ཀྭ་ཡེ་བླ་རྒན་མགོ་རེགས་ཁྱེད།།ཁ་སེམས་གང་ལ་མཐུན་གྱིན་ཡོད།།
ག་དུས་ན་ཚོད་བགྲེས་པའི་སྐབས།།ང་དང་ཁྱེད་ཀྱིས་ཅི་ཞིག་བྱ།།
ཅ་ཅོ་སྒྲོག་པའི་ཚེ་སྡུག་ངས། །ཆ་མེད་ཅིག་ལ་འབྲེལ་གཏུགས་སྒོས།།
ཇ་ཡུན་ཙམ་ལ་སེམས་སྐྱིད་སླད། །ཉལ་རེག་བར་དུ་གཏམ་གླེང་དགོས།།
ཏ་ལེན་ལྟ་བུའི་ཆ་ཡ་མེད། །ཐ་སྙད་འགའ་རེ་བྲིས་ནས་བསྡད། །
ད་རུང་ཡ་ཡོ་ཆེ་བའི་ངང་། །ན་ཚོད་རྒས་རུང་བསམ་མ་ཤེས། །
པ་སངས་སེམས་བཟང་བཅངས་བཅངས་ཏེ།།ཕ་མ་གྲོངས་རྗེས་གཉེན་ཉེ་མེད།།
བ་གླང་ལྟ་བའི་གླེན་བཙུན་རིགས། །མ་ལུས་སྐྱིད་ཀྱི་རྩ་བ་འཆོལ། །
ཙ་རིའི་གངས་ནས་སྒོམ་མ་བརྒྱབས། །ཚ་བུ་ཚ་མོའི་དོན་མ་བསྒྲུབས།།
ཛ་རི་ཛོ་རེ་འདུག་ཐབས་ཀྱིས། །ཝ་མ་ཝོལ་ལ་ཚེ་འདི་ཟད། །
ཞྭ་སེར་ཚང་གི་རྗེས་མ་ཟིན། །ཟ་ཆོག་ལས་ཀྱིས་རྒྱུ་མ་རྙེད། །
འ་འུར་གཏམ་གྱིས་གྲོགས་མ་བཙལ། །ཡ་མཚན་སྡོམ་པས་ཅང་མ་འཁྱོངས།།
རྭ་ལྡན་གཤིན་རྗེ་ཆོས་རྒྱལ་གྱིས། །ལ་ཕུག་བཞིན་དུ་མ་བསྐྱུར་ན། །
ཤ་ཟས་ཁྲག་གི་རིན་པ་ཞིག །ས་འདིར་ཨེ་ལོན་ཐེ་ཚོམ་རེད། །
ཧ་ཅང་འདོད་པ་བསྡམས་བསྡམས་ནས། །ཨ་མའི་ལོ་མཉམ་ལའང་དགའ། །
ཧ་ནེ་ཧོན་ནེ་ཚེ་ཟད་ཀྱང་། །ཨ་ཁུ་བཅོས་པའི་དོན་སྒོ་མེད། །
ཨི་ཡིག་ལྟ་བུའི་བླ་མ་མེད། །ཨུ་ཚུགས་ཆེ་བའི་ང་རྒྱལ་གྱིས།།
ཨེན་ཙམ་སྡོད་ཐབས་བྱུང་ན་ཡང་། །ཨོ་ལོས་ནམ་ཞིག་དཀའ་རྒྱུ་རེད། །
ཞེས་པ་འདི་ནི་ཕན་ཚུན་ལ་ཁ་བརྡའི་ཚུལ་དུ་བསྒྲིགས་པ་ཞིག་སྟེ་མང་ཁྲོད་ནས་བསྡུས་པ་ཡིན་པས་རྩོམ་པ་པོ་ངེས་གཏན་མེད།