ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> བློ་སྦྱོང་།
 རྩོམ་ཡིག་ཀློག་པ།

སློབ་མ་ལ་བོད་སྐད་གཙང་མ་རྒྱག་རྒྱུར་མཛུབ་སྟོན་བྱ་དགོས།

  རྩོམ་པ་པོ:འཛེང་ཟླ་བ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2104ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/2 14:25:55ཚོགས་ཡར་སྤྲོད:admin

  སློབ་མ་རྣམས་ལ་བོད་སྐད་གཙང་མ་རྒྱག་རྒྱུར་མཛུབ་སྟོན་བྱ་དགོས་པའི་

སྐོར་གྱི་བསམ་ཚུལ་འགའ་ཤས།

འཛེང་ཟླ་བ།

     སྤྱིར་དུས་བབས་སུ་བོད་མིས་བོད་སྐད་གཙང་མ་རྒྱག་རྒྱུ་དགོས་གལ་ཆེ་ལ་དགེ་མཚན་ཆེ། ལྷག་པར་དུ་བོད་སྐད་ཡིག་དང་འབྲེལ་བའི་ལས་དོན་པའམ་བླ་གྲྭ་དང་སློབ་གྲྭ་བ་རྣམས་ཀྱིས་རྒྱུན་གཏན་གྱི་འཚོ་བའི་ནང་བོད་སྐད་གཙང་མ་རྒྱག་པའི་ཁོར་ཡུག་བསྐྲུན་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བསྒྲུབ་བྱ་གཙོ་བོ་ཞིག་ཡིན། ད་ལྟའི་གནས་བབས་སུ་སློབ་མར་བོད་སྐད་ཡིག་རྨང་གཞི་ལེགས་པོ་ཚུགས་མ་ཐུབ་པ་དང་སྦྱང་འབྲས་ཡར་རྒྱས་མེད་ཅིང་ཀུན་སྤྱོད་འཆལ་བ་སོགས་ཀྱང་བོད་སྐད་ཡང་དག་པ་རྒྱག་མི་ཤེས་པ་དང་འབྲེལ་བ་ཆེན་པོ་ཡོད་པས་ང་ཚོས་སློབ་མ་རྣམས་ལ་བོད་སྐད་གཙང་མ་རྒྱག་རྒྱུའི་སྐོར་སློབ་གསོ་མཛུབ་སྟོན་བྱ་དགོས་པ་ཧ་ཅང་གལ་ཆེ།   འདིར་རང་ཉིད་ནས་དགེ་རྒན་གྱིས་སློབ་མ་རྣམས་ལ་བོད་སྐད་ཡང་དག་རྒྱག་རྒྱུར་ལམ་སྟོན་མཛུབ་ཁྲིད་བྱ་དགོས་པའི་སྐོར་གྱི་བསམ་ཚུལ་འགའ་ཤས་གླེང་འདོད་དེ། སློབ་མ་རྣམས་ཀྱིས་བོད་སྐད་གཙང་མ་རྒྱག་ཐུབ་པའི་ཐབས་ཤེས་དུ་མ་ཡོད་པ་ལས་རེ་གཉིས་ཙམ་ནི།  གཅིག་ནས་བོད་ཡུལ་ཀུན་དང་མཐུན་པའི་ལེགས་ཆ་བླངས་ཏེ་དེ་དང་མི་མཚུངས་པའི་ཞན་ཆ་དོར་ནས་ཐུན་མོང་གི་ཁྱད་ཆོས་ཅན་དུ་འགྲོ་གང་ཐུབ་བྱ་རྒྱུ།   གཉིས་ནས་བོད་སྐད་དུ་དགོས་མེད་ཀྱི་ཐ་སྙད་སོགས་བསྲེས་ལྷད་བྱ་མི་རུང་བ།   གསུམ་ནས་ཞེ་ས་སོགས་ཡ་རབ་གུས་ལུགས་དང་ལྡན་དགོས་པ་ལ་སོགས་ཏེ།
དང་པོ།  བོད་ཡུལ་ཀུན་དང་མཐུན་པའི་ལེགས་ཆ་བླངས་ཏེ་མི་མཚུངས་པའི་ཞན་ཆ་དོར་ནས་ཐུན་མོང་གི་ཁྱད་ཆོས་ཅན་དུ་འགྲོ་གང་ཐུབ་བྱ་དགོས།       
  རྒྱལ་ཁབ་དང་མི་རིགས་སུ་ཡིན་ཡང་གཅིག་གྱུར་མ་བྱུང་གོང་དུ་ཡུལ་སྐད་ཀྱི་ཧེ་བག་ངེས་ཅན་ཡོད་ངེས། དེ་ནས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ནང་རིམ་གྱིས་གཅིག་འདུས་གཅིག་གྱུར་བྱུང་བ་དང་ཐུན་ མོང་གི་སྐད་ཡིག་བྱུང་ཞིང་བློ་སེམས་གཅིག་ཏུ་སྒྲིལ་ནས་སྟོབས་འབྱོར་མངའ་ཐང་རྒྱས་པ་ཆོས་ཉིད་ཡིན། དེའང་མའོ་ཙེ་ཏུང་གིས་མི་མང་ན་སྟོབས་ཤུགས་ཆེ་ཞེས་གསུངས་པ་དེར་མཁས་པའི་གོ་བ་དུ་མ་ཡོད་ཀྱང་གཙོ་ཆེ་བ་ནི་མི་མང་པོ་མཉམ་དུ་འཛོམས་ནས་གཅིག་ཏུ་འདུས་ཤིང་བློ་མཐུན་པ་དང་དོན་མཐུན་པ་ཡིན་ན་བསྒྲུབ་བྱ་གང་གཉེར་བ་ལའང་སྟོབས་ཤུགས་ཆེན་པོ་ཡོད་ཅེས་པར་གོ་དགོས་པར་སེམས། མི་མང་པོ་གཅིག་ཏུ་འདུས་ནས་བསམ་བློ་མཐུན་པའི་དོན་གཅིག་བསྒྲུབ་དགོས་ན་ཆ་ རྐྱེན་དང་པོ་ནི་སྤྱི་མཐུན་གྱི་བརྡ་སྤྲོད་བྱེད་ཀྱི་སྐད་ཆ་ཞིག་དགོས། སྤྱི་སྐད་ནི་དང་པོ་ནས་གྲུབ་པའི་གཅིག་རྐྱང་མིན་པར་དེར་འདུས་ཀུན་གྱིས་ཁས་ལེན་པའི་ལེགས་ཆ་གཅིག་འདུས་ཀྱི་སྐད་ཆ་དེ་ལ་བྱ་དགོས། དེས་ན་ཐུན་ མོང་གི་ཚོགས་པའི་གྲུབ་མི་ཀུན་གྱིས་གཞན་དངམི་མཐུན་པའི་ཞན་ཆ་དོར་ནས་ཀུན་དང་མཐུན་པའི་ལེགས་ཆ་གང་ཡིན་པ་རྒྱུན་འཛིན་དང་བླངས་བྱ་རྒྱུ་དེ་ཡིན།      
    བོད་གངས་ཅན་པའི་ཡུལ་ལུང་གནས་བབ་ནི་ལུང་པ་རེ་ལ་ཆུ་མགོ་རེ་དང༌། ས་ཆ་རེ་ལ་སྐད་ལུགས་རེ་ཞེས་ཡུལ་ཁམས་རྒྱ་ཆེ་ཞིང་གྲོང་སྡེ་ཁ་ཐོར་དུ་ཆགས་པ་དང༌། འགྲིམ་འགྲུལ་སྟབས་མི་བདེ་བས་གཅིག་འདུས་གཅིག་གྱུར་ལ་འགོག་རྐྱེན་ཆེན་པོ་གྲུབ་ཡོད་མོད། འོན་ཀྱང་བོད་རྒྱལ་སྲོང་བཙན་སྒམ་པོས་ཐབས་མཁས་ཀྱིས་ཐོག་མར་བོད་ཁམས་གཅིག་གྱུར་བཟོས། དེ་ནས་གཅིག་མཐུན་གྱིས་བརྡ་སྤྲོད་བྱེད་དུ་བོད་ཡིག་གསར་གཏོད་དང་བརྡ་སྤྲོད་རིག་པའི་གཞུང་ལུགས་གཏན་ལ་ཕབ་ཅིང་བོད་ཁམས་ཡར་རྒྱས་འབྱོར་ཕྱུག་ལྡན་པར་བྱས། འོན་ཀྱང་བོད་སིལ་བུར་ཐོར་བ་ནས་ལུང་པ་རེ་ལ་བླ་མ་རེ་དང༌། བླ་མ་རེ་ལ་ཆོས་ལུགས་རེ་ཞེས་པའི་གཏམ་དཔེ་ཞིག་བྱུང་བ་ལྟར་དེ་ནས་བཟུང་བོད་དུ་བསམ་བློ་དང༌། སྐད་ ཆ་སོགས་ཁ་ཐོར་དུ་ཕྱིན་པས་ད་ལྟའང་བོད་ཁམས་སུ་ཡུལ་སྐད་ཆེན་པོ་གསུམ་མམ། བཞིའམ་ལྔ་རུ་ཆགས་ཤིང་བྱེ་བྲག་གི་ལུང་སྐད་ནི་བགྲང་གིས་མི་ལངས།  བརྡ་འཕྲིན་ལག་རྩལ་འཕེལ་རྒྱས་ཆེ་ཞིང་གྲོང་ཁྱེར་ཅན་དུ་འགྱུར་བའི་འཛམ་གླིང་གི་འཕེལ་ཕྱོགས་འདིར་བོད་མདོ་དབུས་ཁམས་གསུམ་གྱི་མི་རྣམས་ཀྱང་རང་འགུལ་གྱིས་ལྷ་ས་གཙོས་པའི་གྲོང་ཁྱེར་ཆེ་ཆུང་ཁག་ཏུ་འདུས་ནས་སྤྱི་འདུས་ཀྱི་འཚོ་བའི་ཕྱོགས་སུ་འགྲོ་བ་མཐོང་ཆོས་ཡིན། དེས་ན་གཅིག་གྱུར་གྱི་བོད་མི་ལ་གཅིག་མཐུན་གྱི་སྤྱི་སྐད་བསྐྱར་གསོ་བྱ་རྒྱུ་ནི་དུས་བབས་ཀྱི་དགོས་མཁོ་ཡིན་ལ་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་འགྲོས་ཀྱང་ཡིན་པས་བློ་ལྡན་ཀུན་གྱིས་མཛུབ་སྟོན་ལམ་ཁྲིད་ཡང་དག་པ་བྱ་དགོས་པ་ལས་འཐེན་འཁྱེར་གྱིས་འགོག་རྐྱེན་བཟོ་མི་རུང༌། དེ་ཡང་བོད་ལ་སྤྱི་སྐད་གསར་བཟོའི་ངལ་བ་ཆེན་པོ་བྱ་མི་དགོས་པར་ཆོས་རྒྱལ་ལོ་པཎ་རིམ་བྱོན་ནས་གཏན་འབེབས་གནང་བའི་ཡིག་སྐད་ནི་སྤྱི་སྐད་ཀྱི་ཚད་གཞི་དང་པོ་ཡིན། ཡུལ་ཕྱོགས་གང་གིས་ཀྱང་སོ་སོའི་ཡུལ་སྐད་ལ་མཁྲེགས་བཟུང་བྱ་མི་རུང་བར་སྤྱི་མཐུན་ཀྱི་སྐད་ཆ་དང་མཐུན་ཅི་ཐུབ་ཀྱིས་དེ་དག་གི་ལེགས་ཆ་རྒྱུན་འཛིན་དང་ཞན་ཆ་ཡོ་བསྲང་བྱས་ནས་གཅིག་གྱུར་གཅིག་མཐུན་གྱི་ལམ་ཆེན་དུ་བགྲོད་པ་བྱ་རྒྱུ་ནི་གཟུར་གནས་མཁས་པའི་དགོངས་གཞི་ཡིན་ལ་བོད་མིའི་མཐར་ཐུག་གི་ཁེ་ཕན་ཡང་ཡིན་པས་སློབ་མའི་བོད་སྐད་ཡིག་ཆུ་ཚད་ཡར་རྒྱས་གཏོང་བའི་ཆེད་དུ་དགེ་རྒན་ནས་ཡིག་སྐད་ཐོག་སློབ་ཁྲིད་བྱ་རྒྱུ་དང་དགེ་སློབ་ཟུང་འབྲེལ་གྱིས་ཡུལ་དེ་གའི་ཡུལ་སྐད་ལ་དོ་སྣང་ཞིབ་འཇུག་བྱས་ཏེ་ཡིག་སྐད་དང་མཐུན་ཆ་རྒྱུན་འཛིན་དང་དེ་ལས་ལོག་པར་ཡོ་བསྲང་དག་བཅོས་བྱ་ཐུབ་ན་སློབ་མའི་བོད་སྐད་ཡིག་གི་ཉན་བཤད་ཀློག་འབྲིའི་ཆུ་ཚད་གོང་མཐོར་འགྲོ་བར་ཕན་ཐོགས་བླ་ལྷག་ཆེ། ང་ཚོའི་ཉམས་མྱོང་ནས་ར་སྤྲོད་བྱུང་བར་སློབ་མ་རྣམས་ཀྱིས་དག་ནོར་བྲིས་པ་དང་ཡིག་ཐོག་ནས་གོ་བ་མི་ལོན་པ་སོགས་ཀྱང་ཡིག་སྐད་དང་ཡུལ་སྐད་བར་གྱི་ཁྱད་པར་ངོས་འཛིན་དང་དབྱེ་འབྱེད་གསལ་པོ་བྱེད་མ་ཐུབ་པ་དང་འབྲེལ་བ་ཆེན་པོ་ཡོད། གལ་སྲིད་ཡུལ་སྐད་དང་ཡིག་སྐད་གཉིས་བར་གྱི་འགལ་འདུར་དབྱེ་འབྱེད་ལེགས་པོ་བྱུང་ན་བོད་ཡིག་སློབ་སྦྱོང་ལ་ཕན་འབྲས་ངེས་ཅན་ཡོང་བ་ཆོས་ཉིད་ཡིན་པས་འདིར་དགོས་དབང་གིས་ཆབ་མདོ་ས་ཁུལ་གྱི་ཡུལ་སྐད་དང་ཡིག་སྐད་བར་གྱི་འདྲ་ཁྱད་གཙོ་བོ་འགའ་ཤས་ལ་ཅུང་ཟད་དཔྱད་པ་སྟེ།  བོད་ཀྱི་ཡུལ་སྐད་ཆེན་མོ་གསུམ་ཞེས་པ་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་དེ། ཁམས་སྐད་ནང་ཁུལ་དུའང་ཁམས་བྱང་སྐད་དང༌། ཁམས་ནུབ་སྐད། ཁམས་འབྲོག་སྐད་བཅས་དབྱེ་སྲོལ་ཡོད་ཀྱང་ད་ལྟའི་ལུགས་བཞིན་བྱས་ན་ཆབ་མདོ་ས་ཁུལ་ཕལ་ཆེར་ཁམས་སྟོད་དུ་ཐེ་བས། ཆབ་མདོ་ས་ཁུལ་ལ་རྫོང་ཁག་བཅུ་གཅིག་དང་མི་གྲངས་འབུམ་དྲུག་ལྷག་ཙམ་ཡོད་ཅིང་རྫོང་ཁག་སོ་སོ་དང་ཤང་ཁག་སོ་སོའི་ཡུལ་སྐད་བར་ཁྱད་པར་ཅུང་ཡོད་པ་འཇིག་རྟེན་ཆོས་ཉིད་ལགས་ཀྱང༌། སྨར་ཁམས་དང་བྲག་གཡབ་རྫོང་ཁོངས་ཀྱི་སྨར་སྐད་སོགས་དམིགས་བསལ་གྱི་ལོག་སྐད་འགའ་ཕུད་པའི་དེ་མིན་ཆབ་མདོ་ས་ཁུལ་ནང་ཕན་ཚུན་བརྡ་མི་འཕྲོད་པ་མེད། འོན་ཀྱང་དེ་དག་གི་ཡུལ་སྐད་དང་ཡིག་སྐད་བར་ཁྱད་པར་ཅུང་ཡོད་པའི་གནད་དོན་འགའ་ཤས་དཔེར་མཚོན་དུ་བཀོད་ནས་གླེང་བ་ལ། ཡི་གེའི་སྒྲ་གདངས་དང༌། མིང་བརྡ། བརྡ་སྤྲོད་ཀྱི་སྦྱོར་ལུགས་བཅས་ནས་རགས་ཙམ་བརྟག་ན།
གཅིག   ཡི་གེའི་སྒྲ་གདངས་ཀྱི་སྐོར།
༡  དབུས་ཁུལ་དུ་གསལ་བྱེད་ཀྱི་སྡེ་པའི་གཉིས་པ་དང་གསུམ་ པ་སྒྲ་འདྲ་བ་ཙམ་དུ་ཀློག་པ་དང༌། ཨ་མདོའི་སྐད་དུ་དང་པོ་དང་གསུམ་པ་མཐུན་པར་ཀློག་གིན་ཡོད་ཀྱང་ཆབ་མདོའི་སྐད་དུ་གསལ་བྱེད་ཕལ་ཆེར་ གྱི་སྒྲ་གདངས་ཡིག་སྐད་ཀྱི་ལུགས་དང་མཐུན་ཡང༌།  སྨར་ཁམས་ཀྱི་སྐད་དུ་གསལ་བྱེད་ཤ་ལ་ཧའི་སྒྲ་འདྲར་བཀླགས་པ་དང༌། གཞན་ཡང་སྨར་ཁམས་དང་མཛོ་སྒང་བས་ཁམས་མི་ཉག་གི་སྐད་ལྟར་ཟ་ལ་སྔོན་འཇུག་ག་དང་ལྡན་པ་ལྟར་སྒྲ་ཤུགས་དྲག་པོ་བཀླགས་པ།
༢  དབྱངས་བཞི་ལས་གི་གུ་དང་ཞབས་ཀྱུའི་སྒྲ་གཅིག་འདྲ་སྣང་ཡང་དོན་དུ་གི་གུ་ལ་གིའི་སྒྲ་དང་ཞབས་ཀྱུ་ལ་གུའི་སྒྲ་གསལ་པོ་ཡོད།   འགའ་ཤས་ཀྱིས་དབུས་གཙང་གི་གི་གུའི་སྒྲ་དང་ཁམས་ཁུལ་གྱི་གི་གུའི་སྒྲ་མི་འདྲ་བ་ནི་དམངས་གཙོ་བསྒྱུར་བཅོས་སྐབས་ལྷ་སའི་ལས་བྱེད་སློབ་གྲྭ་ནང་བོད་ཡིག་གི་དབྱངས་གསལ་ལ་དབྱིན་ཡིག་གི་སྒྲ་རྟགས་སྦྱོར་བའི་སྐབས་གི་གུའི་སྒྲ་དབྱིན་ཡིག་གི་སྒྲ་གདངས་( I )ཡི་སྒྲ་ལ་གཏན་འབེབས་བྱས་པས་དེའི་ཤུགས་རྐྱེན་གྱིས་མ་དག་རྒྱུན་འབྱམས་བྱུང་བ་རེད་ཟེར་བར་དཔྱད་པར་འཚལ།
༣ ཁམས་སྐད་ཕལ་ཆེར་དང་འདྲ་བར་རྗེས་འཇུག་ང་ཡིག་དང་ལྡན་པའི་མིང་ཕལ་ཆེར་ན་རོའི་སྒྲ་འདྲེས་ནས་བཀླགས་པ་སྟེ། དཔེར་ན། ཆང་ལ་ཆོང༌། ཡང་མོ་ལ་ཡོང་མོ། ཁང་པ་ལ་ཁོང་པ། བྱང་ཆུབ་ལ་བྱོང་ཆུབ་སོགས་དང༌།
༤   འཇོ་མདའ་དང་བྲག་གཡབ། མཛོ་སྒང་བཅས་ཀྱིས་རྗེས་འཇུག་ད་ན་གཉིས་ལ་དབྱངས་ཀྱི་བཞི་པ་ན་རོ་ལྡན་པར་འགྲེང་བུའི་སྒྲ་འདྲར་བཀླགས་པ་ནི། དཔེར་ན། དགོན་པ་ལ་དགེན་པ་དང༌། བོད་ལ་བེད་བཅས་དང༌།   
༥  བརྩེགས་འདོགས་མེད་པའི་མིང་གཞི་རྐྱང་པའི་ཞབས་ཀྱུ་དོར་ནས་བཀླགས་པ་ནི་བུད་ལ་བད་ཅེས་པས་བུད་འགྲོ་ཡིན་ཞེས་པར་བད་འགྲོ་ཡིན་ཞེས་དང༌། ཁམས་ཆ་ཕྲེང་གི་སྐད་དུའང་དེ་ལྟར་མང་སྟེ། འདུག་ལ་འདག་དང༌། བཞུགས་ལ་བཞགས། གདུང་མར་གདང་ཞེས་པའོ།
༦  འགྲེང་བུ་དོར་ནས་བཀླགས་པ་ནི་མེ་ལ་སྲེག་པར་མེ་ལ་སྲག་དང༌། ཐོག་རྩེག་དང་པོ་ལ་ཐོག་རྩག་དང་པོ།  སྐས་ལ་འཛེག་པར་སྐས་ལ་འཛག་ཞེས་པ་ནི་ཁམས་ཆ་ཕྲེང་སྐད་དུའང་དེ་ལྟར་ལགས་སོ།
༧ དཔའ་ཤོད་རྫོང་དང་སྨར་ཁམས་རྫོང༌། མཛོ་སྒང་རྫོང་བཅས་སུ་མིང་གཞི་ཉ་དང་ནའི་སྒྲ་ལ་ཁྱད་པར་མི་གསལ་བས་ནམ་མཁའི་ཉི་མ་ལ་ནི་མ་ཞེས་དང༌།
༨  ཁམས་དཀར་མཛེས་ཁུལ་དུ་སྔོན་འཇུག་གི་སྒྲ་ཕལ་ཆེར་དབུས་གཙང་དང་མི་འདྲ་བར་མིང་གཞི་རྐྱང་པའི་སྒྲ་འདྲར་གསལ་པོ་བཀླགས་ཀྱང་ཆབ་མདོ་ས་ཁུལ་ཕལ་ཆེར་གྱིས་སྔོན་འཇུག་ཡི་གེ་མིང་གཞིར་སྦྱར་བ་དང་སྔོན་འཇུག་ག་ལ་གབ་དང་གེ་དང༌། ད་ལ་དབ་དང་དེ། བ་ལ་བབ། མ་ལ་མབ། འ་ལ་འམ་ཞེས་པའི་སྒྲ་དང་བཅས་མིང་གཞི་ལ་སྦྱོར་བཞིན་ཀློག་སྲོལ་ཡོད། 
༩ ལྷ་ཐོག་ཤང་དང་ཀརྨ་ཤང་སོགས་ཀྱི་འབྲོག་ཁུལ་ལ་རྗེས་འཇུག་ད་ས་དོར་ནས་བཀླགས་པ་ནི། ཡོད་ལ་ཡོ། བོད་ལ་བོ། སྟོད་ལ་སྟོ། དགོས་ལ་དགོ་ཞེས་དང༌།
༡༠ ཁམས་ཀྱི་ཡིག་སྐད་དུ་དབུས་སྐད་དང་མི་འདྲ་བར་ཨ་མདོའི་སྐད་ལྟར་རྗེས་འཇུག་ས་ལ་གཉིས་ཀྱི་སྒྲའི་ཁྱད་པར་གསལ་པོ་ཡོད།
༡༡  ཆབ་མདོ་མཐིལ་དུ་རྗེས་འཇུག་མ་ལ་རྗེས་འཇུག་ནའི་སྒྲ་འདྲར་བཀླགས་པས་སློབ་མ་རྣམས་ཀྱིས་རྟག་པར་རྩོམ་ཡིག་ཐོག་ཁྱིམ་ཞེས་པར་ཁྱིན་ཞེས་འབྲི་བ་ཧ་ཅང་མང༌།
༡༢  དཔའ་ཤོད་རྫོང་གི་འབྲོག་ཁུལ་གྱིས་རྗེས་འཇུག་མ་ལ་རྗེས་འཇུག་ང་འདྲར་བཀླགས་པས་ལམ་ལ་ལང་དང༌། རྗེས་འཇུག་ད་ལ་རྗེས་ འཇུག་ག་འདྲར་བཀླགས་པས་སྐྱིད་པ་ལ་སྐྱིག་པ་དང༌།
༡༣  བོད་སྤྱིའི་སྐད་དུ་ཡང་འཇུག་ཡོད་མེད་ཀྱི་སྒྲའི་ཁྱད་པར་ མི་གསལ་བ་དེས་དག་ནོར་འབྲི་ཉེན་ཤིན་ཏུ་ཆེ་བས་དེ་ལ་ཆེད་མངགས་ཞིབ་འཇུག་གནང་མཁན་ཞིག་ཡོད་ན་དགེ་མཚན་ཆེ།
༡༤ མདོ་དབུས་གཉིས་ནས་མང་ཆེ་བས་ཀྱ་སྐྱ་པྱ་སྤྱ་ལ་ཅ་སྒྲ་དང་འདྲ་ཆེ་བ་དང༌།   ཕྱ་ལ་ཁྱ།  བྱ་ལ་གྱ་རུ་བཀླགས་ཀྱང་ཁམས་ཀྱི་རོང་སྐད་མང་ཆེ་བར་སྐྱ་པྱ་ཕྱ་གསུམ་ནི་སྒྲ་ཤུགས་ཆེ་ཆུང་ཙམ་ལས་ཤ་སྒྲར་བཀླགས་པ་དང༌། བྱ་ལ་ཞ་དང་འདྲ་བར་བཀླགས་ཀྱི་ཡོད་ཀྱང་ཕྱུ་ར་ཞེས་པར་ཆུ་ར་ཞེས་པའི་སྒྲ་དང༌། ཕྱག་ཕྲེང་བ་ཞེས་པར་ཆ་ཕྲེང་བ་ཞེས་པར་གཞིགས་ན་དབུས་གཙང་གི་སྐད་དེ་དག་ཆེ་བ་ཡིན་ནམ་སྣང༌། སྟེང་ཆེན་རྒྱུད་སོགས་ཀྱིས་བྱ་ལ་ཛ་དང་ཟ། ཕྱ་ལ་ཚ་དང་ས་སྒྲར་བཀླགས་པ་ནི་ཁམས་སྟོད་འབྲོག་ཁུལ་གྱི་ཡུལ་སྐད་འགའ་ཤས་ཀྱི་ཁྱད་ཆོས་ཤིག་ཡིན།
༡༥  ཡ་བཏགས་དོར་ནས་བཀླགས་པ་ནི་སྦྱིན་ལ་སྦིན་དང༌།   བྱིན་ལ་བིན། ཕྱི་དྲོ་ལ་ཕི་དྲོ། ཕྱིན་ཅི་ལོག་ལ་ཕིན་ཅི་ལོག  སྤྱིན་ཆུ་ལ་སྤིན་ ཆུ་ཞེས་དང༌།
༡༦  བྱེད་ལ་མིང་གཞི་དོར་ནས་བཀླགས་པའམ་ཡེད་ཀྱི་སྒྲ་དང་སྟེང་ཆེན་བས་ཝེད་ཅེས་པའི་སྒྲ་བཀླགས་པ་དང༌། དབུས་སྐད་དུ་བྱ་ལ་ཡ་ཞེས་པས་དཔེར་ན་འཐུང་བྱ་ལ་འཐུང་ཡ་ཞེས་པ་ལྟར་ཆབ་མདོའི་སྐད་  དུའང་མང༌། 
༡༧  སླ་ལ་ཙའི་སྒྲར་བཀླགས་པས་ལས་སླ་མོ་ལ་ལས་ཙ་མོ་དང༌། རིག་གནས་སློབ་པ་ལ་རིག་གནས་ཙོབ་པ། གནས་དེར་སླེབས་ལ་གནས་དེར་ཙེབས། སླ་ང་ལ་ཙ་ང་ཞེས་སོ།
 
༡༨ ཟླ་ལ་རྫའི་སྒྲར་བཀླགས་པས་ཟླ་ཆུ་ལ་རྫ་ཆུ་དང༌། བཤད་པའི་དོན་གྱི་ཟློ་ལ་རྫོ་ཞེས་པས་ཆབ་མདོའི་སྐད་དུ་རྫོ་དང་མི་རྫོ་ཞེས་པའི་སྒྲ་ཧ་ཅང་མང༌། མཛོ་སྒང་སོགས་འགའ་ཤས་ཀྱིས་ཟླ་དང་བླ་གཉིས་སྒྲ་གཅིག་འདྲ་བཀླགས་པ།
༡༩ སྟེང་ཆེན་དང་རི་བོ་ཆེའི་རྒྱུད་ལ་སྐྲག་ལ་སྲག་དང༌། སྐྲུ་མི་ལ་སྲུ་མི་ཞེས་བཀླགས། ཁམས་འབྲོག་སྐད་དུ་མདོ་དབུས་ཀྱི་ཡུལ་འགའ་ཤས་ལྟར་སྲག་ལ་ཀྲག་ཞེས་པས་རྩིབ་སྲེག་ལ་རྩིབ་ཀྲག་དང༌། སྐྲག་པ་ལ་སྲག་པ།སྲབ་པོ་ལ་ཀྲབ་པོ། སྲོག་ལ་ཀྲོག  སྲོང་ལ་ཀྲོང་ཞེས་བཀླགས། གང་ལྟར་སྲ་ལ་གསའ་དང༌། ཧྲ། ཀྲ་ཞེས་པའི་སྒྲ་མི་འདྲ་བ་གསུམ་ཙམ་ཡོད་ཀྱང་གསའ་སྒྲ་ཁྱབ་ཆེ།
༢༠ ལྷ་ས་དང་ཁམས་འབྲོག་སྐད་ཁ་ཤས་ནང་ར་བཏགས་དོར་ནས་བཀླགས་པ་ནི་སྤྲང་ལ་སྤང་དང༌། སྦྲ་ལ་སྦ། སྤྲིན་ལ་སྤིན། བྲང་ལ་བང༌། འཕྲོག་ལ་འཕོག  སྤྲེལ་ལ་སྤེལ་ཞེས་དང༌། ཆབ་མདོ་བས་སྒོབ་རྡུང་བ་རེད་ཅེས་རྫིག་རྫིག་གཏོང་བ་རེད་ཅེས་པ་ནི་སྒྲོབ་ཅེས་པའི་དོན་ཡིན།
༢༡  སྨར་ཁམས་ཚྭ་ཁ་ལུང་གིས་སྦྲང་ལ་རང་དང༌། མཛོ་སྒང་བས་སྦྲུལ་ལ་རུལ་དང༌།  སྦྲེལ་ལ་རེལ་ཞེས་བཀླགས་པ།
༢༢ ཝ་ཟུར་གྱི་སྒྲ་ནི་མིང་གཞིའི་རང་སྒྲ་རིང་ཆ་ཅན་དུ་ཀློག་པ་ཕལ་ཆེར་འདྲའོ།།
༢༣  ཆབ་མདོ་བས་ལ་མགོའི་སྒྲ་དོར་ནས་བཀླགས་པ། དཔེར་ན། ལྷགས་པ་ལ་ཧགས་ཀ་དང༌། ལྷམ་ལ་ཧམ་ཞེས་བཀླགས་པ།  
༢༤ སྤྱིར་མགོ་ཅན་ཡི་གེ་ཁག་ནི་སྒྲ་ཤུགས་ཆེ་ཙམ་ལས་མིང་གཞིའི་རང་སྒྲ་ཙམ་ཡིན་པ་སོགས་རིམ་གྱིས་འཚོལ་ཞིབ་བྱ་རྒྱུ་ལགས།
    མདོར་ན། མིང་གཞིའི་ཡི་གེར་སྔོན་རྗེས་དབྱངས་གསལ་དང་བརྩེགས་འདོགས་སོགས་སྦྱར་བ་བརྒྱུད་སྒྲ་གདངས་གཞན་ཞིག་ཏུ་འགྱུར་བ་ནི་ཁ་དོག་དཀར་དམར་ལྷན་དུ་སྦྱར་བ་ན་རིམ་གྱིས་དཀར་དམར་གང་ཡང་མ་ཡིན་པའི་དམར་སྐྱ་ཞེས་པའི་ཕུང་གསུམ་པར་འགྱུར་བ་ལྟར་ཆོས་ཉིད་ཡིན་ཡང༌། དབུས་གཙང་དང་ཆབ་མདོའི་སྐད་དུ་མིང་གཞི་དང་སྔོན་འཇུག་མཉམ་དུ་སྡོམ་པ་དང་སྔོན་འཇུག་གི་རང་སྒྲ་གཞན་དུ་འགྱུར་བ་ནི་རྣམ་པར་རྟོག་ནས་སྒྲ་གདངས་འགྱུར་འགོ་ཚུགས་ཡོད་པར་སྣང༌།
གཉིས། མིང་ཚིག་གི་སྐོར།
༡  མིང་ཚིག་གི་སྒྲ་གདངས་ཀྱང་དབྱངས་གསལ་སྔོན་རྗེས་དང་བརྩེགས་འདོགས་ཀྱི་སྒྲའི་འགྱུར་བ་ལྟར་བྱུང་བ་དང༌། དམིགས་བསལ་དུ་སྔར་ཡོད་ཀྱི་མིང་ཚིག་ལས་དོན་གཅིག་ལ་མིང་མང་སྤྱོད་པ་ལས་འགའ་  ཤས་ཡིག་སྐད་གཙང་མ་ཡིན་ལ་འགའ་ཤས་ཡུལ་སྐད་ཙམ་ལས་ཡིག་ལམ་དུ་ཕབ་ཐབས་མེད་པས་འདོར་ལེན་གང་འཚམས་བྱ་དགོས།
༢  གསར་བྱུང་གི་ཐ་སྙད་ལ་གཅིག་གྱུར་བཟོ་མཁན་མེད་པས་མང་ཚོགས་ནས་རང་འདོད་ལྟར་སྒྱུར་བཟོ་བྱས་པ་དེས་ཡུལ་ལུང་ཕན་ཚུན་ཁྱད་པར་ཆེ་བར་འབྲེལ་ཡོད་སྡེ་ཁག་ནས་གཅིག་གྱུར་གཏན་འབེབས་བྱ་དགོས་ངེས་ཡིན།
༣  གཞན་ཡང་ཡུལ་ལུང་འགའ་ཤས་ཀྱི་ཡུལ་སྐད་དེ་ས་ཕྱོགས་གཞན་དུ་ཡིག་སྐད་ཡིན་ལ་འགའ་ཤས་ཀྱི་ཡིག་སྐད་གཅིག་ཤོས་དེའི་ཡུལ་སྐད་དུ་སྣང་བའང་མང༌། 
༤  ཆབ་མདོའི་སྐད་དུ་མང་ཚིག་བསྟན་པའི་སྒྲ་ནི་ཡོ་དང༌། མང་ པོ་ལ་ཧ་ལས་དང༌།  གཡང་འདྲ། སྐྲག་མོ་ཞེས་པ་སྟེ། དཔེར་ན། སློབ་མ་ཚོ་ལ་སློབ་མ་ཡོ། ཡོན་ཏན་མང་པོ་ཡོད་ཅེས་པར་ཡོན་ཏན་ཧ་ལས་ཡོད་ཅེས་དང༌། གཞན་ཡང་མང་ཚིག་ལ་གཙང་སྐད་ཀྱི་གྱད་དང་ཅུང་འདྲ་བར་འདི་ཚོ་ལ་འདི་གད་དང༌། དེ་ཚོ་ལ་དེ་གད་ཅེས་དང༌། དབུས་སྐད་ལྟར་ཁྱོད་ཚོ་ལ་ཁྱོད་གྲ་དང་ང་ཚོ་ལ་ང་གྲ་ཞེས་པའང་ཡོད།      
༥  ཆབ་མདོ་སོགས་ཁམས་ཁུལ་དུ་ཡོད་མེད་ཀྱི་དོན་ལ་གཞན་ཕྱོགས་ཡིན་ན་འགི་དང་མི་འགི་དང༌། རང་ཕྱོགས་ལ་ཡོད་མེད་ཅེས་བེད་སྤྱོད་སྲོལ་ཡོད་པ་དེ་ཡོད་མེད་རང་དུ་གཏན་འབེབས་བྱས་ན་མདོ་དབུས་གཉིས་ནས་ཀྱང་གོ་མི་ཐུབ་པ་མེད་པ་སོགས་ལ་བློ་ལྡན་རྣམས་ཀྱིས་ཁྲིད་སྟོན་ཡང་དག་གནང་བ་མཁྱེན། 
 
གསུམ། བརྡ་སྤྲོད་ཀྱི་སྦྱོར་ལུགས་སྐོར།
 ༡  ཕྲད་རྣམ་དབྱེ་ལས་སླར་བསྡུའི་རྫོགས་ཚིག་གི་ཚབ་ཏུ་ཚར་དང་ཐལ་ཞེས་རྐྱང་པའམ་མཉམ་སྦྱར་གང་རུང་ཡོད་ལ། འགའ་ཤས་སུ་རེད་དོ་ཞེས་པའི་དོན་ལ་རེད་གོ་དང༌། ཡིན་ནོ་ལ་ཡིན་གོ་ཞེས་གོ་སྦྱར་བའང་ཡོད།
 ༢  ལ་དོན་གྱི་ཕྲད་ལས་རང་དབང་ཅན་ན་ལ་གཉིས་གཙོ་བོར་ སྦྱར་བ་དང༌། ར་དང་རུ་སྦྱོར་སྲོལ་ཡང་སྣང་སྟེ། ཆེ་རུ་ཆགས་ཚར་ཐལ་ཞེས་པ་དང༌། སློབ་གྲྭར་འགྲོ་ཞེས་སོ། ཅ་ལག་ཉོ་བར་འགྲོ་ཞེས་པའི་རྣམ་དབྱེ་གཉིས་པའི་སྒྲ་ནི་ཅ་ལག་ཉོ་མི་འགྲོ་ཞེས་མི་སྒྲ་སྦྱར་བ་དང༌།
༣  བྱེད་འབྲེལ་གཉིས་ཀྱི་ཕྲད་ནི་རྗེས་འཇུག་ལ་ལྟོས་མིན་གང་རུང་གི་གིས་གྱི་གྱིས་འི་འིས་ཡི་ཡིས་བཅས་གང་བདེར་སྦྱོར་སྲོལ་འདུག
༤  རྒྱན་སྡུད་ཀྱི་ཕྲད་ནི་འང་རྐྱང་དང་འགའ་ཤས་སུ་ལའང་ཞེས་སྦྱར་བ་མྱུར་དུ་བཀླགས་པས་ལ་སྒྲ་རྐྱང་པ་སྦྱར་བ་ལྟར་སྣང༌།
༥  འབྱེད་སྡུད་ཀྱི་སྒྲ་དྲི་ཚིག་བསྟན་པར་ཡིན་ནམ་ཞེས་དང༌།  རེད་དམ་ལ་རེད་ག་ཞེས་པ་ག་སྒྲ་མང་བ་ནི་གམ་གྱི་སྒྲ་ཉམས་པ་ཡིན་ན་སྙམ། གཞན་ཡང་དྲི་ཚིག་ལ་ལེ་ཞེས་སྦྱར་བ་རེད་ལེ་དང༌། ཡོད་ལེ་ཞེས་   སོགས་མང༌།
༦  ལྷག་བཅས་ཀྱི་ཕྲད་ནི་མཚམས་སྦྱོར་གྱི་སྐབས་སུ་མང་སྟེ་ནས་སྦྱར་བ་དང༌། གཞན་འདྲེན་གྱི་དོད་དུ་རེད་དེ་ཞེས་པ་དེ་སྒྲ་སྦྱར་བའང་མཐོང༌།
༧  འབྱུང་ཁུངས་ཀྱི་ཕྲད་ནས་ལས་ཁ་གསལ་པོ་ཡོད།
༨  འབོད་སྒྲ་ལ་ཝ་ཡེ་ཞེས་པ་མྱུར་ཀློག་བྱས་པས་ཝེ་དང༌། ཀ་ཡེ་ཞེས་པའང་ཀེ་དང༌།
༩  ནི་སྒྲ་བེད་སྤྱོད་ཆ་ཚང་ཡོད་སྙམ།
༡༠  དང་སྒྲ་བེད་སྤྱོད་མང་ཡང་སྒྲ་ཉམས་ཏེ་ཁོ་དང་ང་ལ་ཁོ་ དོང་ང་ཞེས་པ་དང༌། སྐུལ་ཚིག་གི་དོན་བསྟན་པའི་འགྲོ་དང༌། ཉོན་དང་ཞེས་པར་འགྲོ་དོ་དང་ཉོན་དོ་ཞེས་བཀླགས་པ།
༡༡  དེ་སྒྲ་དང་འདི་སྒྲ་ཁ་གསལ་པོ་ཡོད་ཀྱང་ཐོག་མར་ཨའམ་འ་སྒྲ་སྦྱོར་སྲོལ་མང༌། དཔེར་ན། དེ་ལ་ཨ་དེའམ་འ་དེ། འདི་ལ་ཨ་འདིའམ་འ་འདི།
༡༢  སྤྱི་སྒྲ་ལས་ཅི་ལ་ཆི་དང་དེ་མིན་ཡིག་སྐད་དང་མཐུན།
༡༣  དགག་སྒྲ་ནི་བོད་ཀྱི་བརྡ་སྤྲོད་ཀྱི་ལུགས་དང་གཅིག་མཚུངས་ཡིན།
༡༤  བདག་སྒྲའང་བརྡ་སྤྲོད་ཀྱི་ལུགས་བཞིན་ཡིན་ལ་བདག་སྒྲའི་དོན་བསྟན་པའི་སྒྲ་མི་སྦྱར་བའང་ཡོད་དེ། སྐད་ཆ་བཤད་མཁན་ལ་སྐད་ཆ་བཤད་མི། ཡི་གེ་འབྲི་མི་ཞེས་པ་སོགས་མང༌།
༡༥  ཚིག་ཕྲད་ཞིང་སོགས་ལས་ཅིག་སྒྲ་གཅིག་དང་ཕྱོགས་མཚུངས་ཀྱི་དོན་བསྟན་པར་འཇུག་པ་ཡོད་ལ་དེ་མིན་ཤིན་ཏུ་ཉུང་ཞིང་ཟེར་བ་དང༌། ཟེར་ན། ཟེར་བ་རེད་ཅེས་ཀྱིས་ཚབ་བྱས།
མདོར་ན། སྐད་འགྲོས་ཡིག་སྐད་དང་མཐུན་ཡང་སྒྲ་གདངས་ཀྱི་ཁྱད་པར་དང་དགོས་མེད་ཀྱི་ཡིག་ཟོར་མང་བ་སོགས་ལ་རིམ་གྱིས་འདོར་ལེན་གང་འཚམ་བྱས་ན་ལེགས། 
 
གཉིས་པ། བོད་སྐད་དུ་དགོས་མེད་ཀྱི་ཐ་སྙད་སོགས་འདྲེས་མི་རུང་བའི་ སྐོར།
       འཛམ་གླིང་འདིར་སྤྱི་ཚོགས་ཡར་རྒྱས་ཇི་ལྟར་འགྲོ་བ་བཞིན་མིང་བརྡ་གསར་པ་ཇི་སྙེད་ཅིག་བྱུང་དང་འབྱུང་བཞིན་ཡོད་མོད། འོན་ཀྱང་བོད་སྐད་ལ་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་མཉམ་པའི་ཁོར་ཡུག་ ལེགས་པོ་མེད་པས་མིང་བརྡ་གསར་པས་དབུལ་ཞིང་ཐ་ན་སྔར་ཡོད་ཀྱི་མིང་བརྡ་དག་ཀྱང་བེད་སྤྱོད་ཇེ་ཉུང་དུ་སོང་ནས་བོད་སྐད་དུ་རྒྱ་སྐད་སོགས་དགོས་མེད་ཀྱི་མིང་བརྡ་བཙན་བཙུད་བྱས་ཏེ་རང་སྐད་ལ་སྐྱོན་ལྷད་བརྒྱབ་དང་རྒྱག་བཞིན་ཡོད་དེ། དཔེར་ན། སློབ་གྲྭའི་ཁོར་ཡུག་ཏུ་ཆ་  མཚོན་ན། དགེ་རྒན་འགའ་ཤས་ཀྱིས་སྣང་མེད་དུ་སྐད་ཆ་འདི་རིགས་སྨྲས་ཏེ།  ཙོའོ་ཡེ་(作业)ཡར་ཅའོ་(交)ཨེ་ཚར།   བང་ཀུང་སི་(办公室)ནང་ལ་ལོའོ་སི་(老师)ཡིས་བེ་ཁོའོ་(备课)བཟོ་བཞིན་གདའ།   ཞོའོ་སྲིང་(学生)དེ་ཚོ་ཐེའོ་ཕིག་(调皮)ཧ་ལས་ཡོད་རེད་སོགས་དང༌།   སློབ་མ་རྣམས་ཀྱིས་ཀྱང་ཤིང་ཅིའི་ཡེ་(星期一)ཡི་ཙག་ཏོའོ་(早自习)ཙང་འུན་ཁོའོ་(藏文课)རེད།   ངས་དྲེ་ཚི་(这次)ཁའོ་སི་(考试)ནང་ཡེ་འུན་(语文)ཏེའི་ཡེ་མིང་(第名)བླངས་བཞག་འགི   ཐིའི་ཡུས་ལོའོ་སིས་(体育老师) ང་ཚོར་ཕའོ་པུའུ་(跑步)བྱེད་བཅུག་བྱུང་ཞེས་སོགས་བགྲང་གིས་མི་ལངས། གནས་ཚུལ་དེ་ལྟ་བུ་ལས་བྱུང་བའི་མཇུག་འབྲས་ནི་སློབ་མ་རྣམས་ཀྱིས་བོད་ཡིག་སྒྲ་གདངས་ཡང་དག་པར་ཀློག་མི་ཐུབ་པ་དང༌། བོད་ཡིག་ནས་རྩོམ་འབྲི་བྱེད་སྐབས་དངོས་ཟོག་གསར་པའི་ཐ་སྙད་གསར་པ་བེད་སྤྱོད་མི་ཤེས་ལ་སྔར་ཡོད་ཀྱི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་མིང་བརྡ་དག་ཀྱང་བརྗེད་ངད་དུ་སོང་བ། སྐད་བརྡ་ལ་སྡེབ་སྦྱོར་ཉམས་ནས་བོད་ཀྱི་བརྡ་སྤྲོད་ལུགས་དང་ཡོངས་སུ་འགལ་བ་བཅས་སོ།
      མདོར་ན་སྐད་ཡིག་གི་གྲུབ་ཆ་གསུམ་ནི་གདངས་དང༌། ཐ་སྙད།  བརྡ་སྤྲོད་གསུམ་ཡིན་ན། དེ་གསུམ་ཀ་ཡོངས་སུ་ཉམས་པར་བྱས་པའི་ཁ་ སྐད་ར་མ་ལུག་དེས་འཛམ་གླིང་ཐོག་ལོ་རྒྱུས་རིང་ལ་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་སྙན་གྲགས་ཅན་ཞིག་རྨེག་མེད་དུ་གཏོང་ཉེན་ཡོད་པས་དགེ་སློབ་རྣམས་ཀྱི་སྤང་བྱ་དང་པོ་ཡིན་ལ་བོད་མི་ཀུན་གྱིས་མནོ་བསམ་བྱ་དགོས་པའི་གནད་ཅིག་ཀྱང་ངོ་།
གསུམ་པ།  ཡ་རབས་གུས་ཞབས་ཀྱི་ཞེ་ཚིག་བེད་སྤྱོད་པ་ལས་མ་རབས་ཀྱི་ཚིག་རྩུབ་སོགས་སྤང་དགོས་པའི་སྐོར།
     སློབ་གྲྭའི་སློབ་གསོ་ལས་ཀུན་སྤྱོད་སློབ་གསོ་ནི་རིག་གནས་སློབ་ གསོ་དང་མཉམ་འགྲོ་ཡིན་ལ་ཀུན་སྤྱོད་མེད་པའི་རིག་གནས་ཅན་དེས་མི་རིགས་དང༌། རྒྱལ་ཁབ། སྤྱི་ཚོགས་སོགས་ལ་ཕན་ཐོགས་ཡོང་ཐབས་མེད། ཀུན་སྤྱོད་ནི་ལུས་ཀྱི་བྱ་སྤྱོད་དང་ངག་གི་བརྗོད་པ་ནས་མཚོན་ཞིང༌། རང་ཅག་ཆུང་དུས་ནས་རྒྱ་ཡིག་དགེ་རྒན་རྣམས་ཀྱིས་ཚོང་ཁང་དུ་ཅ་ལག་ཉོ་བར་འགྲོ་དུས་ཚོང་བཙོང་མཁན་གྱི་བུད་མེད་ལ་""(阿姨)དང་སྐྱེས་པ་ལ་"叔叔"(ཨ་ཁུ་)ཞེས་འབོད་དགོས་པ་ལས་ཐད་ཀར་ཝེ་ཞེས་འབོད་མི་རུང་ཞེས་དོ་ནན་གྱིས་སློབ་གདམས་ཡང་ཡང་གནང་གི་ཡོད་མོད། འོན་ཀྱང་བོད་སྐད་དུ་ཕ་རོ་མ་རོ་ལ་སོགས་པའི་ཚིག་རྩུབ་དང༌། ཇོ་ཤཱཀ་དང༌། བཀའ་བསྟན་ལ་སོགས་པའི་མནའ་ཚིག་གང་བྱུང་སྨྲ་བ་སྣང་མེད་དུ་འཇོག་པ་ནི་ཀུན་སྤྱོད་སློབ་གསོར་དང་འདོད་མེད་པའི་གནད་འགག་ཆེན་པོ་ཞིག་ཡིན།   ངག་ནས་ཚིག་རྩུབ་དང་མནའ་ཚིག་ཤ་སྟག་འདྲེས་པའི་མི་ དེས་གཞན་སེམས་དཀྲུག་ཅིང་རང་ཉིད་མི་དགའ་བར་བྱེད་པ་དང༌། ཡ་རབས་ཞེ་ས་དང་ལྡན་པའི་མི་དེས་གཞན་སེམས་དགའ་བ་དང་རང་ཉིད་ཡིད་དུ་འོང་བར་བྱས་པས་ཡ་རབས་ཀྱི་ཞེ་ཚིག་ནི་མིག་འབྲས་བཞིན་དུ་གཅེས་པར་འཛིན་དགོས་པ་ལགས། དངོས་གནས་སེམས་རྣལ་དུ་ཕབ་ནས་བརྟགས་ན་ཚིག་རྩུབ་འགའ་ཤས་ཁ་ནས་སྨྲ་ཐབས་ཡོད་ཀྱང་དོན་ལ་བསམ་ཕོད་དང་བྲལ་ཏེ་ཡིག་ལམ་དུ་ཕབ་པའི་སྤོབས་པའང་དེ་བས་ཀྱང་མི་གདའ། བོད་ལ་མནའ་སྐྱེལ་བའམ་བྲོ་བོར་བ་ཞེས་པའི་ལུགས་སྲོལ་དེ་གནའ་བོ་ནས་ཡོད་ཀྱང་དེ་ནི་ཁྲིམས་ལུགས་ལ་རོགས་འདེགས་ཁ་གསབ་ ཀྱི་བྱ་ཐབས་ཙམ་ལས་ཡར་རྒྱས་སྤྱི་ཚོགས་ཀྱི་མེད་དུ་མི་རུང་བའི་སྲོལ་བཟང་ཞིག་མ་ཡིན།  མནའ་སྐྱེལ་ཞེས་པ་ཐེ་ཚོམ་གྱི་དོན་གང་ཞིག་ལ་ཁས་ལེན་གྱི་དཔང་པོའི་ཚུལ་དུ་མདུན་དུ་ཅ་དངོས་གང་འཇོག་པའམ་ཁ་ནས་གང་སྨྲ་བའི་སྐད་ཆའི་དོན་དེ་རྒྱལ་དུ་བཙུགས་ཏེ་དམ་བཅའ་འཇོག་པ་ཡིན། གལ་སྲིད་ཁས་ལེན་དང་འགལ་ན་མནའ་ཟ་བ་ཞེས་ཧ་ཅང་མ་རབས་ཐ་ཤལ་དུ་རྩིས་སྲོལ་ཡོད། ཆོས་དང་འབྲེལ་བའི་མནའ་ནི་ཆོས་སྤངས་ཀྱི་རྒྱུ་རུ་འགྲོ་སྟེ། རང་བདེན་ན་གཞན་དེས་མནའ་ཟོས་པ་དང་གཞན་བདེན་ན་རང་གིས་མནའ་ཟོས་པ་ལས་མེད་པས་རང་གཞན་གཉིས་ལ་ཉེས་པ་ཆེན་པོ་བརྩི་སྲོལ་ཡོད།  འོན་ཀྱང་ང་ཚོའི་ཁོར་ཡུག་ཏུ་འགའ་ཤས་ཀྱིས་དེའི་དོན་མ་ཤེས་པར་གང་མོས་སུ་མནའ་སྐྱེལ་ནས་གོམས་གཤིས་ངན་པར་ཆགས་ཤིང་ཐ་ན་རྒྱ་རིགས་དགེ་རྒན་འགའ་ཤས་ཀྱིས་ཀྱང་ལད་ཟློས་ཀྱིས་ཇོ་ཤཱཀ་ཞེས་མནའ་སྐྱེལ་ཀྱི་ཡོད་པས་ཅིས་ཀྱང་སྤང་དགོས་ངེས་སོ།
    མདོར་ན། སྐད་ཆ་ནི་མི་དང་མིའི་དབར་འབྲེལ་འཛུགས་ཀྱི་ལམ་བུ་དང་པོ་ཡིན་ལ་མཐུན་སྒྲིལ་གཅིག་གྱུར་ཡོང་བའི་ཆ་རྐྱེན་དང་པོའང་ཡིན། མི་རིགས་ཤིག་ལ་ཆ་མཚོན་ན་སྐད་ཡིག་ཉམས་པ་དང་འབྲེལ་ཡོད་ཀྱི་རིག་གནས་གོམས་སྲོལ་མཐའ་དག་རིམ་གྱིས་ཉམས་ཏེ་རྩ་བརླག་ཏུ་ཕྱིན་ན་གྱོང་དེ་ལས་ཆེ་བ་མེད་ངེས་པས་བོད་མི་ཀུན་དང་སྒོས་སུ་བོད་སྐད་ཡིག་དང་འབྲེལ་བའི་ལས་དོན་པའམ། བླ་གྲྭ་དང༌། དགེ་སློབ་སོགས་ནས་བོད་སྐད་བོད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐད་ལ་དངོས་ཤུགས་བརྒྱུད་གསུམ་ནས་མ་སྐུལ་དང་བླངས་ཀྱིས་བྱས་རྗེས་འཇོག་དགོས་པ་དུས་རབས་ཀྱི་འགན་འཁྲི་ཡིན་ལ་སོ་སོའི་མི་ཚེ་དོན་དུ་འགྱུར་བའི་རྒྱུ་བཟང་པོ་ཞིག་ཀྱང་ལགས་སོ།
 
                                        
ཆབ་མདོ་ས་ཁུལ་དམའ་རིམ་སློབ་འབྲིང་གི་བོད་ཡིག་དགེ་རྒན་
                                                            ཆ་ཕྲེང་ཟླ་བས།
2010.04.03

·རྩོམ་ཡིག་གོང་མ:རྩི་ལྗོན་དང་མེ་ཏོག་གི་སྙིང་གཏམ་དམར་པོ།
·རྩོམ་ཡིག་འོག་མ:ཁྱོད་འདི །
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ལོག་རྟོག་སྙིང་སྟོབས་ལ་དཔྱད་པ་་བསྡུས་གྲྭའི་མེ་སྟག། 2011/8/4 17:44:00
·བོད་ཀྱི་མགུར་གླུའི་བྱུང་འཕེལ་སྐོར་གླེང་བ། 2010/12/27 10:46:18
·རླུང་འཕྲིན་རོལ་དབྱངས་རྩོམ་སྒྲིག་པའི་བྱང་ཚད་སྐོར། 2010/11/16 17:26:48
·ཚངས་མགུར་གྱི་སྙན་ངག་གི་མཛེས་པ་གླེང་བ། 2010/7/27 12:11:05
·ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་དཔྱད་རྩོམ་ཞིག༢ 2010/1/30 18:10:55
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 18:05:29 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:05:21 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 10:35:08 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS