ངའི་མིག་ནང་གི་སྒོ་ཤེར།
མགོ་ཚ་བསོད་གྲགས།
སྤྱིར་བསྟན་འཛིན་གྱི་སྐྱེས་བུ་ཞེས་པ་ནི་བྱམས་སེམས་དང་སྙིང་རྗེས་ཕྱུག་ཅིང་གནས་ལུགས་དང་དྲང་བདེན་ལ་དགའ་བ་ཞིག་ཡིན་དགོས་ཀྱི་བདེན་དོན་ཡོད་ཚད་དགྲ་རུ་བཟུང་ནས་རྡོག་བརྫིས་གཏོང་མཁན་གྱི་མི་རིགས་ག་གེ་མོ་དང་གང་ནས་མཚུངས། ལྷག་པར་དུ་རང་སྐྱོན་སེམས་ཀྱིས་བཅོས་ཏེ་གཞན་སྐྱོན་ཐབས་ཀྱིས་བཅོས་བྱེད་ཀྱི་དམ་པ་སངས་རྒྱས་ཀྱི་ཆོས་དང་ཉིན་མཚན་དབྱེར་མེད་དུ་འདྲིས་ཤིང་གོམས་པར་མ་ཟད་རང་སེམས་གྱོང་བོ་བརླན་བྱེད་ཀྱི་དམ་ཆོས་ཀྱི་བདུད་རྩི་ནང་སེམས་ཀྱིས་ལོངས་སུ་སྤྱད་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་ཕྱིར་ཆོས་ཉམས་སུ་བླངས་ནས་མི་ཚེ་ཆོས་ལ་ཟད་པ་ཞིག་མིན་ནམ། མདོ་སྔགས་རིག་གནས་ལ་མཁྱེན་དཔྱོད་ཡངས་ཤིང་བདེན་དོན་སྐད་ཆ་ལ་ངོ་སོ་མཐོ་བའི་ཨ་མདོ་རྔ་ཡུལ་ཀིརྟི་དགོན་གྱི་གྲྭ་རྐྱང་དཀྱུས་མ་སྒོ་ཤེས་རབ་རྒྱ་མཚོ་ནི་དྲང་བདེན་ལ་དགའ་ཞིང་སྐྱག་རྫུན་ལ་རྒོལ་བའི་སྐྱེས་བུ་ཞིག་ཡིན་པ་ངས་ཁོང་གི་བརྩམས་ཆོས་ཀྱི་གསའ་གསེང་ནས་ཤེས་ཡོང་།
དོན་ངོ་མས་བཤད་ན་ངས་སྒོ་ཤེར་ཞེས་པ་ངོ་མི་ཤེས་ལ་མཐོང་ཡང་མ་མྱོང་མོད། ཁོང་གི་བརྩམས་ཆོས་ཏེ༼ང་ཚོ་སད་རན༽དང༼རྒྱུན་ཤེས་དང་ལམ༽ད་དུང་ཉེ་སྔོན་བརྩམས་པའི༼ཁ་ཞིག་མི་གྲག་ཀ་མེད་རེད༽དང༼དབང་མེད་ཐབས་མེད་དུ་ཕུལ་བའི་གྱེས་ཕྱག༽༼འགྱུར་ལྡོག་གིས་བསྐྱེད་པའི་སེམས་ཁྲལ་བཅས་པར་ཞིབ་མོས་བཀླག་སྟེ་སེམས་ཀྱིས་མྱངས་ཡོང་དུས་ཁོང་གིས་མི་རིགས་ལ་བཅངས་བའི་དུང་ཞེན་རྣལ་མ་དང་ས་གནས་ལ་བཟུང་བའི་ལྷག་བསམ་རྣམ་དག་ཞིག་གིས་ངའི་སེམས་ཀྱི་གྲོགས་པོ་བསླད་མེད་ཅིག་ལ་རིམ་གྱིས་འགྱུར་སོང་ལ་ང་དུང་སའི་རྩོམ་གྲོགས་དག་མ་ཞིག་ལ་རིམ་གྱིས་ལོག་སོང་། རྒྱུ་མཚན་ནི་དེ་རིང་ཁ་སང་གི་མཁས་པ་མང་ཆེ་བས་སྐྱ་སེར་གྱི་ལྟ་སྟངས་བཟུང་ནས་ཅིག་གིས་སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་རྟོགས་གི་མེད་པས་དམ་པའི་ལྷ་ཆོས་ལ་རྨོངས་འདུག་ཟེར་བ་དང་། ཉིག་གིས་འཇིག་རྟེན་མི་ཆོས་ལ་ལག་བསྲིང་ཡོང་རབས་དང་མི་ཆོས་ལྷ་ཆོས་ཀྱི་ལམ་ཁ་ཁ་ཁ་ཡིན་པས་འཇིག་རྟེན་མི་ཆོས་ལ་རྨོངས་འདུག་ཟེར་ནས་ཕྱོགས་ལྷུང་དང་འཐེན་འཁྱེར་གྱི་བསམ་བློ་ལ་གཞོལ་ཅི་ཐུབ་བྱེད་པས་བོད་མི་རིགས་ཉམ་ང་ཞིང་ཉག་ཕྲ་བའི་དུས་འདིར་ཅི་འདྲའི་སེམས་གཉོམ་ཞིང་ཡིད་ཕམ་པའི་དོན་ངན་ཞིག་ཅིས་མ་ཡིན།
དུས་དེ་རིང་ཉི་མ་དང་ཟླ་བའི་འོད་སྣང་ལ་རེ་བའི་སྐར་ཚོགས་ཀྱང་ཕ་མ་མེད་པའི་དྭ་ཕྲུག་བཞིན་ལ་འཐོར་ལུང་འཐོར་བྱུང་ཁར་སྐྱིད་སྡུག་ཞུ་སའི་དཔོན་དང་འཁྱགས་ལྟོགས་བཤད་སའི་མ། དྲང་བདེན་བརྗོད་སའི་མི་ཞིག་ཉིན་མོའི་སྐར་མ་ལྟར་དཀོན་པའི་སྐྱབས་མེད་མགོན་མེད་ཀྱི་མི་རིགས་ཉམ་ཆུང་ཞིག་ཤི་མ་གསོན་གྱི་ངང་ནས་རང་རང་སར་ལྟ་བ་གསར་རྙིང་གི་རྩོད་གཞི་རེ་འཐུས་ཏེ་རང་ལྟ་མཁྲེགས་འཛིན་གྱི་ལྟ་ཚུལ་རེ་བཟུང་ནས་མཐུན་པའི་དཔུང་རྡང་འཐོར་ལ་ཁད། བསམ་བློའི་འཁྱེར་སོ་འགལ་ལ་ཁད་བྱས་ནས་ཕམ་ཁ་དང་བཙན་གནོན་གྱི་ཁུར་བོ་བརྩེགས་མར་ཁུར་ཏེ་ཉིན་ཞག་གི་ཕྲེང་རྡོག་རེ་རེ་རྨོངས་མུན་གྱི་ཀློང་དུ་དེད། ཨ་ཁ་ཁ། འདི་ལྟར་སྡོད་ཚུགས་སམ། ངའི་སྙིང་ཁོང་གི་ཕུ་ནུ་མིང་སྲིང་། ངའི་སེམས་གཏིང་གི་རིགས་མཐུན་སྤུན་ཟླ། ཁྱོད་ཚོས་ཡང་སྙིང་ཅི་ཞིག་རྩོད་འདུག ཅི་ཞིག་འཚོལ་འདུག ངས་ངོ་མ་ཧ་མི་གོ་གི དོན་ངོ་མས་བཤད་ན་ཆོས་སྲིད་འགལ་འདུའི་རྩ་བ་རྙེད་དེ་རྩད་པ་འབལ་རུང་ང་ཚོ་གནམ་སྔོན་པའི་ཐུ་འོག་གི་ས་ཆེན་པོའི་བདག་པོ་ངོ་མར་འགྱུར་ཨེ་ཐུབ་བམ། བསམ་བློ་བཞི་གསུམ་བཅུ་གཉིས་ཀྱི་བློ་ཁ་ནང་ལ་ཕྱོགས་ཏེ་བློ་རྩེ་འདྲ་མིན་སྣ་ཚོགས་ཀྱི་ཇུས་གཞི་ཐང་ལ་བཀོད་དང་། ང་ཚོ་ལ་ཆེས་མཁོ་བ་ནི་རང་གི་སྐད་དང་ཡི་གེ་རེད་ལ།ང་ཚོས་སྐད་དང་ཡི་གེ་ལ་སྐྱབས་བཅོལ་ཏེ་མཐུན་སྒྲིལ་ལྷུན་པོ་ལ་རྒྱབ་ཁེན་ནས་གཅིག་མཐུན་གྱི་བསམ་བློ་མཁོ་བ་ལས་གཏོར་བཤིག་གི་ངན་ཇུས་ག་ལ་མཁོ། བདེན་དོན་དང་གནས་ལུགས་མཁོ་བ་ལས་ངན་ལང་གི་མཁྲེགས་འཛིན་ཅི་ལ་མཁོ། ངའི་མིག་ནང་གི་སྒོ་ཤེར་ནི་དེང་དུས་ཀྱི་ལྟ་བ་མཁྲེགས་འཛིན་ལ་དགའ་བའི་སྐྱ་སེར་དེ་དག་ལས་ལྡོག་སྟེ་དབུ་མའི་བགྲོད་ལམ་ལ་སྙེགས་ཅི་ཐུབ་བྱེད་མཁན་གྱི་ཤེས་ཡོན་པ་ཞིག་ཡིན་པ་ངས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲར་སྤོབས།
དོན་ངོ་མས་བཤད་ན་ངས་ནམ་ཡང་འདི་ལྟར་སེམས་ཀྱིན་ཡོད། མི་ཞིག་ཡིན་པ་ལ་ནི་མི་རིགས་ཀྱི་ འདུ་ཤེས་ཤིག བསྒྲུན་མེད་ཀྱི་རྣམ་དཔྱོད་ཅིག ཟོལ་མེད་ཀྱི་ལྷག་བསམ་ཞིག བཅོས་མིན་གྱི་བརྩེ་བ་ཞིག ལྷོད་མེད་ཀྱི་བརྩོན་པ་ཞིག ཞུམ་མེད་ཀྱི་སྤོབས་པ་ཞིག རིགས་ཞེན་གྱི་དུང་བ་ཞིག ཚུགས་ཐུབ་ཀྱི་རང་ཚུགས་ཤིག འཁྲུལ་མེད་ཀྱི་ཁ་ཕྱོགས་ཤིག ཁོངས་བཙུན་གྱི་གནས་ལུགས་ཤིག རང་ལུགས་ཀྱི་ལྟ་བ་ཞིག བཤད་སྤོབས་ཀྱི་སྙིང་སྟོབས་ཤིག འགྱུར་མེད་ཀྱི་ལ་རྒྱ་ཞིག གསུབ་མེད་ཀྱི་སྲི་ཞུ་ཞིག་ཡོད་ན་དེ་ནི་མི་རིགས་དེའི་རིགས་རྒྱུད་གཙང་མ་ཞིག་ལ་རྩི་ཆོག་པར་མ་ཟད་མི་རིགས་དེའི་འཇོན་མིའི་གྲལ་དུ་བགྲང་ན་རུང་ངོ་སྙམ་འདུག་པས་སྒོ་ཤེར་དེ་ལས་མ་འདས་པའི་ངས་སེམས་ཀྱིས་དད་པ་འཇོག་ས་དང་ངས་ཡིད་ཀྱིས་སྨོན་པ་འཆོར་ས་ཞིག་ཅིས་མ་ཡིན།