ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
རྩོམ་ཡིག་ཀློག་པ།

བྱ་གཞུང་དབྱངས་བྷའི་སྙན་ངག སྟོན་ལོ་འབབ་ས།

རྩོམ་པ་པོ:བྱ་གཞུང་དབྱངས་བྷཡོང་ཁུངས:ཚངས་དབྱངས་དྲྭ་བ།གཟིགས་གྲངས:1553ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/3 14:44:47ཚོགས་ཡར་སྤྲོད:ངེད།
སྟོན་ལོ་འབབ་ས

བྱ་གཞུང་དབྱངས་བྷ

ལམ་ལ་ཆས་དུས  ཁོ་མོའི་མིག་ཟུང་ལས་སྟོན་རླུང་ལྡང་གིན་འདུག
སྟོན་རླུང་བསིལ་བསིལ་ཁྲོད  ང་གཞི་ནས་ལྷ་སར་ལོག

ལྷ་ས་ནས  ཉི་འོད་འཚོ་སའི་ས་སྟེགས་ཆུང་ཆུང་ཞིག་དབང་སོང
ལྷ་ས་ནས  རང་ཉིད་ཤོང་བའི་ཁང་མིག་ཆུང་ཆུང་ཞིག་ཀྱང་དབང་སོང
པོ་ཏཱ་ལ་མི་མཐོང་ནའང  ཉི་འོད་ལྟེམས་མེར་འཁྱིལ་བའི་ཁང་མིག་དེ
དཔེ་དེབ་ཁྲ་ལེར་སྤུངས་པའི་ཁང་མིག་དེ  སྙིང་ཉེ་བོ་ཞིག་འདུག
ཚེ་ཕྱེད་ལ་མ་ཪྙེད་པའི་གཞིས་ཁྱིམ་གྱི་ཚོར་སྣང་དེ་འདུག
སྒེའུ་ཁུང་ཕྱི་ལོགས་ཀྱི་མ་གལ་ལྗོན་པ་ཉི་འོད་ཁྲོད་འགྲེང་འདུག
ཉི་མའི་ཚ་ཟེར་ཁོངས་གསེང་ནས་ཡུན་རིང་འབར་རྗེས
སྟོན་ལོ  གཞི་ནས་གསེར་ཆུས་བྲན་ཞིང་ལྗོན་རྩར་བབས་སོང
ལྗོན་རྩ་ནས  རུལ་ཞིང་ལུད་རྫས་སུ་འགྱུར་སྲིད་པའི་ཉི་མའི་བུ་ཆུང
རླུང་བུས་འཁྱེར་ཞིང་ལྗོན་རྩར་འབབ་ཚུལ་ནི་བྱིའུས་ཚང་མལ་སྙེག་ཚུལ་དང་འདྲ

སྟོན་ཁ་མང་པོ་ཞིག་འདས་སོང
བསུས་ཤིང་སྐྱེལ་བའི་སེར་ཏིག་ཏིག་གི་སྟོན་ཁ་དག  རེ་རེ་བཞིན
ཚེ་སྲོག་གི་ལྗོན་རྩར་བབས་སོང  རུལ་ཞིང་ལུད་རྫས་སུ་གྱུར་སོང
གོ་རིམ་དེ  ལྗོན་ལོ་ནེམ་པོ་ཞིག་ཉི་མས་སྨིན་པའི་གོ་རིམ་ཡིན་ནམ
གོ་རིམ་དེ  སྟོན་ལོ་ལེབ་མོ་ཞིག་རླུང་གིས་ཁྱེར་བའི་གོ་རིམ་ཡིན་ནམ
བྱིའུ་ཁེར་འཁྱར་བཞིན་འདར་ལྕུག་ལྕུག་གིས་འཕུར་བའི་མི་ཚེ་ཕྱེད་ལ  པོ་ཏཱ་ལ
པོ་ཏཱ་ལ་ནི་དུས་ཚིགས་ཀྱིས་མི་གཞོམ་པའི་མཇུག་མཐའི་ལྗོན་པ་དེ་ཡིན་ནམ

པོ་ཏཱ་ལ  པོ་ཏཱ་ལ་ཨང  ཁྱེད་ལས་སྐྱེས་ཤིང་ཁྱེད་ཀྱི་དོན་དུ་ཟགས་པའི
ལྗོན་ལོ་ལེབ་མོ  གླུ་ངག་གི་ས་བོན  ཉི་མའི་བུ་ཆུང
ལྷགས་རླུང་དང་འགྲོགས་ནས་འོངས
ལྷགས་རླུང་ལ་གཏད་ནས་འགྲོ
ད་ནི་ལས་འཕྲོའི་རླུང་གིས་འཁྲིད་དེ་ཁྱེད་ཀྱི་ལྗོན་རྩར་བབས་སོང
ཁ་ཆར་ཚ་གྲང་ལ་གདོང་བ་གཏོད་སྲིད  རུལ་ཞིང་ལུད་རྫས་སུ་འགྱུར་སྲིད
འགྱིག་ཤོག་བསྣམས་འོངས་མཁན་དག་གངས་ཁྲོད་དུ་འབབ་པ་ནང་བཞིན
འགྱིག་ཤོག་ལས་མཛེས་པའི་མི་རྣམས  ཇ་མངར་མོའི་ཕོར་ཁར་འབབ་པ་ནང་བཞིན
པོ་ཏཱ་ལ  པོ་ཏཱ་ལ་ཨང
ལས་ཀྱི་བུ་ཆུང  སེར་ཏིག་ཏིག་གིས་ཁྱེད་ཀྱི་ལྗོན་རྩར་བབས་སོང
དམར་ནག་གི་ཁྲག་ཐིགས་རྡོག་དེ་གཞི་ནས་ཁྱེད་ཀྱི་ལྗོན་རྩར་ཟགས་སོང

ལམ་ལ་ཆས་དུས  ཕ་མས་འགྲོ་འདུག་ལ་སེམས་ཆུང་དགོས་ཚུལ་གདམས་བྱུང
ལམ་ལ་ཆས་དུས  གྲོགས་པོས་སྨྲ་ལྕེ་དང་ཨམ་ཅོག་ལ་གཟབ་དགོས་གསུངས་བྱུང
ལམ་ལ་ཆས་དུས  ནང་མིས་ཐག་རིང་གི་ལྷ་ས་ནི་ས་མཐའ་ཡིན་གསུངས་བྱུང
ས་མཐའ་ནས་རང་ཉིད་ཁོ་ན་ནི་ཆེས་བརྟན་པའི་དཔུང་རོགས་ཡིན་གསུངས་བྱུང
ཁོང་རྣམ་པའི་མིག་ཟུང་ལས་རླུང་བུ་བསིལ་བསིལ་ལྡང་གིན་འདུག
ཨ་ཆེན་གངས་ཐང་བརྒྱུད་ཅིང་ལྷ་སའི་ཉི་འོད་ཁྲོད་འགྲེང་དུས་ཀྱང
ཨ་མདོའི་སྟོན་རླུང་གྲང་མོ་དེ་ཚོར་གྱིན་འདུག
སྟོན་རླུང་ཁྲོད  འཚང་ཁ་ཤིག་ཤིག་གི་སྐོར་ལམ་ཆེ་ཆུང་མྱུལ་དུས
ལྕགས་ལམ་ངོགས་སུ་བག་ཡངས་ཀྱིས་སྡོད་པའི་གཙོད་ཕོ་མོ་ཡང་དྲན་བྱུང
བོད་གཙོད་ཐོ་རེ་བར་འགྲོ་འདུག་ལ་གཟབ་དགོས་ཚུལ་སུས་ལབ་ཨང་སྙམ་བྱུང
ལམ་ལ་ཆས་དུས  སྐྱེལ་མ་ཞུ་མཁན་མེད་ན་ཇི་འདྲའི་སྐྱིད་ཨང

ཚ་གྲང་གང་ཡང་མྱོང་ཐུབ་པའི་ལྷ་སའི་སྟོན་ཁ  སྡོང་ལོ་སེར་པོ་རེ་རེ
སེམས་ཁོང་ནས་ཟགས་པ་འདྲ་བྱུང  གློ་གསེང་ལ་འབབ་པ་འདྲ་བྱུང

སྐྱིད་ཆུ  སྔོ་ཡུག་ཡུག་གི་ནམ་མཁའ་པང་པའི་སྐྱིད་ཆུ
དུས་ཚོད་ཀྱི་ཕ་རོལ་ནས་བཞུར་འོངས
ཀོ་གྲུ་དང་གཞས་ཆུང  ཀི་སྒྲ་དང་རྨིག་སྒྲ  དམར་ནག་གི་བཞིན་རས
སྟོན་ལོ་བཞིན་ཟགས་ཟིན་པའི་རེས་གསལ་རེས་མོག་གི་ཡོད་ཚད
དུས་ཚོད་ཀྱི་ཕ་རོལ་ནས་ལོག་འོངས་ཏེ་རྨི་ལམ་གྱི་ཡལ་ག་སྒུལ་སྒུལ་བྱེད
སྙིང་ཉེ  ཡལ་གའི་རྩེ་ནས་འཐོར་གྱིན་པ་དེ་ཁྱེད་ཀྱི་འདབ་ལོ་ཡིན་ནམ
ས་རུ་བཀྲམ་པའི་འདབ་ལོའི་རྩེག་རིམ་ལས་ང་ལ་སེར་ཐིག་ཅིག་དབང་ཆོག་གམ

ཁྱེད་ལ་དུངས་ཤིང་ཁྱེད་ལ་སྙེག་པའི་གོ་རིམ་ནི
རང་ཉིད་ལ་དགའ་ཞིང་རང་ཉིད་འཚོལ་བའི་གོ་རིམ་ཡིན
སྟོན་ལོ་བཞིན་འདར་ལྕུག་ལྕུག་གིས་འཕུར་ཞིང་སེར་ཏིག་ཏིག་གིས་འབབ་དོན་ཡང
ཡར་ཀླུང་གཙང་པོ་ལྟ་བུའི་ཅི་ཞིག་རུས་གསེང་ནས་ལྷོག་ལྷོག་རྒྱུག་གིན་པས་ཡིན
ཁྱེད་ཀྱི་པང་དུ་ལོག་དུས  རང་གི་སེམས་ཁོང་དུ་ལོག་པ་འདྲ་བྱུང
སྙིང་ཉེ  ཁྱེད་ཀྱི་ཕང་པ་དང་འདྲ་བའི་བྱང་ཁོག་སྟོད་ན
ཐོར་རླུང་དང་མེ་ལྕེ་མཉམ་དུ་ལྡང་གིན་ནའང
ཁྱེད་རང་རླུང་ཁའི་དར་ལྕོག་བཞིན་བརྗིད་ཀྱིས་འགྲེང་བའི་དྲོད་ཐིག་ཁོ་ནས་ཀྱང
བློ་རྩེ་གཅིག་གིས་རུལ་ཞིང་ལུད་རྫས་སུ་འགྱུར་བར་མོས

དངོས་པོའི་ལྕགས་རིར་འཛེག་ནས་འགྲོ
ཚེར་མའི་ནགས་ཚལ་བརྒལ་ནས་འགྲོ

ལྷ་ས་ནི་རྩ་ལག་གཏིང་རིང་བའི་ལྗོན་པ་ཞིག་ཡིན་ནམ
ལྷ་ས་ནི་རླུང་དང་འགྲོགས་པའི་འདབ་ལོ་ཞིག་ཡིན་ནམ
ལྗོན་པའི་གཞུང་རྟ་རླུང་གིས་སྐམ་དུས་རྩ་ལག་རྡོ་ལ་ཐུག་ཡོད་དམ
འདབ་ལོའི་ལྟེ་ཐག་ཡལ་གར་གྱེས་དུས་གཤོག་སྒྲོ་རླུང་དང་སྦྲེལ་ཡོད་དམ
ལྷ་ས  ལྷ་ས  ཉི་འོད་ཁོ་ནས་ཕྱུག་པའི་ལྷ་ས

ལྷ་སའི་ཉི་འོད་ཁྲོད་སྡོད་དུས  ངས་རྨོ་མོ་དྲན་བྱུང
མ་ཎི་དུང་ཕྱུར་གཅིག་བགྲང་བའི་སེན་མོའི་ཉག་ག་ཟབ་མོ་དེ་དྲན་བྱུང
རྨོ་མོས  སེན་མོར་ཉག་ག་བརྐོས་ཏེ་མ་སླེབས་པའི་ལྷ་ས་རུ་སྡོད་དུས
མི་ཚེ་ནི་ཡལ་ག་དང་གྱེས་ཤིང་ལྗོན་རྩར་སྙེག་པའི་འདབ་ལོ་དེ་ཡིན་ནམ་སྙམ་བྱུང
ནང་མའི་གླུ་གར་ལ་ཅི་དགར་རོལ་ཆོག་ཆོག་གི་ད་ལྟ
ཇ་ཁང་ཆང་ཁང་དུ་བདེ་ལྷོད་ལྷོད་དུ་སྡོད་ཆོག་ཆོག་གི་ད་ལྟ
ངས་རྨོ་མོ་དྲན་བྱུང  རྨོ་མོའི་ལྷ་ས་དྲན་བྱུང

ལྷ་ས  ལྷ་ཚོགས་ཀྱི་གསེར་ཆུས་སྨིན་པའི་སྟོན་ལོ་སེར་པོ
དུས་ཚོད་ཀྱི་ཡལ་གའི་རྩེ་ནས་འཐོར་གྱིན་པའི་གཤོག་སྒྲོ་སེར་པོ
གོ་ལའི་སྒང་དུ  སེར་ལྷབ་ལྷབ་ཏུ་འཕུར་བའི་བསྐྱོད་སྟངས་ཁོ་ནས
གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་གནས་མཇལ་བ་དང་ཡུལ་སྐོར་བ
འཚོལ་ཞིབ་པའི་བློ་ཁ་ཇི་སྙེད་འགེངས་ཐུབ་ཀྱིན་ཡོད་པའི་ལྷ་ས
རླུང་བུ་དང་རླུང་བུས་འཁྱེར་ཏེ  ལྗོན་རྩ་གང་ལ་ཇི་ལྟར་འབབ་སྲིད་དམ

སྟོན་ལོ་སེར་པོ  སྐོར་ལམ་ཆེ་ཆུང་དག་ན་ངེས་མེད་དམིགས་མེད་དུ་རྒྱུ་བའི
སྟོན་ལོ་སེར་པོའི་ཁྱུ  འཁོར་ལོ་ཁྲི་ཕྲག་གི་འཚང་ཁའི་འོག་ན་སྐོར་འཚུབ་བྱེད
མིག་འབྲས  འདབ་ལོ་རེ་རེའི་ངོས་སུ་བརླན་སིབ་སིབ་ཀྱིས་འབྱར་ཞིང
རླུང་གིས་ཕྱོགས་དང་ཕྱོགས་སུ་ཁྱེར་སོང
ཚ་གྲང་གི་ཚོར་བ་དུས་གཅིག་ཏུ་མྱང་ཆོག་པའི་སྟོན་ཁ
ན་ཚོད་དང་མྱོང་བ་སྟོན་འབྲས་བཞིན་སྨིན་ཟིན་པའི་སྟོན་ཁ
རླུང་བུ་ཨང  རླུང་བུ་ཁོ་ན་ནི
ཤ་ཁྲག་རུས་པའི་ཕྱི་ནང་སྟེང་འོག་ལ་དཀྲིས་པའི་རྨུ་ཐག་དེ་ཡིན་ནམ

མཐའ་བཞིའི་རི་རབ་ཀྱི་ཁྱོར་བའི་མཐིལ་ནས་མཐོང་བ་ནི་ནམ་མཁའ་ཁོ་ན་ཡིན
མི་ལོ་སྟོང་ཕྲག་གི་བསང་དུད་འབྱར་བའི་མགོ་སྦྲ་སྔོན་པོ
སྦྲ་གུར་སྔོན་པོའི་ནང་རོལ་དུ  དུས་ཚོད་ཀྱི་རྐང་པ་རྡོ་ལ་ཟུག་ཅིང་འདབ་ལོ་རྒྱས
ཉི་ཟེར་གྱི་མེ་ཞགས་ལ་བརྒྱུས་པའི་འདབ་ལོའི་ཕྲེང་བ  གྲག་མེད་མངོན་མེད་དུ
སུ་ཞིག་གི་ཁྱོར་བའི་མཐིལ་ལ་བབས་སོང་ངམ
སུ་ཞིག་གི་ཨམ་ཕྲག་ནང་དུ་ལྷུང་སོང་ངམ
སྙིང་ཉེ  རི་རབ་ཀྱི་ཁྱོར་བའི་མཐིལ་ནས་མཐོང་བ་ནི་ནམ་མཁའ་ཁོ་ན་ཡིན
ཁྱེད་ཀྱི་བརྩེ་འདང་ལྟ་བུའི་སྔོ་ཡུག་ཡུག་གི་ཕྱར་བ་འདི་ང་ལ་དབང་ཆོག་པར་ཞུ

སྟོན་ལོ་ལྟ་བུའི་བྱིས་པ་དེ  རླུང་རྟ་བཞིན
ལྷ་དང་ལྷ་མིན་གྱི་ཞིང་ལ་འཕུར་མི་ཐུབ་དོན་ནི  གཞས་ཆུང་ཞིག་ཪྙེད་པས་ཡིན
སྟོང་འདང་དང་འཁྲུལ་སྣང་གི་རྩི་ཕུང་མེ་རུ་བསྲེགས་རྗེས  ཤུལ་དུ་གཞས་ཆུང་ཞིག་ལུས་སོང
བྱིས་པ་དེ  དམར་ནག་གི་གཞས་ཆུང་དེའི་སྐུད་སྣེ་ལ་བཏགས་པའི་ར་རྫི་བྱིས་པ་དེ
ནར་སོན་བྱུང  གཞི་ནས་ནར་སོན་བྱུང

སྒེའུ་ཁུང་གི་ཤེལ་དྲར་རེག་རེག་བྱེད་པའི་ཡལ་ག་དང་འདབ་མ
སྨིན་པའི་མཛེས་སྡུག་ནི་ཇི་འདྲའི་བརླིང་ཞིང་བརྗིད་ཨང
སྨིན་པའི་ལྗིད་ཤུགས་ཐེག་པའི་ཡལ་ག་ཞིག་ཀྱང་གང་དུ་འཚོལ་ཨང
སྨིན་པ་ནི  ཚ་གྲང་ཁ་ཆར་གྱིས་བཙོ་སྦྱངས་བྱས་པའི་རྨི་ལམ་གསལ་ཐག་ཆོད་པ་དེ་ཡིན་ནམ
སྨིན་པ་ནི  སྦུབས་རྒྱ་མཁྲེགས་པོ་བརྟོལ་རྗེས་ཀྱི་ནམ་མཁའ་མཐོངས་ཡངས་པོ་དེ་ཡིན་ནམ
སྨིན་པ་ནི  ཆེ་ནས་ཆེ་རུ་སྦོས་ཀྱིན་པའི་ཆགས་སྡང་གི་མེ་ལྕེ་དམར་ལྷབ་པ་དེ་ཡིན་ནམ
སྨིན་ཐག་ཆོད་པའི་ལྗོན་ལོ་སེར་པོ  རུལ་ཞིང་ལུད་རྫས་སུ་འགྱུར་སྲིད་པའི
གསེར་ཡིག་ལེབ་མོ  གཞི་ནས་ལྗོན་རྩར་བབས་སོང

2007.10.2 མཚན་མོར་ལྷ་ས་ནས།

·རྩོམ་ཡིག་གོང་མ:བུ་མོ་ངའི་ཕ་ཡུལ་ན་གཞས་རྙིང་འདི་འདྲ་མང་པོ་ཡོད།
·རྩོམ་ཡིག་འོག་མ:དམངས་སྒྲུང་།སྣང་རྩེ་བློ་གྲོས་ལས་བཟང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·སྙན་ངག་སྤྲིན་གྱི་ཕོ་ཉ།༼༥༡_༡༠༠ 2014/1/26 11:46:59
·སྙན་ངག་སྤྲིན་གྱི་ཕོ་ཉ།༼༡_༥༠ 2014/1/26 11:31:56
·སྙན་ངག་སྐོར་གྱི་གཏམ་གླེང་ཞིག 2013/6/1 10:25:34
·སྙན་ངག་སྤྲིན་གྱི་ཕོ་ཉ། 2012/7/30 15:47:55
·སྲིད་པས་ད་དུང་སྙན་ངག་འབྲིའམ་གླུ་དབྱངས་ལེན། 2012/6/28 15:13:58
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:47:46 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:33:06 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:02:55 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS