ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
རྩོམ་ཡིག་ཀློག་པ།

འཇམ་དབྱངས་སྐྱིད་ཀྱི་དྲིས་ལན་སོ་ལྔ་མ།༡

རྩོམ་པ་པོ:འཇམ་དབྱངས་སྐྱིད།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:1438ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/2/10 13:34:03ཚོགས་ཡར་སྤྲོད:admin
དྲིས་ལན་སོ་ལྔ་མ།༡

ར་རྫ་འཇམ་དབྱངས་སྐྱིད།

1 ཁྱོད་ཀྱིས་དུས་ནམ་ཞིག་ནས་བཟུང་གླུ་གཞས་གཏོང་འགོ་བརྩམས་པ་ཡིན།།
ལན། བརྒྱ་ལོ་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་མཇུག་ལ། གངས་ལྗོངས་གླུ་མ་ཟླ་སྒྲོན་ལགས་ཀྱིས་དེང་རབས་བོད་གཞས་ལེན་སྟངས་ཀྱི་སྲོལ་གསར་མཛད་པའི་མོད་ལ། དབུས་གཙང་དུ་གཞས་པ་གཞས་མ་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ཡོང་ནས། རེ་ཞིག་བོད་ཀྱི་དེང་རབས་གླུ་གཞས་རྦབ་ཆུ་ལྟར་མཁའ་ལ་འཕྱོ་བར་བཏང་ཞིང། བོད་གངས་ལྗོངས་སུ་རོལ་མོའི་རིག་ཚན་གསར་པའི་ལྷ་ཡི་སྲས་མོ་ཞིག་དངོས་སུ་སྐུ་འཁྲུངས། དེས་བོད་མི་གཞས་དགའ་ཚོ་བུང་བ་མེ་ཏོག་ལ་འཇུག་པ་ལྟ་བུའི་དགའ་བདེར་ལོངས་སུ་སྤྱོད་བཅུག་ཅིང་། ང་ནི་དེ་བས་ཀྱང་གཞས་མ་ཁོང་གི་གངས་ལྗོངས་དང་ང་། མཉམ་འཛོམས། མཆོད་རྟེན་བྲག་སྒོ་ཀཀྣི། ང་ཡི་དོན་འགྲུབ་ཚེ་རིང་སོགས་གླུ་གཞས་ཀྱིས་ལུས་སེམས་སིམ་སིམ་མེར་བཏང་། གླུ་གཞས་ཀྱི་ཟིལ་ཤུགས་དེ་འདྲ་ཆེ་བ་སྐབས་དེར་གཞི་ནས་ཚོར། མ་གཞི་ང་རང་ཆུང་དུས་ནས་གླུ་དང་ལ་གཞས་ལེན་རྒྱུར་ཧ་ཅང་དགའ་བའི་ཐོག ད་ནི་ལྷ་ཡི་སྲས་མོ་དབྱངས་ཅན་མ་སྐུ་དངོས་སུ་འཇིག་རྟེན་མི་ཡུལ་དུ་ཕེབས་གནང་མཛད་པ་ལྟ་བུའི་སྙན་དབྱངས་རྣ་བའི་གསོས་སུ་སྨིན་ཞིང་སྨིན་པ་དེས། གླུ་གཞས་གཏོང་འདོད་ཀྱི་འདུན་པ་དབྱར་མཚོ་རྒྱས་པ་ལྟར་ལང་ལོང་དུ་འཕྱུར། རྒྱུ་རྐྱེན་དེ་ལ་སོགས་ཀྱི་དབང་གིས་གླུ་གཞས་གཏོང་བའི་ལས་དེར་མ་སྐུལ་རང་ཞུགས་བྱས་པ་ཡིན། གཞན་དང་མཉམ་ལེན་བྱས་པའི་གླུ་གཞས་སྒྲ་ཐག་ཐོག་མ་གཉིས་ནི་ལོ་རབས་དགུ་བཅུ་པའི་དུས་འགོར། བོད་ལྗོངས་སྒྲ་བརྙན་དཔར་སྐྲུན་ཁང་དང་། ཀྲུང་དབྱང་མི་རིགས་སྒྲ་བརྙན་དཔར་སྐྲུན་ཁང་གིས་བསྟུད་མར་པར་སྐྲུན་འགྲེམ་སྤེལ་བྱས། ངའི་གླུ་གཞས་ཆེད་སྒྲིག་སྒྲ་ཐག་ཐོག་མ<<སྦྲ་ནག>>ཅེས་པ་དེ1996 ལོར་མཚོ་སྔོན་ཁུ་ནུ་སྒྲ་བརྙན་དཔར་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས། དེའི་རྗེས་རང་གི་གླུ་གཞས་ཆེད་སྒྲིག་སྒྲ་ཐག་དང་འོད་སྡེར་ཁྱོན་བསྡོམས་བརྒྱད་ཙམ་དཔར་སྐྲུན་འགྲེམ་སྤེལ་ཐུབ་པ་བྱུང་།།
2 སུས་རྒྱབ་སྐྱོར་འོག་ཁྱོད་རང་ལས་དེར་ཞུགས་པ་ཡིན།།
ལན། ངས་དང་ཐོག་གླུ་གཞས་གཏོང་བའི་ལས་དེ་གདམ་གསེས་སྐབས་དམིགས་བསལ་གྱི་སྐུལ་སློང་བྱེད་མཁན་དང་རྒྱབ་སྐྱོར་གནང་མཁན་ཆེན་པོ་མེད་པ་འདྲ། གཙོ་བོ་རང་ཉིད་གཞས་གཏོང་རྒྱུར་དགའ་བའི་རྐྱེན་པས་ལས་དེ་བདམས་པ་ཡིན། ཡིན་ཡང་། དངོས་སུ་གླུ་གཞས་གཏོང་བའི་ལས་དེར་ཞུགས་རྗེས་སུ་མི་མང་པོའི་རོགས་རམ་ཐོབ་ཡོད། གླུ་གཞས་སྒྲ་ཐག་དང་འོད་སྡེར་གང་རིགས་ཤིག་བཟོ་འགྲུབ་འབྱུང་དགོས་ན། ཐོག་མར་གླུ་ཚིག་རྩོམ་རྒྱུ་ནས་གླུ་གདངས་རྩོམ་རྒྱུ་དང་རོལ་མོ་སྒྲིག་བཟོ། གླུ་གཞས་སྒྲ་ལེན། སྒྲ་ཐག་དང་འོད་སྡེར་གང་རིགས་ཀྱི་རྒྱབ་ཤ་དང་ནང་སྙིང་རི་མོ་ཇུས་འགོད་བྱེད་རྒྱུ་ནས་ཚོང་རར་འགྲེམ་པའི་བར་མི་མང་པོའི་རོགས་རམ་དང་རྒྱབ་སྐྱོར་ལ་ཁ་འབྲལ་ཐབས་མེད་པས་ན། དེ་ནི་ཐུན་མོང་གི་ལས་ཀ་ཤ་སྟག་ཅིག་རེད་ཅེས་བཤད་ཆོག་ཆོག་ཡིན། དེ་རིང་ངས་གོ་སྐབས་འདི་དང་བསྟུན་ནས། བདག་ལ་ལྷག་བསམ་དག་མས་རྒྱབ་སྐྱོར་གནང་མཁན་གྱི་རོལ་མོ་མཁས་ཅན་རྒན་བསྟན་འཛིན་སྤེན་ནོར་མཆོག་དང་། རྒན་བསྟན་པ(ཆུང)ལགས། འདས་གྲོངས་སུ་གྱུར་པའི་རྒན་སངས་ནོར་སོགས་ལ་ཆེད་དམིགས་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གང་ལགས་ཞེ་ན། ང་ལ་གླུ་སྟེགས་སུ་གོ་གནས་གང་ཙམ་ཞིག་ཐོབ་པ་དེ་མཐར་གཏུགས་ན་ཁོ་ཚོའི་བརྩམས་ཆོས་ལ་མང་ཚོགས་ཀྱི་དགའ་བསུ་ཐོབ་པས་རེད་འདོད།།
3 ཁྱོད་ཀྱི་ཕ་མ་གཉིས་ཀ་ཁྱོད་རང་གླུ་མར་གྱུར་ན་དགའ་གི་འདུག་གམ།།
ལན། རེད། ཁོང་གཉིས་ཧ་ཅང་དགའ་གི་འདུག ངའི་ཕ་རྒན་ཐེངས་ཤིག་ལྷ་སར་མཆོད་མཇལ་དུ་ཕྱིན་སྐབས། ཁོ་རང་སྡོད་སའི་མགྲོན་ཁང་དུ་ངའི་གླུ་གཞས་གཏོང་གི་འདུག་ཟེར་ནས་བཤད་ཅིང་། ཁོ་ངའི་ཕ་རྒན་ཡིན་པ་ཤེས་རྗེས་མགྲོན་ཁང་དེ་ཞབས་ཞུ་པ་ཚོས་ཁོ་ལ་ལྷག་ཏུ་ཡག་མོ་བྱེད་ཀྱི་འདུག་ཅེས་དགའ་བའི་ཉམས་ཀྱིས་དོན་དེ་ཐེངས་མང་གླེང་བྱུང་། ཨ་མ་ལགས་ནི་དེ་བས་ཀྱང་ངས་གཞས་བཏང་ན་དགའ་གི་འདུག བུ་མོ་དཀར་རྒྱན་ངའི་མངལ་དུ་ཡོད་དུས། ད་ཁྱོད་ཀྱིས་གཞས་གཏོང་བར་འགོར་འགྱངས་གཏོང་གི་རེད་ཅེས་མོ་རང་འཚུབ་ཆ་ལངས་ཀྱི་འདུག སྔོན་ཆད་ངས་ལྷག་བསམ་ཡོད་ཚད་གླུ་གཞས་སྟེང་བཀོལ་བ་དེ་རང་ཉིད་གཞས་ལ་དགའ་བའི་རྐྱེན་པས་མི་ཚད། ཕ་མ་གཉིས་ངས་གཞས་བཏང་ན་དགའ་བར་ཡང་འབྲེལ་བ་ཡོད་ཤས་རེད། ཨ་མ་ལགས་སྐུ་གྲོངས་ནས་ལོ་གཅིག་ལྷག་གི་རྗེས་སུ་ང་རང་གླུ་སྟེགས་ལས་བབས་ཤིང་རྩོམ་འབྲིའི་ལས་ལ་ཞུགས་གང་ཐུབ་བྱས་པ་ཡིན། ཡིན་ཡང་། ཨ་མས་ངའི་རྩོམ་ཡིག་འབྲི་བའི་བརྒྱུད་རིམ་མཐོང་ཐུབ་མེད། དེར་ང་རང་འགྱོད་སྣང་སྐྱེས་མྱོང་།།
4 གླུ་གཞས་གཏོང་བའི་གོ་རིམ་ཁྲོད་ཁྱོད་རང་དཀའ་ངལ་གང་དག་ལ་ཕྲད་མྱོང་།།
ལན། དང་ཐོག དབུས་གཙང་དུ་གཞས་གདངས་རྩོམ་མཁན་བཙལ་དུ་འགྲོ་དུས། གདངས་རྩོམ་མཁན་ཚོས་ང་རང་ཁྱོན་ནས་ཤེས་ཀྱི་མེད་པས་གཞས་གདངས་ལག་ཏུ་སོན་དཀའ། གཞས་གཏོང་མཁན་ཞིག་ལ་མཚོན་ན་དེ་ནི་དཀའ་ངལ་ཡོད་ཚད་ཀྱི་ཆེ་ཤོས་རེད། གླུ་གཞས་བཟོ་བྱེད་ཀྱི་མ་རྩ་ཞན་པ་དེ་ཡང་དཀའ་ཁག་ཆེ་ཤོས་ཁྲོད་ཀྱི་གཅིག་དེ་རེད། ཁྲིན་ཏུའུ་ནས་རོལ་མོ་བཟོ་སྒྲིག་བྱས་ཏེ་སྒྲ་ལེན་སྐབས། ངས་ཉི་མ་གཅིག་ལ་ཟ་མ་ཐུན་རེ་ཟོས་ནས་ལྟོགས་སྒོམ་བརྒྱབ་པ་ཡང་གང་མང་ཡོད། ད་དུང་། སྒོར་མོ་མེད་ན་མགྲོན་ཁང་ཐ་ཞན་ནང་སྡོད་དགོས། ཤམ་བྷ་ལ་ཞེས་པའི་སྒྲ་ཐག་དེ་བཟོ་སྐབས། ངའི་འདུག་རོགས་རྒྱ་མོ་དང་དེ་རོགས་ཟླ་གཉིས་ཀྱིས་སྐད་ཆ་ཤུབ་ཤུབ་ལབ་པས་མཚན་མོར་ང་རང་གཉིད་ཆག ཕྱི་ཉིན་དགོང་མོར་སྒྲ་ལེན་སྐབས་ང་རང་གཉིད་བྲོ་ནས་སྒྲ་ཡག་པོ་ལེན་མ་ཐུབ་པས། རོལ་མོ་པ་རྒན་ཏོན་ཡོན་ཧྲིན་ལགས་ཀྱིས་ང་རང་སྒོར་དེད་ཡོང་སྟེ་ཆར་བའི་ནང་སྦངས་ནས་གཉིད་སངས་སུ་བཅུག ཡང་རེབ་ཅིག་ལ། མཚན་མོར་རླངས་འཁོར་གྱི་ཙིར་སྒྲས་གཉིད་ཐབས་བྲལ་ནས་ང་རང་གསང་ཁང་གི་ཁྲུས་གཞོང་དུ་གཉིད་ཨེ་ཐུབ་ཚོད་ལྟ་བྱས་པའང་ཡོད། ཡིན་ཡང་། མཚན་མོ་དེར་ང་རང་གཉིད་གཏན་ནས་ཁུགས་མ་ཐུབ། ཕྱི་ཉིན་སྒྲ་ལེན་དུས་ཐང་ཆད་དྲགས་ནས་ལེགས་འགྲུབ་མ་བྱུང་། དོན་དག་དེ་དག་ད་སྐབས་ད་དུང་ངའི་དྲན་ཡུལ་དུ་ལྷམ་མེར་གསལ་འདུག གཙོ་བོ་གནོན་ཤུགས་ཆེ་བའི་རྐྱེན་གྱིས་གཉིད་ཁུགས་མ་ཐུབ་པ་རེད། དེ་མིན། རོལ་མོ་བཟོ་མཁན་ལ་ལས་ཀ་གཞན་པ་ཡོད་དུས། ཉིན་གཅིག་གཉིས་རེ་ལ་མགྲོན་ཁང་དུ་སྟོང་སྒུག་རྒྱག་དགོས་པ་བྱུང་དུས་ང་རང་འཚུབ་ཆ་ལངས་ནས་སྐོར་བ་ལིང་ལིང་བརྒྱབ་པའི་དུས་ཀྱང་མང་པོ་བྱུང་མྱོང་ཡོད།།
5 དཀའ་ངལ་དེ་དག་ཁྱོད་ཀྱིས་ཇི་ལྟར་སེལ་བ་ཡིན།།
ལན། དཀའ་ངལ་གང་རིགས་ལ་ཕྲད་ཀྱང་། དེ་དག་ནི་རང་ཉིད་དགའ་ནས་གདམ་གསེས་བྱས་པའི་ལས་ཀ་ཞིག་ཡིན་ཕྱིར། ངས་སྡུག་སྒོམ་ཨེ་ཐུབ་གང་ནས་ཅི་ལྕོགས་བྱས་པ་ཡིན། ཐེངས་ཤིག་ཁྲིན་ཏུའུ་ནས་སྒྲ་ལེན་དུས། ང་རང་ལ་འཆམ་པ་ལྕི་མོ་ཞིག་ཕོག་ནས་སྒྲ་ལེན་པར་དུས་འགྱངས་ཤོར། ཅུང་ཟད་དྲག་པའི་ཉིན་དེར་གནམ་ཁབ་རྒྱག་ཞོར་ང་རང་སྒྲ་ལེན་ཁང་དུ་སོང་ནས་སྒྲ་ལེན་པར་སྟ་གོན་བྱས། ཚུལ་དེ་མཐོང་རྗེས་སྒྲ་ལེན་མཁན་ཚོས་ང་སྡུག་བསྲན་ཆེན་པོ་འདུག་ཅེས་མགོ་བོ་གཡུག་གཡུག་བྱས། དེ་མིན། ཁྲིན་ཏུའུ་ནས་ཉིན་རེ་གཉིས་ལ་སྟོང་སྒུག་བྱེད་དགོས་པ་བྱུང་ཚེ། དང་ཐོག་ང་རང་བྲེལ་འཚུབ་ལངས་ནས་འཆི་གྲབས་གཏོང་གི་འདུག ཡིན་ཡང་། ཕྱིས་སུ་རང་གིས་དུས་ཚོད་དེ་བེད་ཆོད་ཆེད་རྒྱ་ཡིག་གི་དུས་དེབ་འདྲ་ཆགས་རེ་ཉོས་ནས་མགྲོན་ཁང་དུ་བལྟ་ཀློག་བྱས་པ་ཡིན། དེ་ལྟར་བྱས་ན་སེམས་འཚུབ་མི་སྐྱེས་པར་གོ་ཆོད་པོ་འདུག།
6 གླུ་གཞས་གཏོང་དུས་རང་གི་སྐད་ངག་ལ་སྦྱོང་བ་བྱས་པ་ཡིན་ནམ།།
ལན། དངོས་གནས་བཤད་ན། ངའི་སྐད་ངག་ལ་ལྷན་སྐྱེས་ཀྱི་ཆ་མ་གཏོགས་རྗེས་བྱུང་གི་སྦྱོང་བ་ཐོབ་མྱོང་མེད། ཡིན་ན་ཡང་། ང་ནི་མ་གཞི་ནས་རོལ་མོ་དང་གླུ་གཞས་གང་དྲག་གང་ཡག་ལ་ཉན་རྒྱུར་དགའ་མཁན་ཞིག་ཡིན་གཤིས། དེས་ང་ལ་རོགས་ཕན་མི་དམན་པ་ཐོབ་ཡོད་ཤས་ཆེ།།
7 ཉན་མཁན་ཚོས་ཁྱོད་ཀྱི་སྐད་ངག་ལ་ཇི་ལྟར་གདེང་འཇོག་བྱེད་ཀྱི་འདུག།
ལན། དེ་ད་ཉན་མཁན་ཚོའི་བཤད་ཡ་ཞིག་ལས། ངས་ལན་འདེབས་རྒྱུ་ཞིག་ཕལ་ཆེར་མིན་ས་རེད།།
8 དུས་ནམ་ཞིག་ནས་ཁྱོད་ཀྱིས་རྩོམ་བྲིས་པ་ཡིན།།
ལན། 2005 ལོར་ད་གཟོད་རྩོམ་མང་འབྲི་བའི་ལས་ལ་དངོས་སུ་ཞུགས་པ་ཡིན།།
9 ཁྱོད་ཀྱི་དཔེ་དེབ་དང་པོ་དེ་ག་འདྲ་རེད།།
ལན། ཀན་སུའུ་དཔེ་སྐྲུན་ཁང་གིས་དཔར་སྐྲུན་འགྲེམ་སྤེལ་བྱས། དེབ་གྲངས་སྟོང་གཉིས་ལས་དཔར་མི་འདུག དང་ཐོག་ཚོང་རར་དགོས་མཁོ་ཆེ་གི་འདུག་པས་དཔེ་སྐྲུན་ཁང་གིས་དཔར་རྩིས་འདྲ་བྱས་བྱུང་མོད། རྗེས་སུ་དཔར་ཐུབ་མེད་པ་རེད། དེ་ལ་སྤྱི་ཚོགས་སུ་དགའ་བསུ་ཐོབ་ཀྱི་འདུག ཀློག་མཁན་མང་པོ་ཞིག་གིས་ང་ལ་ཁ་པར་བཏང་ཡོང་། ད་ལྟ་ཡང་དཔེ་ཆ་དེ་ཡོད་མེད་རྩད་ཞིབ་བྱེད་མཁན་མང་ཙམ་འདུག དེ་ནི་གཙོ་བོ། དེབ་དེ་བོད་ལ་མཚོན་ན། སྐྱེས་མའི་བདེ་སྡུག་དང་ཐོབ་ཐང་གླེང་བའི་དེབ་ཐོག་མ་ཡིན་པས་ཡིན་ལས་ཆེ།།
10 ཁྱོད་ཀྱི་དཔེ་དེབ་དང་པོར་མིང་དེ་འདྲ་འདོགས་དོན་ཅི་ཡིན།།
ལན། ཟ་མ་མོ་ཞེས་པ་ནི་སྐྱེས་མའི་དོན་རེད། སྐྱེས་མའི་སྐྱིད་སྡུག་གངས་མ་ཆར་གྱི་གཟུགས་སུ་བཀོད་པ་རེད། གངས་མ་ཆར་ནི། མཐོ་སྒང་དུ་འཚོ་མྱོང་བའི་མི་ཞིག་ཡིན་ཚེ། འཁྱག་སིབ་སིབ་ཀྱི་གངས་མ་ཆར་ཤ་གསེང་རུས་རྐང་ལ་ཟུག་པའི་མྱོང་རྒྱུས་ཡོད་ལེ་རེད། གངས་ལྗོངས་སྐྱེས་མའི་བདེ་སྡུག་རི་མོར་བཀོད་པ་ལྟ་བུའི་དེབ་དེར་དེ་ལས་འགབ་པའི་མིང་ཞིག་ཧ་ལམ་མེད་པར་འདོད།།
11            རྒྱུ་རྐྱེན་གང་འདྲ་ཞིག་གིས་ཁྱོད་རང་རྩོམ་པ་པོ་ཞིག་བྱེད་འདོད་སྐྱེས་སོང།།
ལན། དེ་ངའི<<ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར>>ཞེས་པའི་དེབ་དང་པོའི་མཇུག་བྱང་ནང་རོབ་ཙམ་གླེང་འདུག་ཙང་། ཡིག་ཚོགས་ལ་འཇིགས་ནས་འདི་རུ་བསྐྱར་གླེང་མ་བྱས།།
12            ཁྱོད་ཀྱིས་གླུ་གཞས་གཏོང་མཚམས་བཞག་སྟེ་རྩོམ་པ་པོ་ཞིག་བྱེད་དོན་ཅི་ཡིན།།
ལན། ལར་ང་རང་གཞས་ལ་ཤིན་ཏུ་དགའ་ན་ཡང་། རང་གི་འབྱུང་གཤིས་འདི་གཞས་གཏོང་མཁན་ཞིག་བྱས་ན་ཧ་ཅང་མི་འཚམ་པའི་སྣང་བ་སྔ་མོ་ནས་སྐྱེས་མྱོང། གང་ཡིན་ཟེར་ན། གོང་དུ་གླེང་གསལ་ལྟར། གཞས་གཏོང་རྒྱུ་དེ་ནི་མི་བུ་བྱེ་བྲག་པ་ཞིག་གིས་མགོ་མཇུག་བར་གསུམ་དུ་སྒྲུབ་ཐུབ་ཡ་ཞིག་གཏན་ནས་མིན་པར་ཐུན་མོང་གི་ལས་ཀ་ཞེ་གཅིག་ཡིན་པས་ན། གོ་རིམ་དེའི་ཁྲོད་མི་མང་པོ་ཞིག་ལ་འབྲེལ་བ་བཅའ་དགོས་ཤིང། ཁ་ཡག་ངོ་དགའ་ཡང་མང་པོ་བྱེད་དགོས། དེའི་ཐད་ནས་ང་ལ་འཇོན་ཐང་མེད་པས་མི་ཚད། ཀུན་ལ་མཐུན་ཞིང་འགྲོགས་འདྲིས་བདེ་བའི་འབྱུང་གཤིས་ཅན་ཞིག་གཏན་ནས་མིན་པས་སོ།། ཡིན་ཡང་། རོལ་དབྱངས་ལ་དུངས་དྲགས་པའི་རྐྱེན་གྱིས་ལོ་མང་རྒྱུན་སྐྱོང་ཨེ་ཐུབ་བལྟས་མོད་ཀྱི། ལོ་ཟླ་དེ་དག་ཁྲོད་རང་གིས་གནས་ལུགས་གཞན་ཞིག་རྙེད་པ་ནི། གར་སྟེགས་ནི་རྒན་རབས་ལས་གཞོན་སྐྱེས་ཚོར་དབང་བའི་སྡིངས་ཆ་ཞིག་ཡིན་པ་དེའོ།། ད་ནི་ང་རང་གར་སྟེགས་སུ་འབུད་པའི་ལོ་ཚོད་ཀྱང་འདའ་འདུག་པས་མ་བདའ་རང་འབུད་བྱས་པ་ཡིན། ཡིན་ཡང་། གཞས་པ་གྲགས་ཅན་འཛམ་གླིང་ན་སྐད་གྲགས་ལྡན་པ་ཚོ་ནི་དེ་གྲས་མིན་པས་གར་སྟེགས་སུ་གསོན་ཞིང་གར་སྟེགས་སུ་གྲོངས་ཀྱང་དོན་སྙིང་ཡོད་པར་འདོད།།
ང་རང་རྩོམ་འབྲིའི་ལས་ལ་ཞུགས་པ་རྒྱུ་རྐྱེན་འགའ་ཞིག་ཡོད་ངེས་ན་ཡང་། རྩོམ་སྟེགས་སུ་དངོས་སུ་ཞུགས་པའི་རྟེན་འབྲེལ་འགོ་མ་སྒྲིག་མཁན་ནི་ཏག་ཏག་བདག་གི་སྙིང་ཉེ་བའི་ཨ་མ་ལགས་ཡིན་པར་འདོད། དེ་ཡང་། ཨ་མ་དྲིན་མོ་ཆེ་འཇིག་རྟེན་མི་ཡུལ་དང་བྲལ་ནས་དུས་ཆོས་སུ་གྱུར་བའི་སྐབས་དེར་ངའི་སེམས་པ་སྡུག་གིས་གདུང་ནས་ཅི་བྱེད་འདི་སྒྲུབ་མེད་པར་དྲ་ཚིགས་མང་པོ་ཉུལ་བ་ཡིན། ཉིན་ཞིག བོད་མིའི་རིག་གནས་དྲ་ཚིགས་ཀྱི་བདག་གི་ཟིན་བྲིས་སུ་རོང་འབྲོག་སྐྱེས་མའི་གནས་སྟངས་སྐྱོ་བོ་བཀོད་འདུག་པ་འཁྲུལ་མེད་གསལ་ལེར་མཐོང་བྱུང་ལ། ང་ནི་ཟུར་ལྟ་མཁན་འབའ་ཞིག་བྱེད་པའི་སྦྱོར་བ་རྩོམ་མ་ཐུབ་པས་རྩོམ་འབྲིའི་ལས་ལ་དངོས་སུ་ཞུགས་ཁུལ་བྱས་པ་ཡིན།།
13            ཁྱོད་ཀྱི་རྩོམ་ཡིག་མང་ཆེ་ཤོས་ཁྲོད་བུད་མེད་ཀྱི་ཐོབ་ཐང་བརྗོད་ཀྱི་འདུག དེའི་རྒྱུ་མཚན་ཅི་ཡིན།།
ལན། རྒྱལ་ཁབ་གང་དང་མི་རིགས་གང་ཞིག་ཡིན་ཡང་། སྤྱི་ཚོགས་དེ་ཕོ་མོ་གཉིས་ཀྱིས་གྲུབ་པའི་ཚོགས་ཁྱུ་ཞིག་ཡིན་པ་རེད། ཡིན་ཡང་། ཕོ་ཕྱེད་མོ་ཕྱེད་ཀྱིས་གྲུབ་པའི་བོད་པའི་སྤྱི་ཚོགས་ལ་མཚོན་ན། ད་དུང་ཕོ་མོ་གཉིས་ཀྱི་ཐོབ་ཐང་གཏན་ནས་འདྲ་མཉམ་མིན་པ་རེད། གནས་སྟངས་སྡུག་ཆག་དེ་དག་མཐོང་བའི་མོད་ལ་འགྱུར་བ་རེ་གཏོང་ཨེ་ཐུབ་བསམས་ནས། རང་གིས་གང་ནུས་ཅི་ལྕོགས་ཀྱིས་ཕོ་མོའི་ཐོབ་ཐང་འདྲ་མཉམ་ཡོང་བར་འབོད་སྐུལ་དང་རེ་འབོད་བྱེད་པའི་ལས་དེ་མ་སྐུལ་རང་འཁུར་བྱེད་ཁུལ་བྱས་པ་ཡིན།།
14            བུད་མེད་ཀྱི་ཐོབ་ཐང་གླེང་རྒྱུ་དེ་ཁྱོད་ཀྱི་རྩོམ་གྱི་བརྗོད་བྱ་གཙོ་བོ་རུ་གྱུར་འདུག དེར་རྒྱུ་མཚན་ཡོད་དམ།།
ལན། དེ་ནི་བོད་པའི་སྤྱི་ཚོགས་སུ་ཕོ་མོའི་ཐོབ་ཐང་ཁྱོན་ནས་འདྲ་མཉམ་མིན་པས་ང་རང་གཉོམ་ཆུང་གི་སྡེའི་རྒྱབ་རྩ་ནས་ལངས་པ་ཡིན་མ་གཏོགས། དེང་སྐབས་སྤྱི་ཚོགས་སུ་ཁྱབ་པའི་བཤད་ཡམས་ལྟར། ངས་དོན་མེད་རྙོག་ཟིང་བཟོ་བ་ཞིག་གཏན་ནས་མིན། གལ་ཏེ། ཉིན་ཞིག ང་ཚོའི་སྤྱི་ཚོགས་སུ་སྐྱེས་མའི་ཐོབ་ཐང་སྐྱེས་པ་ལས་བརྒལ་ཞིང་། སྐྱེས་མ་ཚོས་རང་སྣང་གང་དྲན་དང་གནས་ལུགས་ལ་རྒྱབ་འགལ་བྱས་པ་ཡིན་ན། ང་རང་སྐབས་དེར་སྐྱེས་པའི་རྒྱབ་རྩ་ནས་ལངས་ཤག་ཡིན་ཞེས་བཤད་ཕོད།།
15 ཁྱོད་ཀྱིས་ང་དང་མཚོ་སྔོན་བོད་ཡིག་གསར་འགྱུར་ཞེས་པའི་རྩོམ་ཡིག་ལས། ཁྱོད་རང་ཉིད་ཀྱང་བུད་མེད་ཀྱི་ཐོབ་ཐང་གླེང་རྒྱུའི་གོ་སྐབས་ཤིག་ཐོབ་སོང་ཟེར་དོན་ཅི།།
ལན། རྙིང་རུལ་དུ་གྱུར་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། ཞེད་སྣང་ཆེ་ཤོས་ནི་བསམ་བློ་གསར་པའི་རིགས་ཡིན་པ་རེད། ལུང་ཤར་དོན་རྐྱེན་ལ་སོགས་པ་ཡང་རྐྱེན་དེའི་དབང་གིས་བྱུང་བ་རེད། སྐུ་ཞབས་ཞོགས་དུང་ལ་སོགས་ཀྱིས་བོད་ཀྱི་ཁ་རུབ་རྙིང་ཞེན་ཡིན་པའི་སྤྱི་ཚོགས་སུ་དཀྱེལ་ཡངས་དང་བསམ་བློ་འདྲ་མིན་མཉམ་གནས་དགོས་པའི་ས་བོན་གསར་འདེབས་བྱས་པའི་མོད་ལ། ངའི་སེམས་སུ་ང་ཚོས་ཀྱང་རང་གི་ཐོབ་ཐང་རྩོད་རན་འདུག་སྙམ་བྱུང་། གང་ཡིན་ཞེ་ན། སྤྱི་ཚོགས་གང་ཞིག་ཡིན་ཡང་། སྐྱེས་མ་ལས་སྐྱེས་པར་གུ་ཡངས་དང་དམིགས་བསལ་ཡོད་པ་རེད།།
16 ཁྱོད་ཀྱིས་བལྟས་ན་ཆོས་ལུགས་དང་བུད་མེད་ཀྱི་ཐོབ་ཐང་བར་འབྲེལ་བ་འདུག་གམ།།
ལན། དེ་ནི་སྨོས་ཅི་དགོས། བུད་མེད་ལ་སྡང་ཞིང་སྨད་པ་འཛེམ་ཞིང་འཇིགས་པ་ནི་ཆོས་ལུགས་ཐམས་ཅད་ཀྱི་མཐུན་ཆོས་ཡིན་པ་རེད།།
17            དྲ་ཚིགས་ཁ་ཤས་སུ་ཁྱོད་ཀྱི་རྩོམ་ཡིག་ལ་གདེང་འཇོག་དང་དམའ་འབེབས་གང་རིགས་བྱེད་ཀྱི་འདུག དེར་ཁྱོད་ལ་བསམ་ཚུལ་ག་འདྲ་ཡོད།།
ལན། ང་རང་གནའ་དང་མ་གླུ་མ་ཡིན་དུས་ནས་མི་ཁ་ནག་པོ་མང་པོ་བརྒྱུད་མྱོང་། དེ་བས། ད་ལྟ་མི་དེ་ཚོས་ཉེས་མེད་སྐྱོན་འགེལ་ཇི་ལྟར་བྱས་ཀྱང་དང་ལེན་མི་ཐུབ་པ་ཞིག་མ་རེད། ད་སྐབས་དྲ་ཚིགས་སོགས་སུ་ཐ་ན་ངའི་རྩོམ་ཡིག་ཁ་ཚང་ཁྱོ་གས་བྲིས་པ་རེད་ཅེས་བཤད་མཁན་ཡང་འདུག ངའི་བསམ་པར། གཅིག་བྱས་ན་མི་དེ་ཚོ་ཁོམ་དྲགས་པས་རེད་ལ། མིན་ན་ཁོ་ཚོའི་སེམས་ཁམས་བདེ་ཐང་མིན་པ་འདྲ། དོན་ངོ་མར་བཤད་ན། བཤད་ཡམས་དེ་དག་གིས་ནི་ང་ལ་གནོད་པ་ལས་ཕན་ཐོགས་ཡོང་གི་ཡོད་པ་འདྲ། ང་ནི་མི་ཨུ་ཚུགས་ཅན་ཞིག་ཡིན་ཙང། གཞན་གྱིས་དམའ་འབེབས་དང་ངན་གཡོགས་ཇི་ལྟར་བྱས་ན། ང་ལ་དེ་ལས་ལྷག་པའི་འབད་འདོད་ཀྱི་ངར་ཤུགས་བསླངས་ཡོང་། དེ་ནི་ང་ཚོ་བོད་པའི་གཏམ་དཔེ་སྟེ། རྐྱེན་ངན་གྲོགས་སུ་ཤར་གྱི་ཡོད་མི་འགྲོ་སྙམ། ཡིན་ཡང་། སྤྱི་ཚོགས་ཀྱི་ཁ་དུག་འདིས་སྔར་བཞིན་སྐྱེས་མ་མང་མང་ཞིག་དཔའ་ཞུམ་བག་འཁུམས་སུ་གཏོང་གི་ཡོད་པ་ནི་ཤིན་ཏུ་ཕངས་པའི་གནས་སོ།།  ༼འཕྲོ་མུ་མཐུད་འགོད་རྒྱུ།
·རྩོམ་ཡིག་གོང་མ:བརྩམས་སྒྲུང་རིང་གྲས་ཀྱི་རྩིས་ཐང་སྲུང་དགོས།
·རྩོམ་ཡིག་འོག་མ:འཇམ་དབྱངས་སྐྱིད་ཀྱི་དྲིས་ལན་སོ་ལྔ་མ།༢
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:20:33 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:20:30 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:23:31 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS