའི་ཆེད་ལས་མི་སྣ་གཙོ་བྱས་པའི་འཛམ་གླིང་ཤར་ནུབ་གྱི་རང་བྱུང་ཁོར་ཡུག་རྟོག་ཞིབ་པ་དང་། སྣ་མང་སྐྱེས་དངོས་དང་། གནམ་གཤིས་འགྱུར་ལྡོག ཟས་སྤྱོད་བདེ་ཐང་སོགས་ཀྱི་ཆེད་ལས་པ་དང་། ཉམས་ཞིབ་པ་དུ་མའི་ལྷན་དུ་ཚོགས་འདུ་དང་སྦྱོང་བརྡར་ལ་ཐེངས་ཁ་ཤས་ལ་འགྲོ་མྱོང་བ་དང་། མ་འོངས་པར་འགྲོ་བ་མིའི་འཚོ་གནས་ཀྱི་དཀའ་ཁག་དང་། ཁོར་ཡུག་ཉམས་ཆག་སོགས་ལ་ཞིབ་འཇུག་དང་འབྲེལ་དེ་དག་གི་ཆེད་ལས་པ་དང་ལྷན་དུ་བགྲོ་གླེང་བྱས་པའི་གོ་སྐབས་ཐེངས་ཁ་ཤས་རག་པའི་རྐྱེན་གྱིས་གནས་ལུགས་ལ་ཕྱོགས་པའི་གཏམ་ཞིག་བཤད་ཡོད་སྙམ་པའི་སྤོབས་པ་མཆིས། ཤེས་བྱའི་གནས་ལ་མཁྱེན་པ་ཆེ་ཞིང་། བློ་གྲོས་ཀྱི་འཇུག་པ་ཟབ་པའི་ལྷག་བསམ་ཅན་གྱི་བོད་པ་འདི་དག་གིས་སྲོལ་བཏོད་པའི་དགེ་བཅུའི་ལུགས་སྲོལ་འདི་ནི་ཆོས་ཀྱི་སློབ་གསོ་ཁོ་ན་མིན་པར་མི་རིགས་འདིའི་འཕྲལ་ཕུགས་ལ་ཕན་པའི་ཕྱིར་དང་། མི་སྒེར་སོ་སོའི་ཀུན་སྤྱོད་རྣམ་དག་ཡར་སྐུལ་གྱི་ཆེད་ཉག་གཅིག་ལས་མི་རིགས་འདི་ལ་གནོད་པའི་ལས་ཤིག་ཡིན་པར་ནམ་ཡང་སེམས་ཀྱི་མི་འདུག དེས་ན་བོད་ལ་གློ་སེམས་དཀར་བའི་བློ་ལྡན་དག་གིས་གཡག་ཞར་གྱིས་རྩ་ཟ་བ་ལྟ་བུའི་གཏམ་མི་གླེང་བར་ཕྱོགས་ཡོངས་སུ་ཞིབ་འཇུག་དང་འབྲེལ་ཏེ་དཔྱད་བརྗོད་རེ་སྤེལ་བ་ཅིས་ཀྱང་གལ་ཆེ། 
བསམ་བློ་ནར་སོན་པའི་བོད་པ་འགའ་ཤས་སྔོན་དུ་ཐོན་པའི་གླེང་མོ་དང་། མདུན་དུ་འགྲོ་བའི་རྡོག་སྒྲ་རེ་ཐོས་སྐབས། དེ་ལ་ཟུར་ཟ་བའི་གཏམ་རྙོག་དུས་དེབ་དང་། ཚགས་ཤོག དྲ་ཚིགས་སོགས་ཀྱི་ཐོག་ཏུ་བཀང་བའི་ལུགས་སྲོལ་ཞིག་ཡོད་པ་འདི་ནི་མི་རིགས་འདིའི་དབུ་འཕང་ཕབ་པའི་ལག་ཆ་ཆེེ་ཤོས་ཤིག་ཡིན་པར་ཀུན་གྱིས་ཤེས་པ་གལ་ཆེའོ།། 
༢༠༡༣ ལོའི་ཟླ་ ༩ ཚེས་ ༡༣ ཉིན་ཨོ་རྒྱན་རྡོ་རྗེའམ་དེད་དཔོན་གྱིས་བྲིས།

·རྩོམ་ཡིག་གོང་མ:དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།
·རྩོམ་ཡིག་འོག་མ:ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྩ་བ་དང་ཡལ་གའི་བཤད་པ། ། 2015/3/10 19:02:10
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ། 2013/10/5 19:54:13
·ཅོལ་ཆུང་ཁ་ཅིག་ལ། 2013/5/15 23:53:34
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 21:27:08 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:01:36 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 13:38:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS