ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་དཔྱད་རྩོམ་ཞིག༢

  རྩོམ་པ་པོ:ཁྱུང་ཕྲུག་བློ་བཟང་དར་རྒྱས།ཡོང་ཁུངས:ན་གཞོན་གསར་པ།གཟིགས་གྲངས:2052ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/1/30 18:10:55ཚོགས་ཡར་སྤྲོད:ངེད།
                     ཁྱུང་ཕྲུག་བློ་བཟང་དར་རྒྱས་ལགས་ཀྱི་དཔྱད་རྩོམ་ཞིག༢
                                ཁྱུང་ཕྲུག་བློ་བཟང་དར་རྒྱས།

༼གོང་མཐུད༽ཡང༌། དགེ་འདུན་ཆོས་འཕེལ་ནས་སྔོན་སྲོལ(ཐལ་ཕྲེང་གིས་བརྩམས་པ)དེ་ཉིད་ལས་འགོངས་ཏེ་ཀླུ་སྒྲུབ་དགོངས་རྒྱན་དུ་ཐལ་ཕྲེང་སྣ་གཅིག་ཀྱང་མེད་པའི་སྒོ་ནས་ཟབ་མོ་དབུ་མའི་སྙིང་བོའམ་དཀའ་གནད་གོ་བ་ཆུ་ཐུབ་ཀྱི་རིགས་པ་ལ་བརྟེན་ཏེ། འཛམ་གླིང་མཚན་ཉིད་རིག་པའི་སྤྱི་འགྲོས་ལྟར་ལྷུག་པར་བརྗོད་པས། གངས་ཅན་བོད་ཀྱི་མཚན་ཉིད་རིག་པའི་གཞུང་ལུགས་ཀྱི་ལྡུམ་རར་སྔོན་མེད་རྩོམ་ལུས་ལེགས་པོ་འདི་ཀོ་གསར་དུ་དྲངས་ཞེས་ཕལ་སྐད་རྐྱང་བས་བརྩམས་པ་ལ་སྔོན་གྱི་མཁས་པ་དག་ལས་ཐོད་རྒལ་བྱས་སོང་བར་བསྔགས་པ་བརྗོད་པས་བྲེལ་བ་རྣམས་ནི་ཆོས་འོད་ཟེར་ཅན་དུ་གྲགས་པའི་བྱིན་ནུས་ཀྱིས་གངས་རིའི་ཁྲོད་དུ་སྨྲ་སེང་ཚར་དུ་དངར་པ་ཟམ་མ་ཆད་པར་བྱོན་པ་འདིས་བདེན་དཔང་བྱས་འདུག
ཡང་གཞུང་འདིའི་ཤོག་ངོས་རེ་གསུམ་གྱི་རྒྱབ་ངོས་ན་མཁས་དབང་མཆོག་གིས་ཀྱང་ཕྱོགས་སྔར་ཐལ་ཕྲེང་ལུགས་ཀྱི་ཁྱབ་འགྲིག་རི་མོ་དང་བཅས་ཏེ་བཀོད་ཡོད་པ་རང་ཉིད་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་མེད་ཤས་ཆེ། རྣམ་པ་གཞན་དུ་ན་དེ་སྐད་སྨྲ་བ་བོ་རང་ཉིད་ཚུལ་འདི་ལ་སྦྱངས་མྱོང་མེད་པའི་དན་རྟགས་ཤིག་ཀྱང་སྣང་བར་གྱུར་ན་ཅི་ནས་ཐུགས་ཁག་མི་འདུག་སྙམ་པའང་འཆར།
ཁོ་བོས་ཀྱང་ཁྱེད་དང་ཁྱེད་འདྲ་བའི་ཐལ་ཕྲེང་སྡུག་གུར་བཀྲ་བའི་བསོད་ཟད་ངང་ཚུལ་ཅན་དག་ལ་བསམས་ཏེ་མི་འཇིགས་སེང་གེ་ང་རོ་ཞེས་པ་དགེ་ཆོས་ཀླུ་དགོངས་ཀྱི་རྩོམ་འགྲོས་ཇི་བཞིན་ཐུན་མོང་ཕལ་སྐད་ལམ་ནས་འབྲི་འདུན་ཞིག་སྔོན་མ་ཉིད་ནས་ཡིད་ལ་འཆར་ཟིན་བཀོད་པ་མི་འགྱངས་པར་མིག་གི་བཙས་སུ་འབུལ་རྩིས་ཡོད། བསྡུས་གྲྭ་ཞེས་པའི་རིག་གཞུང་འདི་བོད་མཚན་ཉིད་རིག་པའི་སྙིང་བོ་རྣམས་དངོས་པོ་ངེས་བསྟན་གྱི་ཚུལ་དུ་ཐོག་མའི་སྔོན་འགྲོའི་ལུགས་སུ་བོད་རང་གིས་གསར་གཏོད་ཀྱི་རིག་གཞུང་ངོམ་རི་བ་ཞིག་ཏུ་བཞག་ཆོག་ཅིང༌། དེ་ལྟར་ན་དོན་གྱིས་ཚད་མའི་གཞུང་ལུགས་ལས་ལོགས་སུ་མ་གྱུར་པའང་ཤེས་སོ། །
དེས་ན་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ནོར་དུ་ཤེས་དགོས་པ་ལས་བསྡུས་གྲྭ་ཞེས་པ་ཚད་མ་དང་མིང་མི་གཅིག་པ་ཙམ་གྱིས་འཁྲུལ་བར་མི་བྱའོ། །ཕྱི་མ་དེ་ནི་རང་ཉིད་ཀྱི་ནང་ཆ་ཕྱི་རུ་ཕུད་པ་ཙམ་ལས་བོད་རང་ལ་ཡ་མཚན་པའི་རྩོམ་སྟངས་སྣ་ཚོགས་འདུག་པར་རྗེས་སུ་ཡི་རང་བྱ་སྟེ། གཞན་དུ་ན་མཁས་པའི་བརྒྱ་ཆའི་དགུ་བཅུ་མཁས་མིན་དུ་འགྱུར་བ་དང༌། ཐལ་ཕྲེང་གི་ལུགས་སུ་མ་བརྩམས་ཤིང་ཐོག་མཐའ་ཀུན་ཕལ་སྐད་རྐྱང་བས་བརྩམས་པའི་མཚན་ཉིད་རིག་པའི་གཞུང་བོད་རང་ན་ཉི་མ་ལྟར་གྲགས་པ་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེ་ཆུང་དང་དྲང་ངེས་རྣམ་འབྱེད་ཀྱི་བསྟན་བཅོས་སོགས་ཤིན་ཏུ་མང་པོ་བཞུགས་པ་མ་ཤེས་མ་མཐོང་པ་ནི་ཅུང་ཟད་ཡིད་ཕངས་པའི་གནས་སོ། །དེས་ན་སྔོན་མེད་ཀྱི་རྩོམ་ལུས་ལེགས་པོ་ཞེས་སྨྲས་པའང་ཐལ་ཆེས་པའི་བསྔགས་བརྗོད་དང་ལྷན་དུ་གཞན་ལ་ངན་སྨྲས་ཀྱི་སྡིག་པ་ཚན་པོ་ཆེ་ཞིག་ཀྱང་བསགས་པར་གྱུར་ཡོད་པ་ཤེས་ན་ལེགས། འཇིག་རྟེན་ཁ་དཔེར། བསྟོད་མི་ཤེས་པས་བསྟོད་པ་ལས། སྨད་ཤེས་པ་ཞིག་གིས་སྨད་ན་མཛེས་ཞེས་པ་ལྟར་རོ། །
གོང་གསལ་གྱི་རིགས་པས་སྨྲ་བ་བོ་དེ་དག་རང་བཞིན་གྱིས་ཝ་སྐྱེས་སེང་ལྤགས་གྱོན་པའི་བརྟུལ་ཞུགས་སུ་གསལ་བར་བྱས་ཤིང༌། ཕྱིན་ཆད་རིག་པའི་གནས་ཀྱི་རྩོམ་པ་སོགས་བྱེད་སྒོ་ཅི་རིགས་དང་སློབ་གྲྭ་ཆེ་འབྲིང་སོགས་རིག་པའི་སྡེ་ཚན་གྱི་འཆད་སྟེགས་འགྲིམ་དུས་བག་ཡོད་བསྟེན་ན་ལེགས་ཏེ། གཞན་དུ་ན་གསར་སློབ་གཞོན་ནུ་རྣམས་མགོ་དཀྲུགས་པའི་རྐྱེན་དུ་འགྱུར་ངེས་པ་མ་ཟད། རིག་པའི་གནས་འདི་དག་གི་འཕེལ་རྒྱས་ལའང་གནོད་པ་ཆེན་པོ་འབྱུང་བར་འགྱུར་བས་གཟབ་པར་བྱ། ལྷག་པར་དུ་ངེད་ཅག་རིག་པའི་གནས་ཀྱི་འགན་འཁྲི་བཟུང་བ་རྣམས་ལ་མཚོན་ན་ཆེས་མི་འོས་ཤིང་ཤེས་པ་རང་བཞིན་དུ་མི་གནས་པའི་རྟགས་མཚན་བླ་ན་མེད་པ་ལྷང་ལ་བུད་པ་ཁོ་ནའོ། །
ད་དུང་དཔལ་ཆོས་ཀྱི་གྲགས་པས་སྔོན་གྱི་རིག་བྱེད་གཏམ་རྒྱུད་དང་ལྷ་སྒྲུང་རང་བཞིན་དག་ལ་བདེན་དངོས་མ་ཡིན་པའི་སུན་འབྱིན་བགྱིས་ཡོད་པ་སྟེ། རྒྱ་གར་དང་ལང་ཀའི་བར་ན་བྲག་བརྒྱུད་ཡོད་པ་ལ་གྲོག་མཁར་གྱིས་སྤྲེའུའི་ཟམ་པ་དང༌། དྲང་སྲོང་རྒྱས་པས་དེ་སྲིད་སྒྲུབ་ཀྱིས་མདའ་འཕངས་ནས་བཙུགས་ཟེར་བ་ལ་ཡོངས་གྲགས་ཡིན་པས་འཇིག་རྟེན་རྣམས་མི་སྨོད་པ་ལ་ཐུགས་མཚར་དུ་མཛད་ཅེས་གསུངས་པ་ནི་མཁས་དབང་དགེ་ཆོས་རང་ཉིད་ཕྱི་ནང་ཆོས་ལུགས་དག་ལས་འབྱུང་བའི་ལྷ་སྒྲུང་མཚར་གཏམ་རྣམས་ལ་ཐུགས་མི་རྟོན་པ་གསལ་བར་མཚོན་པ་མ་ཟད་བདེན་པ་དངོས་ཡོད་རིང་ལུགས་ལ་ཐུགས་ཡིད་ཤོར་འདུག་པ་མཐོང་ཐུབ་བོ། །
འདིས་སྔོན་ཆད་མཁས་དབང་གང་ཉིད་ལ་ཕྱི་རོལ་པའམ་དངོས་གཙོ་སྨྲ་བའི་ལྟ་བའི་རྗེས་འབྲང་ཞེས་སྨོད་པ་སྣ་ཚོགས་བྱས་སོང་བའང་ད་ལྟ་བསམ་ན་ཁོང་ནི་དེ་ལས་ལྡོག་སྟེ་ཆེས་སྔོན་ཐོན་ཅན་ཞིག་དང་ཆེས་སྤོབས་པ་ལྡན་པ་ཞིག་ཏུ་ངོས་འཛིན་བྱས་ཆོག་པར་སེམས།
ཡང་ཁོང་གིས། འདིའི་སྐོར་ལས་བརྩམས་ཏེ་གསང་གཏམ་མང་པོ་ཞིག་སྨྲ་རྒྱུ་ཡོད་ཀྱང་ད་དུང་སྐབས་མ་རྙེད་ཅེས་དང༌། བསམ་གྱིན་བསམ་གྱིན་འཇིགས་དྲགས་ཏེ་འདིར་བཀོད་མ་ནུས་ཞེས་དང༌། ཨ་ཧ་ཁོས་བསྟན་བཅོས་ཤིག་བརྩམས་སོ་བྱ་བ་དང༌། ཁོས་ཁོ་རང་གི་གསུང་འབུམ་ཞིག་བྲིས་སོ་སོགས་ཀྱི་སྒྲ་དང་དེའི་བརྗོད་འདོད་ཀྱི་ཀུན་སློང་སོགས་ཁོ་བོས་ག་ལ་བརྗེད་པར་ནུས་ཞེས་གསུངས་པ་ལས་སྐབས་དེའི་བོད་སྤྱི་ཚོགས་ཀྱི་གནས་བབ་ལས་ཤེས་ཡོན་ཅན་གྱི་ཐོབ་ཐང་དང༌། ཁྱད་པར་དུ་སྔོན་མེད་ཀྱི་གསར་བཤད་བྱེད་པ་ལ་མཁས་པ་དགེ་བཤེས་ཀྱི་མཚན་སྙན་འཛིན་པ་  རྣམས་ཀྱིས་ཕྲག་དོག་དང་བརྙས་དམོད་ཅི་འདྲ་གནང་སོང་བ་ཤེས་ཐུབ་ཅིང༌། དུས་དེ་ཙ་ན་མཁས་པ་གཉོམ་ཆུང་ཁོང་ཉིད་ལ་མིག་སེར་ཅན་གྱི་དངོས་ཤུགས་གང་རུང་བརྒྱུད་ནས་གཅར་རྡུང་སོགས་ཀྱི་ཉེན་ཁ་ལའང་ཕྲད་སོང་བར་རཀ་ར་ཐུབ་བསྟན་ཆོས་དར་གྱིས་མཛད་པའི་ཁོང་གི་ལོ་རྒྱུས་སུ་གསལ་བ་ལྟར་དང༌། ཡང་ཕྱོགས་གཞན་ཞིག་ནས་བསམ་ན་ཁོང་ཉིད་ནི་རྙེད་པ་དང་བཀུར་སྟི་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་བོ་རྩད་ནས་བསྙམ་པའི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པ་ཡང་ར་སྤྲོད་བྱས་སོང་བར་སེམས་སོ། །
འདི་ནི་ཁོ་བོའི་དགེ་རྒན་བཀའ་དྲིན་ཅན་སྨྲ་བའི་སེང་ཆེན་བསམ་གཏན་རྒྱ་མཚོའི་ཞལ་ནས། ངེད་གཉིས་ཕ་ཡུལ་གཅིག་པའི་གྲོགས་པོར་སོང་གཤིས་ཕན་ཚུན་ལ་འགྲོ་འོང་དང་འདྲིས་ཆ་མི་དམན། དགེ་ཆོས་ཁོང་ཉིད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་དུ་ཡོད་པ་ལས་ཁོང་གི་རྒྱུན་གྱི་འཚོ་བར་ཁྱད་ཆོས་ཤིག་ཡོད་པ་ནི། ཁོ་ལ་འཚོ་བའི་ཆ་རྐྱེན་འཚོལ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་དུ་མ་ཡོད་ཀྱང༌། ནམ་རྒྱུན་ལྟོ་སྐྱ་གོས་ཧྲུལ་དང་འདོད་ཆུང་ཆོག་ཤེས་ཀྱིས་བཞུགས་པ་ནི་ངེས་པར་ཡ་མཚན་པ་འཕགས་པའི་རིགས་ཤིག་ཏུ་གསལ①ཞེས་གསུངས་པའང་གོང་གི་ཚུལ་དེ་དང་མཚུངས་པར་གྱུར་པ་ལྟར་རོ། །
དེ་ནས་ཕར་ཕྱིན་གྱི་རྩ་བ་མངོན་རྟོགས་རྒྱན་ལས། གང་དང་ཡང་དག་ལྡན་པའི་ཞེས་པ་ལ་སྐད་དོད། ཡ་ཡཱ། གང་དང་སྟེ་ལྷན་ཅིག་པའི་དོན་ལ་རྣམ་དབྱེ་གསུམ་པ་ཡོད་པ་འདི་འདྲ་ཡང་རྣམ་དབྱེ་བཞིན་བསྒྱུར་མི་བཏུབ་པ་ནི་མིན་ཏེ་དཔེར་ན་འདིར། གང་གིས་ཡང་དག་འགྲོགས་པའི་ཞེས་བསྒྱུར་རུང་བར་གསུངས་པ་ཡང་སྔོན་མ་ལས་གོ་དོན་ཇེ་གསལ་དུ་སོང་ཡོད་པ་དང༌། དེའི་འོག་གི་ཚིགས་བཅད། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། །ཞེས་པ་ནས། བྱ་བ་རྩོམ་པའི་དགོས་པ་ཡིན། །བར་གྱི་ཚིག་རྐང་དག་གི་གོ་རིམ་སྔོན་གྱི་འགྱུར་དང་མི་མཐུན་པར་གྱུར་པ་ནི་ཁོང་གིས་གསུངས་པ་ལྟར་ངེད་ཅག་ལ་གོ་དོན་སྦྱོར་བདེ་བའི་ཕྱིར་གོ་རིམ་བསྒྲིགས་པ་ལས་མངོན་རྟོགས་རྒྱན་བཅོས་པ་ག་ལ་ཡིན།
ད་དུང་དེའི་ནང་གི གཞན་གྱིས་མྱོང་བ་མ་ཡིན་དེ། །ཞེས་བྱ་བའི་དེ་སྒྲ་དེ་ནི་ངེས་བཟུང་ཡིན་གྱི་ལྷག་བཅས་མ་ཡིན་པར་གསལ་ཞེས་གསུངས་པ་ནི་ངེས་པར་བདེན་མོད། འོན་ཀྱང་འདི་ཉིད་ནི་ལོ་བརྒྱ་ཕྲག་ལྔ་ལྷག་གི་སྔོན་ནས་རྗེ་ཙོང་ཁ་པ་ཡབ་སྲས་ཀྱིས་ཀྱང་དེ་ལྟར་བཀྲལ་འདུག་པ་ལགས་ཏེ། ལེགས་བཤད་གསེར་ཕྲེང་ལས། སྟོན་པ་སངས་རྒྱས་ཀྱིས་ཡུམ་འདི་ལས་བཤད་པའི་རྣམ་མཁྱེན་སངས་རྒྱས་ཁོ་ནའི་ལམ་གང་ཡིན་པ་དང༌། དེས་མཚོན་པའི་ལྷག་མ་བདུན་དང་བཅས་པའོ། །ཉིང་དགོས་ནི། བྱང་སེམས་ལས་གཞན་གྱིས་མྱོང་བ་མ་ཡིན་པའི་རྣམ་མཁྱེན་དེ་བློ་དང་ལྡན་པ་བྱང་སེམས་ཀྱིས་ཡུམ་གྱི་མདོ་ཡི་དོན་དངོས་བརྒྱད་ཇི་བཞིན་དུ་ངེས་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་དང༌། ཆོས་ཏེ་སྒྲུབ་པའི་སྤྱོད་པ་ཕར་ཕྱིན་བཅུ་ཤེས་བཞིན་དང་བཅས་པའི་དྲན་པ་ལ་བཞག་ནས་ས་བཅུ་བགྲོད་དེ་མཐོང་བ་སྟེ་མངོན་དུ་བྱེད་པར་འགྱུར་བའོ②ཞེས་གསུངས་པ་ལྟར་གསང་སྔགས་རྙིང་མའི་མཁས་མཆོག་རྫ་དཔལ་སྤྲུལ་གྱིས་མཛད་པའི་ཕར་ཕྱིན་སྤྱི་དོན་ལས་ཀྱང་ཚིག་དོན་ཇི་མ་ཇི་བཞིན་དུ་འབྱུང③། འདི་དང་འདི་འདྲ་བའི་རིགས་ལ། དེང་དུས་ཀྱི་ཐོས་ཆུང་འགའ་ཞིག་ཚིག་དོན་འདྲ་བ་རེ་མཐོང་ཚེ་དགོས་དོན་དང་དགོངས་པ་ལ་མི་དཔྱོད་པར་ཐད་ཀར་དམོད་པ་ལ་བྲེལ་བ་ནི་གཟུ་བོར་མི་གནས་པའི་ཉི་ཚེ་བའི་རྟགས་མཚན་ཁོ་ནའོ། །འོན་ཀྱང་རྙེད་བཀུར་ཁོ་ན་ལ་སྲེད་དེ་གཞན་རྩོམ་ལ་ཕྱག་རིང་བསྲིང་བའི་བརྐུ་བཤུས་མཁན་པོ་རྣམས་ད་ལྟ་ཉིད་ནས་བག་ཡོད་བསྟེན་དགོས་པ་གལ་ཆེ་བར་མཐོང་ངོ༌། །
རྣམ་བཤད་སྙིང་བོ་རྒྱན་ལས། བསྟན་བཅོས་འདི་རྟོགས་པར་བྱ་བའི་དོན་ཁྱད་པར་ཅན་དང་ལྡན་པ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་མངོན་སུམ་དུ་གཟིགས་ཤིང་དེར་བགྲོད་པའི་ལམ་ཆོས་བཅུ་གནས་སྐབས་བརྒྱད་ཀྱིས་ཕྱེ་བ་སྟོན་པའི་ཡུམ་གསུམ་པོ་འདི་ལས་བཤད་པ་གང་ཡིན་པ་དེ་བརྗོད་བྱར་གཏན་ལ་འབེབས་པའི་ཕྱིར།
མངོན་རྟོགས་བརྒྱད་ཀྱི་རིམ་པ་དེ་ཆོས་ཅན། གང་ཟག་གང་ཡང་རུང་བས་རྫོགས་པར་ཉམས་སུ་མྱོང་བ་མ་ཡིན་ཏེ། ཕྱི་རོལ་བ་དང་ཉན་རང་སོགས་གཞན་གྱིས་མྱོང་བླ་ན་མེད་པ་ཡིན་པའི་ཕྱིར④ཞེས་དང༌། རྟོགས་དཀའི་སྣང་བར། གང་རྟོགས་པ་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་ཉིད་ལམ། སྟོན་པས་འདི་ལས་བཤད་པ་གང༌། གཞན་གྱིས་མྱོང་བ་མིན་པ་དེའོ། །རྟོགས་པའི་ཡང་དགོས་པ་ནི། མཐོང་འགྱུར་ཕྱིར་དུའོ། །སུས་ན་བློ་དང་ལྡན་པས་སོ། །⑤ཞེས་འབྱུང༌། བཀའ་བརྒྱུད་པའི་ཕར་ཕྱིན་ཡོངས་འདུ་ས་བརྟོལ་ལྗོན་པ་རྒྱས་པ་ལས་ཀྱང༌། ཕྱི་རོལ་པ་དང་ཕྱི་རོལ་པ་ལས་ཅིག་ཤོས་ཉན་རང་གི་འདོད་ཆགས་དང་བྲལ་བ་དགྲ་བཅོམ་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་ལས་བྱུང་བ་ལ་སོགས་པས་བསམ་པ་དང་བསྒོམ་པ་ལས་བྱུང་བའི་ཤེས་པ་སྐྱེ་བའི་རིམ་གྱིས་མ་མྱོང་བའི་ཆོས་སྐུ་དེ་ནི་བྱང་ཆུབ་སེམས་དཔའི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྒྲུབ་པ་ལ་ཐབས་ཡོངས་སུ་རྫོགས་ཏེ⑥ཞེས་གསུངས། ཚུལ་འདི་ལ་བཤེས་གཉེན་བཀའ་དྲིན་ཅན་སྨྲ་བའི་སེང་ཆེན་ལྷ་སྡེ་དགེ་འདུན་བསྟན་འཛིན་རིན་པོ་ཆེའི་ཞལ་སྔ་ནས་ཀྱང༌། རེབ་གོང་ཤར་སྐྱབས་མགོན་སྐུ་ཕྲེང་བདུན་པའི་ཡོངས་འཛིན། སྨྲ་བའི་སེང་གེ་ཁོང་ཨ་ཁུ་དཔྱི་ས་བློ་གྲོས་རྒྱ་མཚོས། རོང་བོ་དགོན་ཆེན་ནས་ཕར་ཕྱིན་མངོན་རྟོགས་རྒྱན་གྱི་པར་གསར་བཞེངས་ཀྱི་སྐབས་སུ་ཞུས་ཆེན་གནང་སྟེ། སྐབས་འདིར་དེ་ཞེས་པ་རྗེ་ཡབ་སྲས་སོགས་བོད་ཀྱི་མཁས་པ་ཕལ་མོ་ཆེའི་བཀྲལ་དོན་བཞིན་ངེས་བཟུང་གི་དོན་དུ་དགོངས་ཏེ། དེ་བཞིན་དུ་པར་དུ་བརྐོ་གནང་མཛད་པ་ལ། སྐབས་དེར་གཞུང་ལུགས་རབ་འབྱམས་སྨྲ་བ་དགེ་བཤེས་ཅོ་རིང་མ་ཞུ་བས་དེ་ལྟར་མི་འཐད་པའི་ཀླན་ཀ་བྱས་པར་མ་ཟད། ད་དུང་མདོ་དབུས་ཁམས་གསུམ་གང་ན། གཞན་གྱིས་མྱོང་བ་མ་ཡིན་དེ། །ཞེས་པ་ལྟར་གྱི་པར་མ་ཞིག་ཡོད་ན་ཁས་བླངས་ན་ཆོག་ཀྱང་དེ་འདྲའི་པར་ཞིག་རྩ་བ་ནས་རྙེད་རྒྱུ་མེད་ཅེས་གཏན་ཚིགས་བཀོད་པ་ལ། རེ་ཞིག་དེ་འདྲའི་པར་གྱི་མ་ཡིག་ཅིག་ཏག་ཏག་རྙེད་དཀའ་བ་བྱུང་བས་ཡི་གེ་དེ་ཉིད་བཅའ་ཐབས་བྲལ་སོང་ནའང་དུས་རབས་གསར་པའི་པར་གཞི་འདིར་སླར་ཡང་དག་པ་ལྟར་བཅོས་ཡོད་ཅེས་ཕར་ཕྱིན་གཟབ་ཁྲིད་ཀྱི་སྐབས་སུ་གསུངས⑦།
ཚུལ་འདིས་སྔོན་གྱི་མོན་ཡུལ་རྡོར་གཅོད་ཀྱི་གཏམ་རྒྱུད་དེ་དྲན་པར་བྱེད་ཅིང༌། ཞར་ལ་འོ་སྐོལ་བོད་ཀྱི་བཅོས་སུ་མེད་པའི་བག་འཁུམས་མཁྲེགས་འཛིན་གྱི་བརྟུལ་ཞུགས་ཀྱང་མངོན་སུམ་དུ་མཐོང་གསལ་ལྟར་རོ། ། དེ་ལྟ་ནའང་སྔོན་བྱོན་མཁས་དབང་དེ་དག་གིས་ཡིག་འབྲུ་གཅིག་གམ་ཚིག་ཕྲད་གཅིག་ཙམ་གྱི་དོན་དུ་འདི་འདྲའི་གཙིགས་ཆེན་དང་དཔྱད་འཇོག་བགྱི་བ་ནི་རང་གི་རིག་གནས་དང་སྐད་ཡིག་ལ་དག་ཐེར་བླ་ན་མེད་པ་གནང་བའི་བཀའ་དྲིན་དུ་ཤེས་པར་བྱ་བ་ལས། དེང་དུས་ཀྱི་བོད་རིག་པ་ལ་གཅེས་སྤྲས་དང་མཐོང་གཟོས་ལྟ་ཅི། ད་དུང་ཕ་ནོར་རྒྱབ་ཏུ་གཡུགས་ཏེ་གཞན་གྱི་ཁ་ཆུ་ལྡག་པའི་ཤེས་རློམ་སྙིང་ཁམས་ཅན་གྱིས་ཐན་དུ་སྨྲ་བ་དག་དང་གཏན་ནས་མི་མཚུངས་པ་ཤེས་དགོས་སོ། །
ཡང་འདིར། ཤེས་རབ་ཕ་རོལ་ཕྱིན་པ་ནི། །དངོས་པོ(ཚིག་དོན)བརྒྱད་ཀྱིས་ཡང་དག་བཤད། །ཅེས་ཚིག་དོན་གྱི་འབྲུ་བསྣན་ཏེ་བཤད་པ་ནི་བོད་ཀྱི་ཕར་ཕྱིན་མཁན་པོ་རྣམས་ཀྱིས་འབྲུ་འགྲེལ་རྟ་མོག་གི་སྤུ་བཞིན་སྣ་ཚོགས་སྨྲ་ནའང༌། རྗེའི་ལེགས་བཤད་གསེར་ཕྲེང་ལས། དོན་བསྡུས་སྒྲོན་མེར། མངོན་རྟོགས་ཤེས་རྒྱུད་རིམ་པ་སྟེ། །དངོས་པོ་བརྒྱད་ནི་བརྗོད་བྱ་ལ། །སྐབས་ནི་རྗོད་བྱེད་ཤཱན་ཏིས་གསུངས། །ཞེས་པ་ཤཱན་ཏི་པའི་གཞུང་ལ་གསལ་ཁ་མི་སྣང་ཡང་དེ་བཞིན་དུ་འདོད་པར་བྱའོ། །ཞེས་པ་དང་དགོངས་པ་གཅིག་ཏུ་འབབ་པས་ངེས་པར་ལོ་ཙཱ་པ་ཆེན་པོའི་ལེགས་པར་བཤད་པ་འདི་གོ་བདེ་བའི་ལེགས་བཤད་ཉིད་དུ་ཤེས་སོ། །
ཡང༌། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། ལྷ་ཡི་རྒྱལ་བོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱུང་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ཞེས་པའི་ཚིགས་བཅད་དག་ཁོ་བོ་ལ་སྔོན་མར་དོགས་གཞི་མང་པོ་ཞིག་ཤར་བྱུང་ཡང་ཕྱིས་སུ་ལེགས་སྦྱར་བང་མཛོད་འདིར་ལེགས་སྦྱར་རྒྱ་དཔེའི་ཁུངས་དང་བཅས་ཏེ་གསལ་བར་མཐོང་བ་འདིས་བོད་སྔ་རབས་ཀྱི་གྲུབ་མཐའ་གཞན་པའི་གཞུང་ན་ཚིག་རིས་འདི་ཇི་བཞིན་སྣང་བ་ལ་ཡང་ལོ་སྟོང་ཕྲག་དུ་མའི་ཧེ་བག་དང་རྩོད་པ་མི་དགོས་པར་རང་ཉིད་ཀྱི་བཅོས་མའི་རང་གཟུགས་དངོས་སུ་ལྷང་ལ་བུད་པ་དང༌། ཕྱི་མའི་ཚིགས་བཅད་དེ་ཉིད་འགྲེལ་ཆེན་དྲི་མེད་འོད་དུ་ཚིག་རིས་ཇི་བཞིན་བྱུང་བའང་གོང་གསལ་གྱི་རིགས་བསྒྲེ་བཞིན་ཕྱིས་སུ་བཅུག་པ་ཡིན་སྙམ་སྟེ་གསལ་བར་ཤེས་འདོད་ན་མཁས་གྲུབ་སྨྲ་བའི་ཉི་མས་མཛད་པའི་འགྲེལ་ཆེན་དེ་ཉིད་སྣང་བ་ལ་མཇལ་ཏེ་ཤེས་པར་བྱའོ། །
དེ་ནས་རྩ་ཤེའི་མཆོད་བརྗོད་ལ་ཚིགས་བཅད་གཉིས་ཡོད་པ་ལས། དང་པོ་སྤྲོས་པའི་མཐའ་བརྒྱད་བཀག་པ་ཤོ་ལོ་ཀ་གཅིག རྟེན་ཅིང་འབྲེལ་འབྱུང་གསུངས་པ་རྣམས་ཀྱི་དམ་པ་སྟོན་པ་ཤོ་ལོ་ཀ་གཅིག་ཏུ་བགོས་ཏེ། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་ཞེས་པའི་རྐང་པ་ཚིགས་བཅད་ཕྱི་མའི་མགོར་སྦྱར་ཡོད་པས་སྔོན་གྱི་འགྱུར་ལས་གོ་རིམ་ཅུང་མི་མཐུན་པར་གྱུར་སོང་པ་ནི་དོན་གྱི་གནད་དང་ཚིག་གི་བབ་ལ་འཁེལ་ཡོད་པར་ཤེས་ན་འདི་འདྲའི་བཀའ་དྲིན་གཞལ་དཀའ་བ་མ་ཡིན་ནམ།
དབུ་མ་འཇུག་པའི་ཚིགས་བཅད་བཞི་ལེགས་སྦྱར་རྒྱ་དཔེ་དང་གཏུགས་ཏེ་ཇི་བཞིན་དྲངས་ཡོད་པ་ནི། དེ་སྔ་བོད་ཀྱི་བསམ་ཡས་ཆོས་རྩོད་དུ་གྲགས་པ་སྟེ་སློབ་དཔོན་པད་མའི་ངང་ཚུལ་དང་རྒྱ་ནག་ཧ་ཤང་གཉིས་ཀྱི་རྩོད་པའི་རྒྱུན་ལྷག་པ་དང༌། ཡང་དེའི་ཕྱིས་ཀྱི་དབུ་མའི་མཁན་པོ་རྗེ་མཉམ་མེད་རེད་མདའ་བ། རྗེ་ཙོང་ཁ་པ། མཁས་གྲུབ་སྨྲ་བའི་ཉི་མ། ཀུན་མཁྱེན་རོང་སྟོན་ཆེན་པོ། གོ་བོ་རབ་འབྱམས་པ། པཎ་ཆེན་ཤཀ་མཆོག་པ། སྟག་ཚང་ལོ་ཙཱ་བ་རྣམས་ཀྱིས་རྩོད་པའི་རྩ་བར་གྱུར་པ་སྟེ། ཀུན་རྫོབ་ཀྱི་བདེན་པ་འཇོག་བྱེད་དང༌། དེ་ཉིད་ཐ་སྙད་དུ་ཚད་མས་གྲུབ་མ་གྲུབ་ཀྱི་འགལ་འདོད་བྱུང་བའི་འཕྲོས་གཞི་དག་ཡིན་ལ། དོན་གྱི་འགངས་འདིར་གཟིགས་ནས་དགེ་ཆོས་ཁོང་ཉིད་ཀྱིས་ཀྱང་བོད་ཀྱི་མཁས་ཆེན་གོ་སྟག་སོགས་ཀྱི་ཀུན་རྫོབ་བདེན་པ་ཚད་མས་མ་གྲུབ་པའི་རིགས་པའི་འགྲོས་ལས་བརྩམས་ཤིང༌། རྗེ་ཙོང་ཁ་པས་ཀུན་རྫོབ་ཀྱི་བདེན་པ་ཡོད་ཚད་ཐ་སྙད་དུ་ཚད་མས་གྲུབ་པར་བཤད་པ་ལ་དོགས་པ་བསླངས་ཏེ། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །ཞེས་པའི་ཚིགས་སུ་བཅད་པ་འགའ་སྦྱར་བ་དེ་ཉིད་ད་ལྟའི་ཁོང་གི་བརྩམས་ཆོས་སུ་གྲགས་པ་ཀླུ་སྒྲུབ་དགོངས་རྒྱན་གྱི་ནང་དུ་གསལ་བ་ལྟར་རོ། །
དེ་ནས་སྤྱོད་འཇུག་གི་ཚིགས་བཅད་འགའ་ཡར་དྲངས་པ་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་འདི་དག་ཅི་ལས་བྱུང༌། །དེས་ན་མེ་ཚོགས་བྱ་བ་མ་དག་པ་འདི་ལགས་ཞེས་སྟི་ཡ་བུད་མེད་ཀྱི་སྐད་དོད་ཡོད་པས་མོ་ཚོགས་སུ་བསྒྲུབས་པ་བདེན་འདུག་ཀྱང༌། ཁོང་དང་ལོ་བརྒྱ་ཕྲག་ལྔ་ལྷག་གི་སྔོན་ནས་རྒྱལ་ཚབ་དར་མ་རིན་ཆེན་གྱིས་བརྩམས་པའི་སྤྱོད་འགྲེལ་རྒྱལ་སྲས་འཇུག་ངོགས་ལས་འགྱུར་བཅོས་བྱས་ཟིན་ཡོད་པས་མཚར་པ་ཉིད་དུ་མི་སེམས་སོ། །དེས་ན་གོང་དུ། སྤྱོད་འཇུག་ཏུ་ཡིག་ནོར་ཁ་ཤས་མཁས་པ་འགའ་རེས་ངོས་བཟུང་ཞེས་བཤད་པའང་རྒྱལ་ཚབ་ཆོས་རྗེ་སོགས་ཡིན་སྙམ། ལར་ཁོང་གིས་སྤྱོད་འཇུག་ལ་འགྱུར་བཅོས་དང་འཁྲུགས་སྡེབ། ཆད་གསབ་མཛད་པ་རྣམས་སྔོན་གྱི་མཁས་པས་བཤད་ཡོད་མེད་གང་ལྟར་ཡང་ཁུངས་ལྡན་དོན་གསལ་དུ་བཏང་ཡོད་པ་བསྙོན་མེད་པས་འདི་ཙམ་གྱི་བཀའ་དྲིན་ཡང་གཞལ་དཀའ་བར་སྣང༌།
ཡང༌། མདོ་རྒྱ་ཆེར་རོལ་བར། སྲིད་པའི་སྲེད་པ་མ་རིག་དབང་གྱུར་པ། །ས་སྟེང་ལྷ་ཡུལ་ངན་སོང་གསུམ་གྱི་ལམ། །འགྲོ་བ་ལྔ་ན་མི་ཤེས་སྐྱེ་བོ་འཁོར། །ཇི་ལྟར་རྫ་མཁན་འཁོར་ལོ་བསྐོར་བ་བཞིན། །ཞེས་བསྒྱུར་གནང་མཛད་པ་འདིས་འུ་ཅག་གི་རིག་གཞུང་འདིར་ཆེས་ཟབ་ཅིང་རྒྱ་ཆེ་བར་གྲགས་ཤིང་རྩོད་གཞི་ཅན་དུ་གྱུར་པའི་ཐ་སྙད་དེ། འཁོར་བ་ཞེས་པའི་དོན་ཁ་གསལ་ཞིང་གོ་བདེ་བ་ཉིད་དུ་བྱས་ཡོད་པ་ལགས་ན་ཕྱི་རབས་པ་དག་གིས་བདེན་བཞིའི་རྩོད་ཡིག་རྣམས་ཀློག་པ་ལ་ཚེགས་མེད་བདེ་བླག་ཏུ་རྟོགས་པའི་ལྡེ་མིག་ལྟ་བུ་ཡིན་པ་ཤེས་སོ། །
རང་རེའི་ནང་བསྟན་མཚན་ཉིད་རིག་པའི་གཞུང་དུ། བདེན་མེད། སྟོང་ཉིད། སྤྲོས་མེད། སྒྱུ་མ། སྟོང་གཟུགས་སོགས་ཀྱི་ཐ་སྙད་འདི་དག་སྔོན་གྱི་མུ་སྟེགས་པའི་གཞུང་ནའང་མང་དུ་སྣང་བར་འདི་དང་གཏམ་རྒྱུད་གསེར་གྱི་ཐང་མ་གཉིས་ཀ་ནས་རྩལ་བཏོན་ཏེ་བཤད་ཡོད།
འདིས་ཕྱི་ནང་མཁས་པ་ཀུན་གྱིས་བདེན་པའི་གནས་ལུགས་ཇི་ལྟར་བཙལ་བའི་དགོངས་པ་གཅིག་པར་མཚོན་པ་མ་ཟད། ཚུལ་འདི་ནི་དེང་དུས་ཀྱི་རང་རེའི་ཤེས་ལྡན་འགའ་ཞིག་གིས་ཐུན་མོང་མ་ཡིན་པའི་ཆོས་སྐད་འབའ་ཞིག་ཏུ་བརྩིས་ནས་ཟབ་པར་སྨྲ་བ་དང་འབྲེལ་མེད་ཀྱི་རིག་གཞུང་དུ་བསྒྲགས་ཏེ་རྒྱང་རིང་དུ་འཕེན་པ་ལྟ་བུ་མ་ཡིན་པར་རིས་མེད་ཤེས་བྱའི་ཆོས་ཉིད་གཏན་ལ་འབེབ་བྱེད་ཀྱི་ཐུན་མོང་རྒྱུན་བཀོལ་གྱི་མིང་བརྡ་ཡིན་ཚུལ་ཤེས་ན་འདི་དག་ལ་ནམ་རྒྱུན་བརྡར་ཤ་གཅོད་དགོས་པའི་རིགས་སོ། །
དེས་ན་བོད་རིག་པའི་འཆད་སྟེགས་ན་འགྱིངས་པ་འགའ་ཞིག་གིས་དབུ་མ་དང་སྟོང་ཉིད་སོགས་རང་ཉིད་ལ་ལྐོག་ཏུ་གྱུར་པ་གཞན་ལ་མི་མངོན་པར་བྱས་ཏེ་ངེད་ཅག་ལ་དེ་དག་མི་འཚམ་པ་དང་མི་འབྲེལ་བར་སྨྲ་བ་ནི་གོང་མོ་སྐམ་དུ་བཟུང་ནས་ཕ་གཞིས་རྒྱབ་ཏུ་བསྐྱུར་པ་སྟེ་གསར་སློབ་གཞོན་ནུ་དག་ལ་ཚོད་འཛིན་བག་འཁུམས་ཀྱི་རྒྱུ་ཉིད་དུ་འགྱུར་བ་མིག་མཐོང་ལག་ཟིན་ཡིན་པ་ལྟར་རོ། །
ཀུན་མཁྱེན་འཇམ་བཞད་ཀྱི་གྲུབ་མཐའ་རྩ་འགྲེལ་སོགས་ན། སྐྱབས་འགྲོས་མིན་དང་སྟོན་པ་གཅིག་འདོད་འཁྲུལ། །ཞེས་དང༌། ལྕང་སྐྱའི་གྲུབ་མཐའ་ལས། ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པ་འདི་ནི་དཔལ་ཤན་ཏི་པ་དང་མཉམ་མེད་ཇོ་བོ་ཆེན་པོ་དང་རྗེ་བདག་ཉིད་ཆེན་པོའི་བཞེད་པ་ཡིན་ཏེ་གནད་ཤིན་ཏུ་ཆེའོ་ཞེས་པ་ལྟར་ན། མཁས་དབང་འདི་ཉིད་ཀྱིས་འདིར། ཁོ་བོ་ནི། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཅིང༌། དེ་ལས་གཞན་པའི་སྐྱབས་གནས་ཀྱང་ཡོད་པར་འདོད་པ། འདི་གང་གི་མཚན་ཉིད་ཡིན་པ་སྔར་དགེ་རྒན་ལ་དྲི་རྒྱུ་བརྗེད་པས་གྲུབ་ མཐའ་སྨྲ་བ་ཕུང་གསུམ་འདི་དག་གར་གཏོགས་ཀྱང་མ་ཤེས། ཞེས་བོད་ཀྱི་གྲུབ་མཐའ་མཁན་པོ་རྣམས་ལ་བཤད་ཐབས་འཇམ་པོས་འགོག་པར་མཛད་པ་དང་ཁོང་གི་ངག་སྒྲོས་སུའང༌། རྒྱ་གར་རང་ན་མུ་སྟེགས་པའི་ལྷ་ཁང་དུ་ཡི་དམ་གྱི་ལྷ་དཔལ་རྟ་མཆོག་རོལ་པ་དང་རྡོ་རྗེ་འཇིགས་བྱེད་སོགས་ཀྱི་འདྲ་སྐུ་བཞུགས་པར་གྲགས་པ་ལྟར་ན་ཕྱི་བས་ནང་ལྷར་སྐྱབས་སུ་འགྲོ་བ་དང་ནང་བས་ཕྱི་ལྷར་སྐྱབས་སུ་འགྲོ་བ་སྲིད་པས་སྤྱིར་ཆོས་ལུགས་གྲུབ་མཐའ་རྣམས་གཅིག་ལ་གཅིག་འདྲེས་སུ་གྱུར་ཡོད་པ་ཤེས་ཤིང༌། ད་ལྟ་དུས་རབས་འདིར་མཚོན་ན་ཡང་རྒྱལ་ཁབ་དང་ཡུལ་ལུང་མི་གཅིག་པ་དག་ན་མི་རིགས་རང་རང་གི་ཐུན་མོང་མ་ཡིན་པའི་གོམས་སྲོལ་དང་ཆོས་ལུགས་ཡོད་བཞིན་དུ་ནང་བསྟན་ལ་རབ་ཏུ་བྱུང་བ་དང་ནང་བའི་ལྷ་དང་མཁས་པ་ལ་དད་མོས་དང་དགའ་གུས་བཅོས་མིན་དུ་ཡོད་པ་ཤིན་ཏུ་མང་པོ་མཐོང་རྒྱུ་དངོས་སུ་འདུག་པ་དག་ཀྱང་ནང་བའི་རྗེས་འཇུག་ཉིད་དུ་ཁས་བླངས་ན་ཆོག་པར་འདོད།
འོ་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་བར་མི་འགྱུར་རམ་ཞེ་ན། དེ་ནི་དེ་སྔོན་འོ་སྐོལ་བོད་འདིར་བཙན་པོ་སྲོང་བཙན་གྱི་ཡར་སྔོན་དག་ལ་གདོད་མའི་ཆོས་ལུགས་ཀྱི་ཆོ་ག་དང་འཇིག་རྟེན་པའི་ཡུལ་ལྷ་གཞི་བདག་ལ་མཆོད་བཀུར་བྱ་སྲོལ་རྒྱ་ཆེར་དར་པའི་ཤུགས་རྐྱེན་གཏིང་ཟབ་པའི་རྒྱུ་མཚན་གྱིས། འཕྲལ་མ་ཉིད་དུ་བཅོས་སྒྱུར་དང་དང་ལེན་བྱ་དཀའ་བའི་གནས་སུ་གྱུར་པ་ལ་བརྟེན། རྒྱལ་བློན་དག་གིས་མཁན་ཆེན་ཞི་བ་འཚོ་དང་ཇོ་བོ་ཨ་ཏི་ཤ་སོགསཆེད་དུ་གདན་དྲངས་ཏེ་བོད་ཀྱི་གནས་བབ་ལྟར་ནང་བསྟན་སྤེལ་བ་ཤེས་ཐུབ་པས་ཕྱི་རབས་མཁས་པ་དེ་དག་གིས་ཀྱང་དོན་གྱི་དབང་འདི་འདྲ་ལ་གཟིགས་ཏེ་གུ་དོག་པོའི་གཞུང་ལུགས་དང་བསླབ་བྱ་དེ་འདྲ་གནང་བ་ལས་མཐའ་གཅིག་ཏུ་མུ་སྟེགས་ལ་སྨད་པ་ཁོ་ན་མིན་པར་སེམས་སོ། །
དེར་བརྟེན་རང་རེའི་མཁས་པ་མང་པོ་ཞིག་གིས་མུ་སྟེགས་ཀྱི་ལུགས་ལས་ཕྲ་ས་ཉག་ས་རྩོག་ས་ཐམས་ཅད་ནན་གྱིས་བཙལ་ནས་བཀག་ཡོད་པ་ལ་དགེ་ཆོས་ཁོང་གིས། ཆག་གྲུམ་ཆ་ཤས་ཆེད་དུ་བསལ་པ་ལ། །ཕྱོགས་སྔའི་འབེན་དུ་བཀོད་དེ་མཚོན་བསྣུན་པའི། །རང་སྡེའི་མཁས་པའི་དགྲ་ལྷ་དཔུང་བསྟོད་འདིས། །གཞན་སྡེའི་དཔའ་པོ་ད་དུང་བསད་པ་མིན། །ཞེས་ཟུར་ཟ་གནང་འདུག་པ་ནི་ཅི་མ་བདེན་པའི་གཏམ་དུ་གོ
མུ་སྟེགས་པའི་གཞུང་དུའང༌། གང་གི་མཐའ་དང་ཐོག་མ་དབུས་མེད་ཅིང༌། །ཕྱག་དང་ཞབས་མེད་སྐུ་དང་གསུང་ཡང་མེད། །རྣམ་པ་མེད་ཅིང་གཟུགས་ནི་མེད་པ་ཉིད། །གང་ལ་སྐྱེ་དང་འཆི་བས་འཇིགས་པ་མེད། །ཅེས་པ་སོགས་ནི་རང་རེའི་ཤེར་མདོར་གསུངས་པ་ལས་ཚིག་ཟིན་ཁྱད་མི་འདུག་པ་མ་ཟད་རྩ་ཤེའི་མཆོད་བརྗོད་དང་ཡང་མཚུངས་པར་གྱུར་ཡོད། དེས་ན་རང་སྡེའི་ཀུན་མཁྱེན་ཇོ་ནང་བས་ཀྱང་མུ་སྟེགས་ཀྱི་ལུང་འགའ་ཞིག་གཞན་སྟོང་དབུ་མའི་རྒྱན་དུ་དྲངས་ཏེ། རིགས་ཤེས་ཀྱིས་རྙེད་པའི་རང་སྟོང་ཕྱི་རོལ་བའི་བསམ་དོན་དང་ཁྱད་མེད་ཚུལ་དང༌། རང་ཉིད་ཀྱིས་གཞན་སྟོང་ལྟ་བ་ཁས་བླངས་པས་ནང་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོན་སོང་བར་གསུངས་ཡོད།
སྤྱིར་གྲུབ་མཐའི་གཞུང་དག་ན། ཕྱི་ནང་གི་ལྟ་བའམ་གྲུབ་མཐའི་ཁྱད་པར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་གྱིས་འབྱེད་ཅིང༌། ཁྱད་པར་དུ་ཕྱག་རྒྱ་གསུམ་པ་སྟེ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་འདི་ཁས་ལེན་གྱིས་འབྱེད་དགོས་པར་འདོད་པར་བཤད་པ་ལ་ཁོང་ཉིད་ཐུགས་མ་རངས་པས་ཞལ་ནས། ཕྱི་ནང་ལྟ་བའི་ས་མཚམས་རགས་ས་ཞིག་ནི། ཕུང་བོ་ལས་ངོ་བོ་ཐ་དད་པའི་བདག་འདོད་མི་འདོད་འདི་ཨེ་ཡིན་སྙམ་ཞེས་གསུངས་བྱུང་བ་ཡིན།
འདི་ལ་རེ་ཞིག་དཔྱད་ན། སྟོང་ཉིད་དང་བདག་མེད་ཀྱི་མིང་ཙམ་བཤད་པས་དེ་དག་ཁས་ལེན་པར་བཤད་དཀའ་སྟེ། དེ་ལྟར་ན་བྱེ་སྨྲས་བཤད་པའི་སྟོང་ཉིད་ཀྱང་སྟོང་ཉིད་དུ་འགྱུར་བར་ཐལ་བའི་ཕྱིར། ཕྱག་རྒྱ་བཞིའི་ནང་གི་སྟོང་ཉིད་དང་བདག་མེད་ནི་རྟག་གཅིག་རང་དབང་ཅན་གྱིས་སྟོང་བའི་བདག་མེད་ལ་འདོད་པར་གྲུབ་མཐའ་རིན་ཆེན་འཕྲེང་བ་སོགས་ན་གསལ་བས་ཁོང་ཉིད་ཀྱི་ཞིབ་ཆ་དེའང་བཀར་བཏགས་ཕྱག་རྒྱ་དང་དོན་གྱིས་ཅུང་ཟད་ཀྱང་འགལ་ཡོད་པར་མི་སེམས་སོ། །དེས་ན་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོར། མུ་སྟེགས་ཀྱི་དྲང་སྲོང་རྣམས་ལའང་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་མ་ཡོད་ཀྱང་བདག་མེད་པའི་ལྟ་བ་མེད་པས་འཁོར་བ་ལས་ཅུང་ཟད་ཀྱང་བརྒལ་མ་ནུས་པའི་ཕྱིར་རོ⑧ཞེས་གསུངས་པའང་ལེགས་བཤད་དུ་མཐོང་ཐུབ་པར་འགྱུར་རོ། །
གཞན་ད་དུང་ཁོང་གི་གསུང་སྒྲོས་ཤོག་དྲིལ་ཞིག་ཏུ། སྐྱེ་བ་སྔ་ཕྱི་ཡོད་པའི་སྒྲུབ་བྱེད་མཐར་ཐུག མེད་སྙམ་པའི་དོགས་པའི་མཐར་ཐུག བདེན་པར་གྲུབ་སྙམ་པའི་དོགས་པའི་མཐར་ཐུག བདག་ཡོད་སྙམ་པའི་དོགས་པ་མཐར་ཐུག མེད་པའི་སྒྲུབ་བྱེད་མཐར་ཐུག་ཅེས་སྣང་བའང་ཆེས་དཀའ་ས་ཉིད་དུ་གྱུར་ཡོད་པར་དགོངས་ཡོད་སྙམ།
ཡང་ལེགས་ལྡན་ནག་པོའི་གླུར། བདག་ཉིད་བདག་གི་གཉེན་ཡིན་ཅིང༌། །བདག་གི་དགྲ་བོ་བདག་ཉིད་ཡིན། ། བདག་གིས་བདག་ཉིད་འདེགས་བྱ་ཡི། །བདག་ཉིད་ཐུར་དུ་དྲངས་མི་བྱ། །ཞེས་སྣང་བ་ནི། སྟོན་པ་ཐུབ་པའི་དབང་བོའི་མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཅིང༌། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་ བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་གསུངས་པ་གཉིས་ཚིག་ཤིན་ཏུ་འདྲ་ནའང་ད་ལྟའི་ཅོལ་ཆུང་འགའ་ཞིག་ལྟར་དཔྱད་པ་མེད་པར་ངོ་མཚར་བས་སྨྱོ་མི་དགོས་ཏེ། སྤྱིར་གནས་ལུགས་དང་ཡ་རབས་ཀྱི་ཚུལ་ལ་རྟོགས་ལྡན་མཁས་པ་རྣམས་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་མཐུན་པ་ཆོས་ཉིད་ཡིན་པས་འདི་འདྲའི་རིགས་སྔ་དེང་ཀུན་ཏུ་བྱུང་དང་འབྱུང་བར་འགྱུར་བ་བློ་དང་ལྡན་ན་ཤེས་ངེས། དེ་ལྟ་ནའང་གཞན་གྱི་ཚིག་རིས་རང་རྩོམ་དུ་བརྫུས་ཏེ་ངོམ་སོ་བྱ་བ་ནི་གཟིག་ལྤགས་གྱོན་པའི་མགྲིན་བཟང་གི་བརྟུལ་ཞུགས་བླངས་པར་བསྙོན་དུ་མེད་པ་ཉིད་དོ། །
མཚམས་འདིར་ཡང་མུ་སྟེགས་ཀྱི་རྒྱུད་སྡེའི་ཁྲོད་ན་ཡང་ནང་བའི་སྔགས་བླ་མེད་དང་འདྲ་བ་དང༌། རྒྱུད་སྡེ་འོག་མ་དང་འདྲ་བ་གཉིས་ཡོད་ཅིང༌། རིམ་གཉིས། སྦྱོར་དྲུག སྤྱོད་པ་གསུམ། ཚུལ་བཞི། དྲང་ངེས་ཀྱི་བཤད་ཐབས་སོགས་རང་རེའི་ཇི་ལྟ་བར་ཡོད་པར་བཤད་ཅིང༌། དེ་ཡང་བརྒལ་བརྟག་གི་རྩོད་པ་སྟེ་མ་མཐའང་བློ་རྟགས་ཡན་གྱི་རྩོད་པ་མ་ཐོན་པ་ཞིག་ཡིན་ཚེ་མི་རྟོགས་པ་མ་ཟད་ད་དུང་མགོ་འཁྲུགས་པའི་རྐྱེན་དུ་འགྱུར་བར་གསུངས་སོ། །འདིས་ཀྱང་གཞུང་ལུགས་གང་ལ་ཡང་ཚད་མའི་རིགས་ལམ་གྱི་སྒོ་ནས་སྦྱོང་བ་གོ་རྟོགས་གཞན་ལས་ལྷག་པ་ཤེས་མི་ཐུབ་བམ།
མཇུག་མཐའི་སྡོམ་ཚིག་གི་ཚུལ་དུ་ཁོང་གིས། དྲང་པོར་ཞུས་ན། ཁ་རྒྱ་རྒན་རྒྱའི་བར་ནི་རིང་བ་སྟེ། དབུས་དང་ཨ་མདོའི་ལམ་ནི་ཤིན་ཏུ་རིང༌། །མ་ག་ངྷཱ་དང་བོད་ནི་ཆེས་ཆེར་རིང༌། །ལེགས་སྦྱར་དངོས་དང་སུམ་རྐང་དེ་ལས་རིང༌། །  ཞེས་པའི་སྙན་ངག་ངྷཱཚིགས་བཅད་འདི་ནི་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོར་དྲངས་པའི་བྱང་སེམས་ཟླ་བས་བྲམ་ཟེ་ལེགས་བཤད་ཀྱི་སྐྱེས་ཁྱེར་འོངས་པ་ཞིག་ལ་སྲང་སྟོང་ཕུལ་ནས་བླངས་པའི་ཆོས་སུ་གྲགས་པ་སྟེ། ཇི་སྐད་དུ། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང༌། །རྒྱ་མཚོའི་ཕ་རོལ་ཚུ་རོལ་འགྲམ་ཡང་རིང༌། །ཤར་ནུབ་གཉིས་ཀྱི་རི་བར་དེ་བས་རིང༌། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང༌། །⑨ཞེས་སྣང་བ་གཉིས་རྩོམ་སྲོལ་ཇི་འདྲ་མཐུན་པ་འདི་འདྲ་མང་བར་འདུག་ནའང་ཁྱེད་ཅག་གིས་མ་མཐོང་བའམ་ཡང་ན་ཕྱོགས་ལྷུང་གིས་སུན་མ་ཕྱུངས་པར་ཟད། ཁོ་བོས་ནི་དེ་དག་ལས་ལྡོག་སྟེ་མཁས་དབང་མཆོག་གིས་ཚིགས་སུ་བཅད་པའི་རིན་ཐང་ཐུགས་ལ་བཞག་པ་དང་དོན་གྱི་སྙིང་བོའི་དགོངས་ཀློང་གཅིག་ཏུ་འབྱམས་པའི་གཏན་ཚིགས་སུ་མཐོང༌། དེས་ན་རང་གཞན་ཐམས་ཅད་ཀྱིས་རང་ཉིད་ཞིབ་འཇུག་མཁན་པོ་ཞིག་ཏུ་ཁས་འཆེས་པ་འམ་གྲལ་དེར་འཚངས་ན་ཐོག་མར་རང་ཉིད་ཕྱོགས་གང་དུའང་མ་ལྷུང་ཞིང་རྣམ་པ་ཀུན་ཏུ་མིག་རྣ་གཉིས་གཉིས་ཚང་བར་བྱ་དགོས་པ་ནི་གནད་ཀྱི་དོན་པོར་སེམས་སོ། །
ཟུར་བལྟའི་དཔྱད་གཞི།
(1)སྨྲ་སེང་བསམ་གཏན་རྒྱ་མཚོའི་གསུང་སྒྲོས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། འཇམ་དབྱངས་བཞད་པའི་ཡོངས་འཛིན། ༡༩༩༣ལོའི་དགུན་ཁར།
(2)ལེགས་བཤད་གསེར་ཕྲེང༌། རྗེ་ཙོང་ཁ་པས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས༩༡ན་གསལ།
(3)རྙིང་མའི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན། རྫ་དཔལ་སྤྲུལ་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌།   ཤོག་ངོས༢༧ན་གསལ།
(4)རྣམ་བཤད་སྙིང་པོ་རྒྱན། རྒྱལ་ཚབ་དར་མ་རིན་ཆེན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས༦༩ན་གསལ།
(5)རྟོགས་དཀའི་སྣང་བ། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་བརྩམས། སྐུ་འབུམ་དགོན་པའི་ཤིང་པར། ཤོག་ངོས༡༧གྱི་རྒྱབ་ན་གསལ།
(6)བཀའ་བརྒྱུད་པའི་ཕར་ཕྱིན་ཡོངས་འདུ་ལྗོན་པ་རྒྱས་པ། ཀརྨ་མི་བསྐྱོད་རྡོ་རྗེས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས༦༩ན་གསལ།
(7)སྨྲ་སེང་དགེ་འདུན་བསྟན་འཛིན་གྱི་གསུང་སྒྲོས། རོང་བོ་དགོན་ཆེན་གྱི་དགེ་བཤེས། ཤར་སྐལ་ལྡན་རྒྱ་མཚོའི་ཡོངས་འཛིན། ༡༩༩༢ལོའི་དབྱར་ཁར།
(8)བྱང་ཆུབ་ལམ་རིམ་ཆེ་བ། རྗེ་ཙོང་ཁ་པས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས༥༦༥ན་གསལ།
(9)བྱང་ཆུབ་ལམ་རིམ་ཆེ་བ། རྗེ་ཙོང་ཁ་པས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས༡༩༣ན་གསལ།

·རྩོམ་ཡིག་གོང་མ:ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་དཔྱད་རྩོམ་ཞིག ༡
·རྩོམ་ཡིག་འོག་མ:ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་སྙན་ཚིག
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ལོག་རྟོག་སྙིང་སྟོབས་ལ་དཔྱད་པ་་བསྡུས་གྲྭའི་མེ་སྟག། 2011/8/4 17:44:00
·བོད་ཀྱི་མགུར་གླུའི་བྱུང་འཕེལ་སྐོར་གླེང་བ། 2010/12/27 10:46:18
·རླུང་འཕྲིན་རོལ་དབྱངས་རྩོམ་སྒྲིག་པའི་བྱང་ཚད་སྐོར། 2010/11/16 17:26:48
·ཚངས་མགུར་གྱི་སྙན་ངག་གི་མཛེས་པ་གླེང་བ། 2010/7/27 12:11:05
·སློབ་མ་ལ་བོད་སྐད་གཙང་མ་རྒྱག་རྒྱུར་མཛུབ་སྟོན་བྱ་དགོས། 2010/7/2 14:25:55
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:terwixonse
I am from Slovenia. I can help with build this forum. Thanks for approved. 
 
Jaz sem Slovenka. Lahko pomagam pri razvoju foruma.
发表时间:2019/5/17 18:49:23 [来自: 104.238.36.111]

 评论者:Delta Airlines
sywzeh <a href="https://delta-airlines-com.com">more</a>    exrydn
发表时间:2019/3/30 9:46:38 [来自: 218.106.167.98]

 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 20:17:18 [来自: 112.5.248.254]

འབྲེལ་ཡོད་དཔྱད་བརྗོད 76 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.30MS