ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

རང་གྲོལ་དང་སྙིང་སྟོབས་སྐོར་གླེང་བ།

  རྩོམ་པ་པོ:ཞོགས་ལྗང་།ཡོང་ཁུངས:ངེད་དྲ་བ་།གཟིགས་གྲངས:1585ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/11/30 20:28:32ཚོགས་ཡར་སྤྲོད:admin

རང་གྲོལ་དང་སྙིང་སྟོབས།

______མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་རང་གྲོལ་རྗེས་དྲན་འདུ་ཚོགས་སྟེང་གི་གཏམ་བཤད།
 
ཞོགས་ལྗང་།
 
      ཐོག་མར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་སློབ་མ་དག་གཙོ་བྱས་ཏེ་རང་གྲོལ་རྗེས་དྲན་ལ་ཤུགས་སྣོན་བྱས་པའི་འདིར་བཞུགས་ཀྱི་བོད་རིགས་དགེ་སློབ་རྣམས་དང་ལས་རིགས་གཞན་གྱི་ཟུར་ཞུགས་པ་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་མཉམ་དུ། འུ་ཚོས་རང་གྲོལ་ལ་རྗེས་དྲན་ཞུ་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ཞེས་པ་འདི་ཡང་རྣམ་པ་ཚོའི་དཀྱིལ་དུ་འཇོག་འདོད་གི ཞོར་དུ། འདི་ལྟ་བུའི་དོགས་པ་ཞིག་ཀྱང་ཡོད་གི དེ་འདིར་བཞུགས་ཀྱི་རྣམ་པ་ཚང་མའི་སྤྱི་གཞུང་དུ་གཡུགས་པ་ཡིན། དེ་རིང་ནི་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན་རེད། ཁྱོད་ཚོས་སྐུ་ཞབས་ཁོང་ཉིད་ཀྱི་རྗེས་དྲན་དེ་རིང་ཚོགས་དོན་ནི་ཁོང་ཉིད་དེ་རིང་སྐུ་གཤེགས་པར་ངོས་འཛིན་བྱས་པ་ཡིན་ས་རེད། ཡིན་ན་ཡང་། བདག་གིས་བསམ་ན་སྐུ་ཞབས་ཁོང་ཉིད་སྐུ་གཤེགས་པའི་ཉིན་དངོས་ནི་སང་ཉིན་རེད། སྔོན་ཆད་ལྟར་ན་འདིའི་སྐོར་ལ་ཡང་བཤད་ཚུལ་འགའ་རེ་བུད་པ་རེད། ཡིན་ན་ཡང་། སྐུ་ཞབས་ཨ་བུ་ལགས་ཀྱི་རང་གྲོལ་ཞིབ་འཇུག་གི་དེབ་དེ་སྒོར་བཀྲམ་པ་ནས་བཟུང་། ཚང་མས་དུས་དེ་རིང་ལ་ངོས་འཛིན་གནང་གིན་ཡོད་ཚོད་འདུག  ངས་ཉེར་སྔོན་གྲོགས་དགུ་རོང་སྤུན་གྲོལ་ལགས་ཀྱིས་བཙལ་བའི་གཞུང་ཕྱོགས་ཀྱིས་ཉར་བའི་རྒྱུ་ཆ་དག་མཐོང་བ་ན། སྐུ་ཞབས་ཁོང་ཉིད་ཀྱི་འདས་སྐར་ནི་སང་ཉིན་རེད། དེ་རིང་དགོང་མོའི་དུས་ཚོད་བཅུ་གཉིས་ཕར་འདས་པའི་སང་ཉིན་ཞོགས་པར་ཁོང་གིས་རང་སྲོག་བཅད་པ་རེད། དེ་གཞུང་ཕྱོགས་ཀྱི་རྒྱུ་ཆའི་ངོས་སུ་གསལ་བོར་བཀོད་འདུག དེ་བས། རྣམ་པ་ཚོར་ཁོམ་སྐབས་འདྲ་འབྱུང་བའམ། ཡང་ན་མོས་པ་ཙམ་ཡོད་ན་དེའི་སྐོར་ནས་ཀྱང་རྒྱུ་ཆ་བཙལ་ནས་བསམ་གཞིག་བཏང་ན་འགྲིག་གི་སྙམ།
      ཞོལ་ནས་དེ་རིང་ངས་བཤད་འདོད་པའི་ནང་དོན་དངོས་ཀྱི་སྟེང་དུ་འབབ་པར་བྱེད། སྤྱིར་ན། སྐུ་ཞབས་རང་གྲོལ་གླེང་དགོས་ཚེ། སྣ་སྒོ་གང་ནས་ཀྱང་གླེང་ཆོག་གི་རེད་མོད། དེ་རིང་དུས་ཚོད་སོགས་ཕྱོགས་གང་ཐད་ནས་བཀག་རྒྱ་ཡོད་གི  དེ་ན་བདག་གིས་སྐུ་ཞབས་ཁོང་ཉིད་ཀྱི་སྙིང་སྟོབས་སྐོར་ནས་ཅུང་ཙམ་གླེང་བར་བྱེད། འདི་ཡང་ང་རང་གིས་བསམ་གཞིག་བཏང་བ་ཙམ་ཡིན་པ་ལས་གཞན་ཡིན་ནི་མ་རེད། དེ་བས། འདིར་ཡང་ནོར་འཆུག་སོགས་མང་དུ་འབྱུང་སྲིད་པ་རེད། དེའི་སྐོར་ནས་རྣམ་པ་ཚོས་དག་འབུད་བྱེད་པར་བཀའ་དྲིན་མི་ཆུང་བ་ཞུ་རྒྱུ་ཡིན། དེ་ན་སྐུ་ཞབས་ཁོང་གི་སྙིང་སྟོབས་གང་རེད་ཟེར་ན། གོང་ནས་རྒན་མཚོ་སྐྱེས་ལགས་ཀྱིས་གསུངས་པ་བཞིན་འདི་དང་གན་རེད་ཅེས་ཟུར་ནས་བཅད་ཅིང་ལེབ་ཀྱིས་གཞོགས་པར་བྱེད་དཀའ་གི་མོད། ཡིན་ན་ཡང་། རང་བློས་བསམ་གཞིག་ཅུང་ཙམ་བཏང་ན། འདི་ལྟ་བུའི་སྙིང་སྟོབས་གསུམ་གྱི་སྒང་ནས་བཤད་ན་འགྲིག་གི་འདོད།
     དང་བོ། དགག་སྒྲུབ་སྙིང་སྟོབས།
སྐུ་ཞབས་མེ་ལྕེ་ལགས་ཀྱིས་བྲིས་པའིམི་ཡུལ་གྱི་དོན་གྲུབ་རྒྱལཞེས་པའི་ནང་དུ་ཁོས་སྐུ་ཞབས་ཁོང་ཉིད་ཀྱི་མཛད་རྗེས་ཕྱོགས་གསུམ་དུ་བསྡུས་འདུག དང་བོ་ཡིན་ན། ཁོང་གི་གསར་གཏོད་ཀྱི་སྙིང་སྟོབས་རེད། གཉིས་པ་ཡིན་ན། ཁོང་གི་བརྩི་ཁུར་མི་བྱེད་པའི་སྙིང་སྟོབསམི་རྟོན་པའི་སྙིང་སྟོབསརེད། གསུམ་པ་ཡིན་ན། ཁོང་གི་ངོ་ལོག་གམ་རྒྱབ་གཏོད་ཀྱི་སྙིང་སྟོབས་རེད།ཅེས་བྲིས་འདུག ངས་བསམ་ན། ཁོང་གི་སྙིང་སྟོབས་དང་བོ་ཡིན་ན་དགག་སྒྲུབ་ཀྱི་སྙིང་སྟོབས་རེད། འདི་ནི་ཁོང་གི་བརྩམས་ཆོས་དག་གི་ཁྲོད་ཆེས་མངོན་གསལ་དོད་པའི་སྙིང་སྟོབས་ཤིག་རེད། ཁོང་ཉིད་འདི་ལྟ་བུའི་མི་བུ་རླབས་ཆེན་ཞིག་ཏུ་གྱུར་བའི་སྔོན་འགྲོའི་སྙིང་སྟོབས་ནི་འདི་ཉིད་རེད། ཁོང་ལ་འདི་ལྟ་བུའི་སྙིང་སྟོབས་ཤིག་མེད་རྒྱུ་ན། ད་ལྟའི་འདི་ལྟ་བུའིམི་ཡུལ་གྱི་དོན་གྲུབ་རྒྱལཞིག་ཡོད་དཀའ་ཚོད་རེད།
  དེ་ན་ཁོང་གི་དགག་སྒྲུབ་ཀྱི་སྙིང་སྟོབས་དེ་གང་ནང་མཚོན་ཐུབ་ཟེར་ན། འུ་ཅག་ཚང་མའི་མིག་ལམ་དུ་གསལ་ལམ་མེར་འཆར་འོང་བ་ནིསྤྲུལ་སྐུཞེས་པའི་ཁོང་གི་བརྩམས་ཆོས་གྲགས་ཅན་དེ་ཡིན་རྒྱུ་རེད། འུ་ཚོས་འདང་ཞིག་རྒྱག  ཁོང་གིས་བརྩམས་དེ་ཉིད་འབྲི་དུས་ནི་ལོ་རབས་བརྒྱད་ཅུའི་མགོ་རེད། སྐབས་དེ་ནི་རིག་གནས་གསར་བརྗེ་མཇུག་སྒྲིལ་ནས་ལོ་མང་བོ་ཞིག་མ་འགོར་བའི་བར་སྐབས་ཤིག་རེད། བོད་མི་དག་གི་སེམས་སུ་སྣང་བ་ནི་ཞེ་འཁོན་དང་དད་སེམས་རེད། ཁོ་ཚོའི་མིག་ལམ་ནས་ཐུབ་བསྟན་ཆོས་ལུགས་དང་འབྲེལ་ཡོད་ཐམས་ཅད་གསེར་རེད། ཤ་ཞེན་རུས་ཞེན་ཆེས་ཟབ་ས་རེད། སྤྲུལ་སྐུ་ནི་འུ་ཅག་གི་ཐུབ་བསྟན་ཆོས་ལུགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་རེད། དེ་བས། མང་ཚོགས་ཚོས་ནམ་ཡངརྩ་བའི་བླ་དང་གཙུག་གི་ནོར་བུཞེས་ཟེར་ནི་རེད། སྐབས་དེ་འདྲ་ཞིག་ལ་སྐུ་ཞབས་རང་གྲོལ་ལགས་ཀྱིས《སྤྲུལ་སྐུབྲིས་ནས་བོད་ཡུལ་ཧང་སངས་པར་བྱས་པ་དང་། ཐམས་ཅད་སྙིང་ན་བར་བྱེད་དུ་བཅུག་པ་རེད། འུ་ཚོས་ལྟོས་དང་། གལ་ཏེ་འུ་ཚོ་ཡིན་ན། ཁོང་གི་སྦྱོར་བ་འདི་ལྟ་བུ་ལག་ཏུ་བསྟར་ཐུབ་རྒྱུ་ཨེ་རེད། ངས་བསམ་ན་མ་རེད་འདོད་གི  མ་ཟད། ཁོང་གིསད་ཀྱིས་བཅོམ་པའི་མེ་ཏོག》དངརྒྱུ་འབྲས་མེད་པའི་མནའ་མསོགས་ལ་བལྟས་ན་ཡང་ཁོང་གིས་འུ་ཅག་གི་སྐྱུག་བྲོ་བའི་ངོ་གདོང་ཞིག་དགག་གིན་འདུག འདི་ལྟ་བུའི་སྙིང་སྟོབས་ནི་ཁོང་གི་དགག་སྒྲུབ་སྙིང་སྟོབས་རེད།
   ད་ལྟ་འུ་ཅག་གི་སེམས་ངོས་སུ་ད་དུང་དྲི་བ་ཞིག་རང་བཞིན་གྱིས་འཁོར་འོང་བ་ནི། ཁོང་ལ་འདི་ལྟ་བུའི་སྙིང་སྟོབས་ཤིག་ཇི་ལྟར་སྐྱེས་པ་ཡིན་ནམ་ཞེས་པ་དེ་ཡིན་རྒྱུ་རེད། ངས་སྔོན་ཆད་འདིའི་སྐོར་ནས་བསམ་གཞིག་བཏང་བ་ཡིན། རླབས་ཆེན་གྱི་སྐྱེས་བུ་ཇི་འདྲ་ཞིག་ཡིན་རུང་། དེ་ལ་སྐབས་དེའི་སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་པར་བསྙོན་དུ་མེད་པ་རེད། དེ་བཞིན་དུ། སྐུ་ཞབས་ཁོང་ཉིད་དེ་ལྟ་བུའི་སྙིང་སྟོབས་ཤིག་ཏུ་གྱུར་དོན་ལ་ཡང་རྒྱུ་རྐྱེན་ངེས་ཅན་ཞིག་ཡོད་སྲིད་པ་རེད། ངས་འདི་ལྟར་བལྟས་པ་ཡིན། ཁོང་ཉིད་གནའ་མཁར་ཟི་ལིང་ནས་པེ་ཅིང་དུ་ལོག་དུས་ནི་རྒྱ་ནག་ལ་མཚོན་ན་རིག་གནས་གསར་བརྗེ་མཇུག་སྒྲིལ་ཏེ་བསམ་བློ་བཅིང་འགྲོལ་གྱི་ཚ་རླབས་འཕྱུར་གྱིན་པའི་སྒང་རེད། མ་ཟད། རྒྱ་ནག་གིས་ལོ་རབས་བརྒྱད་ཅུ་བརལྔ་བཞིའི་རིག་གནས་གསར་བའི་མཐོ་རླབསསམརྒྱ་ནག་གི་བློ་འབྱེད་དུས་རབསཞེས་ཀྱང་ཟེར་གི ཁོང་ཉིད་སྐབས་དེ་འདྲ་ཞིག་ལ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པར་རག་ལས་ཆེན་པོ་ཡོད་རྒྱུ་རེད་བསམ་གི ལྷག་པར་དུ། ཁོང་ཉིད་ཀྱིས་རྒྱུན་དུ་འབྲེལ་གཏུག་བྱེད་སའི་མི་ཡང་རྒྱ་ནག་གི་བློ་འབྱེད་དུས་རབས་ལ་ནུས་པ་འདོན་མཁན་སྐོར་ཞིག་རེད། དཔེར་ན། ཝང་ཡའོ་དང་ཁྲིན་ཆིན་དབྱིན་ལྟ་བུ་རེད། རྒྱ་ནག་གི་མཁས་པ་ཆེན་པོ་ཆན་ལིས་ཆོན་གྱིས་གསུངས་པ་ལྟར་ན། ཝང་ཡའོ་ནི་མི་བུ་རྟོགས་སད་མཐོན་པོ་ཅན་ཞིག་རེད། སྐུ་ཞབས་རང་གྲོལ་ལགས་ཀྱིས་དེ་ལ་འབྲེལ་གཏུག་རྒྱུན་གནང་བྱེད་ཀྱིན་ཡོད་པ་རེད། དེ་མང་བོ་ཞིག་གིས་ཤེས་གི  དེ་ལྟར་ཡིན་དུས། སྐུ་ཞབས་ཁོང་ཉིད་ལ་དེས་ཤན་ཤུགས་ཐེབས་མེད་པར་སུས་ཀྱང་བསྙོན་དཀའ་མོ་རེད། ཡང་གཅིག་ཡིན་ན། ཁོང་གི་བོད་ཡིག་དགེ་རྒན་ནི་ཨ་ལགས་དུང་དཀར་ཚང་རེད། དུང་དཀར་ཚང་ཟེར་ན་འུ་ཅག་གི་བོད་མི་ཡོངས་ཀྱི་སྣང་ངོ་ནས་མི་བུ་རླབས་ཆེན་ཞིག་རེད། ཁོང་གིས་ཆོས་སྲིད་ཟུང་འབྲེལ་བརྩམས་ཏེ་བདུད་ཀྱི་སྣང་ཚུལ་བཟུང་མྱོང་བ་རེད། དེ་ལྟ་བུའི་དགེ་རྒན་བཟང་བོ་འགའི་འགྲམ་ནས་སྐུ་ཞབས་ཁོང་ཉིད་ལྟ་བུའི་བློ་རིག་གྲུང་གྲུང་གི་མི་ཞིག་ལ་བློ་འབྱེད་མ་བྱུང་སར་འགྲོ་རྒྱུ་མ་རེད། དེ་གཅིག་རེད །  གཉིས་ཡིན་ན། ཁོང་གིས་དཔེ་དེབ་གཞན་ལ་གཟིགས་པའི་རྐྱེན་རེད། ཁོང་གི་གྲོགས་པོ་ཟླ་བ་བློ་གྲོགས་སོགས་ཀྱིས་བཤད་ན། སྐུ་ཞབས་ཁོང་ཉིད་བོད་ཡིག་ལས་རྒྱ་ཡིག་ལ་བཟང་རབས་བཤད་གི  དེ་ལྟར་ཡིན་ན་སྐབས་དེར་ཁོང་གིས་རྒྱ་ཡིག་གི་འགྱུར་རྩོམ་མང་བོར་བལྟས་ཡོད་པར་ཐེ་ཚོམ་མེད་གི སྐབས་དེར་རྒྱ་ནག་གི་འགྱུར་རྩོམ་མང་ཆེ་བ་ཨུ་རུ་སུའི་མཁས་པ་དག་གི་གསུངས་རྩོམ་རེད། ཤེས་ཡོན་ཅན་ཞེས་པའི་མིང་ཡིག་འདི་ཉིད་ཀྱང་ཨུ་རུ་སུ་ནས་རྒྱུན་འབྱམས་སུ་སོང་བར་སྣང་། དེ་ལྟར་ཡིན་དུས་སྐུ་ཞབས་ཁོང་ཉིད་ལ་དེའི་ཤན་ཞུགས་མེད་གི་ཞེས་བཤད་སར་མི་འགྲོ་ག  མ་ཟད། དཔར་དུ་བསྐྲུན་འགྱུར་གྱི་རང་གྲོལ་ཞིབ་འཇུག་དེབ་ཕྲེང་གཉིས་པའི་སྟེང་དུ་སྐུ་ཞབས་ཚེ་རིང་ཤཱཀྱ་ཡིས་དཔལ་དོན་གྲུབ་རྒྱལ་གྱི་སྐོར་ནས་ཤོག་ངོས་བརྒྱ་ལྷག་ཡོད་པའི་རྩོམ་རིང་ཞིག་བྲིས་ཡོད་གི དེའི་ནང་དུ་སྐུ་ཞབས་ཁོང་ཉིད་ཀྱི་བསམ་བློ་དང་ཕྱི་གླིང་གི་གློག་བརྙན་མང་བོ་ཞིག་ཕན་ཚུན་ལ་བསྡུར་བ་བྱས་ཡོད་གི དེ་དག་ལ་བསམ་གཞིག་བཏང་ན། སྐུ་ཞབས་རང་གྲོལ་ལགས་ཀྱི་ལྟ་རྒྱ་ཆུང་ཆུང་ཞིག་དང་ས་ཁོངས་རང་བཞིན་ཅན་ཞིག་མིན་པ་གསལ་བོ་གསལ་རྐྱང་རེད། འདི་དག་ལ་བལྟས་ན་རང་གྲོལ་ལགས་ཀྱི་དགག་སྒྲུབ་སྙིང་སྟོབས་ཀྱི་འབྱུང་རྐྱེན་རགས་ཙམ་ཤེས་འོང་གི དེ་འདི་ཙམ་བྱེད།
         གཉིས་པ། ཚུར་ལེན་གྱི་སྙིང་སྟོབས།
   སྐུ་ཞབས་མེ་ལྕེ་ལགས་ཀྱིས་རང་གྲོལ་ལགས་ཀྱི་གསར་གཏོད་སྙིང་སྟོབས་ཞེས་བཤད་ཡོད་གི ང་རང་ལྟར་ན་ཡང་སྔོན་ཆད་འདི་ལྟར་བཤད་པ་ཡིན། ཡིན་ན་ཡང་། ཞིབ་ཏུ་བསམ་གཞིག་བཏང་ཞིང་གྲོགས་པོ་གཞན་ལ་བསམ་བློ་བརྗེ་རེས་བྱས་པའི་གོ་རིམ་གྱི་ཁྲོད་ནས་ངས་འདི་ལྟར་འདོད་གི་ཡོད། གསར་གཏོད་ཀྱི་སྙིང་སྟོབས་ཟེར་བ་ལས་ཚུར་ལེན་གྱི་སྙིང་སྟོབས་ཟེར་ན་འགྲིག་པར་སྙམ་གི གང་ཡིན་ཟེར་ན། སྐབས་དེར་རྒྱ་ནག་སོགས་སུ་འུ་ཚོས་བཤད་ཀྱིན་པའི་རིག་གནས་ནང་འདྲེན་གྱི་ཤན་ཤུགས་ཆེན་པོ་རེད། མ་ཟད། རྒྱ་ནག་གི་མཁས་པ་ཆེན་པོ་སྐུ་ཞབས་ལུའུ་ཞུན་ལགས་ཀྱིས་ཀྱང་ཚུར་ལེན་རིང་ལུགས་སོགས་ཀྱི་བརྩམས་ཆོས་སྤེལ་ཡོད་གི  འདི་ལྟར་བཤད་ན་མང་བོ་ཞིག་གིས་ངས་ཡོད་ཚད་རྒྱ་ནག་ལ་ཁུངས་གཏུག་གིན་འདུག་སྙམ་ཡང་སྲིད། སྲིད་མོད་ཀྱང་། ཞིབ་ཏུ་འདང་བརྒྱབ་ན་དེ་ལྟར་མ་བྱས་སར་མི་འགྲོ་གི སྐབས་དེར། འུ་ཅག་གི་ཡོན་ཏན་པ་དག་གི་བསམ་བློའི་ཐོན་ཁུངས་ཕལ་ཆེར་རྒྱ་ནག་རེད། མ་ཟད། ད་ལྟའི་ཆར་ཡང་རྒྱ་ནག་གི་སྐད་ལ་བརྟེན་ནས་བསམ་བློའི་རྒྱགས་ཕྱེ་འཚོལ་དགོས་གི དེ་ལྟར་ཡིན་ན། རྒྱ་ནག་གི་རིག་གནས་ཤན་ཤུགས་མ་ཐེབས་པར་མི་འགྲོ་ག གང་ལྟར་རྒྱ་ནག་ཡིན་ཆོག་ལ། རྒྱལ་ཁབ་གཞན་ཞིག་ཡིན་ཀྱང་རུང་། སྐབས་དེ་ལྟ་བུ་ཞིག་ལ་འདི་ལྟ་བུའི་ཚུར་ལེན་སྙིང་སྟོབས་ཤིག་བྱུང་བ་ནི་འུ་ཅག་ཚང་མས་རྗེས་སུ་ཡི་རངས་མི་བྱེད་ཐུ་མེད་ཀྱི་གནས་རེད།
འོ་ན་ཁོང་གིས་ཅི་ཞིག་ཚུར་ལེན་བྱས་པ་རེད་ཟེར་ན། ཕྱིར་རྩོམ་རིག་བརྩམས་ཆོས་ཀྱི་སྟེང་དུ་མ་བབས་སར་མི་འགྲོ་གི  ཁོང་གིས་སྙན་ངག་ཐོག་མལང་ཚོའི་རྦབ་ཆུབརྩམས་ཏེ། ཕྱི་གླིང་དང་རྒྱ་ནག་སོགས་སུ་དར་ཁྱབ་བྱུང་བའི་རང་མོས་སྙན་ངག་དེ་འུ་ཅག་གི་ས་སྒང་འདི་ནས་མྱུ་གུ་འབུས་པ་རེད། འུ་ཅག་ལ་མཚོན་ན་དེ་ཡང་གསར་གཏོད་ཅིག་མ་རེད་ཅེས་བཤད་སར་མི་འགྲོ་རུང་། ཞིབ་ཏུ་བསམ་གཞིག་བཏང་ན་དེ་ནི་ཚུར་ལེན་རེད། རང་གྲོལ་ལགས་ཀྱིས་རྩོམ་ལུགས་གསར་བ་དེ་འུ་ཅག་གི་རྩོམ་རིག་ཞིང་སར་ཚུར་ལེན་བྱས་པ་རེད། དེ་སྙན་ངག་གི་སྟེང་ནས་བཤད་པ་ཡིན། གཉིས་པ་ཡིན་ན། ཁོང་གི་བརྩམས་སྒྲུང་གི་སྟེང་ནས་རེད། བརྩམས་སྒྲུང་གི་སྟེང་ནས་ཀྱང་ཁོང་གིས་ཚུར་ལེན་བྱས་པ་རེད། ཁོང་གི་ཡར་སྔོན་དུ་འུ་ཅག་ལ་བརྩམས་སྒྲུང་གསར་བ་བྱུང་ཡོད་པ་མ་རེད། བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་བལྟས་ཀྱང་བྱུང་མི་འདུག མཁས་རྒན་འགའ་རེསགཙུག་གཡུསོགས་འཁྱེར་འོང་ནས་དུས་མཚམས་དགར་སྤྱད་ཅིག་བྱེད་ཀྱིན་འདུག་མོད། དེ་ནི་ཁོ་རང་ཚོ་སྐུ་ཞབས་རང་གྲོལ་ལགས་ལ་མ་དགའ་བའི་ཆའམ། ཡང་ན། ཁོ་རང་ཚོས་བརྩམས་སྒྲུང་གསར་བ་ངོས་མ་ཟིན་པ་ཙམ་ལས། ངེས་པ་དོན་གྱིས་བརྩམས་སྒྲུང་གསར་བའི་སྲོལ་འབྱེད་པ་པོ་ཡང་སྐུ་ཞབས་ཁོང་ཉིད་མ་ཡིན་སར་མི་འགྲོ་གི སྐུ་ཞབས་ཁོང་ཉིད་ཀྱི་སྐབས་ནས་བཟུང་། ད་གཟོད་འུ་ཚོར་བརྩམས་སྒྲུང་གསར་བ་སྟེ་བརྗོད་བྱ་མི་ཡིན་ཞིང་རྗོད་བྱེད་ལ་སྒྱུ་རྩལ་གྱིས་ཕྱུག་པའི་རྩོམ་སྲོལ་དེ་དར་ཁྱབ་བྱུང་བ་རེད། འདི་ཡང་འུ་ཅག་ལ་བལྟོས་ན་གསར་གཏོད་མ་རེད་ཅེས་བཤད་སར་མི་འགྲོ་མོད། བྲེལ་བ་མ་ལངས་པར་བསམ་ཞིབ་བྱས་ན་རྩོམ་སྲོལ་འདི་ཡང་ཚུར་ལེན་རེད། ཁོང་གིས་རྒྱ་ནག་དང་ཨུ་རུ་སུ་སོགས་མི་རིགས་གཞན་གྱི་བརྩམས་ཆོས་ལ་གཟིགས་ཞིབ་གནང་རྗེས། འུ་ཅག་གི་བརྩམས་ཆོས་ཀྱིས་འཁྱོངས་ཀྱིན་མེད་པ་ཤེས་གསལ་བྱུང་སྟེ་བརྩམས་སྒྲུང་གསར་བའི་སྲོལ་ལུགས་ཚུར་དྲངས་པ་རེད། འདི་དག་ནི་ཁོང་གི་ཚུར་ལེན་སྙིང་སྟོབས་རེད། སྙིང་སྟོབས་འདི་ཉིད་ཧང་སངས་པོ་རེད།
      གསུམ་པ། སྐྱོ་གར་སྙིང་སྟོབས།
   སྙིང་སྟོབས་འདི་ཉིད་ནི་ཁོང་གི་སྙིང་སྟོབས་ཀྱི་སྲོག་ཤིང་རེད་འདོད། འུ་ཚོས་འདང་བརྒྱབ་ན་ཤེས་འོང་གི འུ་ཚོ་གནས་སའི་འཇིག་རྟེན་འདི་ནི་སྐྱོ་གར་གྱི་རང་བཞིན་ཅན་ཞིག་རེད། སྐྱོ་གར་འདིའི་ཁྲོད་ནས་འུ་ཚོ་གཉའ་ལྷེམ་ལྷེམ་དང་ཉྭ་འདར་འདར་གྱིས་ཡོད་པ་རེད། ཡིད་ཆད་དང་སྐྱོ་གདུང་། རེ་ཆད་དང་ཡི་མུག་གིས་གནས་ཡོད་པ་རེད། ཡིན་ན་ཡང་། འུ་ཚོས་ཕྱིར་འཁོར་ནས་སྐུ་ཞབས་ཁོང་གི་ལམ་བུར་བལྟ། སྐུ་ཞབས་ཁོང་ཉིད་ལམ་དུ་ཆས་པའི་གོ་རིམ་ནི་སྐྱོ་གར་འདི་ཉིད་ལ་གདོང་གཏད་པའི་སྙིང་སྟོབས་ཀྱི་གོ་རིམ་ཞིག་རེད། ཁོང་གིས་བརྩམས་ཆོས་གསར་བ་འགྲེམ་སྤེལ་བྱས་པ་ནས་མི་ཚེའི་དུས་ཡུན་མཇུག་རྫོགས་པའི་དབར་དུ་འདི་ལྟར་རེད། སྐྱོ་གར་རེ་རེ་ལ་གདོང་གཏད་ནས་ཡོད་པ་རེད། འདི་ལྟར་བྱས་ན། འུ་ཅག་གི་འདིར་བཞུགས་མང་བོ་ཞིག་གི་སེམས་སུ་ཁོང་གིས་རང་སྲོག་བཅད་པའི་སྐོར་དྲན་གྱིན་ཡོད་ཚོད་རེད། ཡིན་ན་ཡང་། འུ་ཅག་གིས་སྔོན་གྱི་ལྟ་ཚུལ་བསྐྱུར་ནས་མིག་དབང་གཞན་ཞིག་གིས་ཞིབ་ཏུ་བལྟས་ན། ཁོང་གིས་རང་སྲོག་བཅད་པའི་ཚུལ་ནི་འཇིག་རྟེན་གྱི་སྐྱོ་གར་ལ་གདོང་གཏོད་མ་ཐུབ་པའི་སྡར་གཤིས་ཤིག་རྦད་དེ་མ་ཡིན་པར། མིག་མདུན་དུ་ཤར་བའི་སྐྱོ་གར་རེ་རེ་ལ་ཁ་གཏད་བཅགས་པའི་སྙིང་སྟོབས་ཤིག་རེད། འདི་ལྟར་བཤད་ན། འདི་བཞུགས་ཀྱིི་མང་བོ་ཞིག་ལ་མཚོན་ན་རབ་རིབ་མག་མོག་ཅིག་ཡིན་ཚོད་རེད། དེ་ན་འུ་ཚོས་འདི་ལྟར་བལྟ། ཁྱོད་ཚོས་ཀྱང་ཁོང་གིས་སྐུ་ཞབས་བསང་བདག་ལ་སྐུར་བའི་འཕྲིན་ཡིག་དེ་མཐོང་ཡོད་རྒྱུ་རེད། དེ་ནི་སྐུ་ཞབས་ཨ་བུ་ལགས་ཀྱིསརང་གྲོལ་ཞིབ་འཇུགཏུ་བཀོད་ཡོད་གི མ་ཟད། ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་སུ་ཡང་བཀོད་ཡོད་གི ད་དུངདཔའ་དར་རིང་མོསོགས་སུ་ཡང་ཟ་ཟུར་གང་རུང་ནས་དྲངས་ཡོད་གི དེའི་ནང་དུ་ཁོང་གིས་འདི་ལྟར་བཤད་ཡོད་གི ངས་བལྟས་ན་སྡུག་བསྔལ་ཁྲོད་ཀྱི་བདེ་བ་ནི་དག་པའི་ཞིང་ཡིན་ལ། བདེ་སྐྱིད་ཁྲོད་ཀྱི་སྡུག་བསྔལ་ནི་དམྱལ་བའི་ཁམས་རེད། དེའི་ཕྱིར་རང་རེ་ནི་སངས་རྒྱས་གསོན་པོའང་ཡིན་ལ་གཤིན་རྗེ་ཤི་བོ་ཡང་རེད། ངག་ལ་སེམས་ཅན་ཐམས་ཅད་ཀྱི་འཕྲིན་ལས་སྒྲུབ་པར་ཁས་འཆེས་ཀྱང་། དོན་ལ་རང་དོན་འབའ་ཞིག་མ་གཏོགས་བསམ་རྒྱུ་མེད་པའི་སེར་མོ་བ་འདི་དག་གི་ནང་དུ། རྒོད་བྲོ་བའི་ཨ་ཙ་ར་ཤིན་ཏུ་མང་སྟེ། གདོང་ལ་འབག་གྱོན་ནས་འཆམ་བྱེད་མཁན་དང་ཕྱོགས་མཚུངས་པས་སོ། ། ཁོ་བོ་ནི་བསྟོད་སྨད་ཀྱི་འབེན་དུ་གྱུར་ཀྱང་རུང་གིས་ཚེ་འདིར་ནི་དེ་དག་གི་ཟློག་ཟླར་མཐའ་གཅིག་ཏུ་ལངས་རྩིས་ཡོད། ཅེས་པའོ། ། འདི་ནི་ཁོང་གིས་སྤྱི་ལོ1984.10.10 ཉིན་ལ་བསྐུར་བ་རེད། ཁོང་གིསྤྲུལ་སྐུནི1983 ལོར་བཀོད་པ་རེད། དེ་ཉིད་བཀོད་པས་ཚང་མས་དོན་གྲུབ་རྒྱལ་འདྲེ་བདུད་གང་ཞིག་ཏུ་བསྙད་པ་རེད། དེ་ལྟར་ཡིན་རུང་། ད་དུང་དེ་དག་གི་ལྡོག་ཟླར་མཐའ་གཅིག་ཏུ་ལངས་པའི་སྤོབས་པ་འདི་ནི་ཁོང་གི་སྐྱོ་གར་སྙིང་སྟོབས་ཀྱིས་རེད། མ་ཟད། ཁོང་གིས་རང་སྲོག་མ་བཅད་པའི་སྔོན་གྱི་ཚེས26 ཉིན་ལ་ཁོང་གི་གྲོགས་པོ་ཟླ་བ་བློ་གྲོས་ལགས་སུ་ཁ་ཆེམས་ཡི་གེ་བཞག་ཡོད་གི ཁོང་ཉིད་བརྒྱུད་ནས་བོད་ཁུལ་གྱི་ལས་ཁུངས་སོ་སོར་ཁ་ཆེམས་ཡི་གེ་བཞག་ཡོད་གི འདི་ལ་བལྟས་ན་ཁོང་གིས་རང་སྲོག་བཅད་པ་ནི་མ་གཞི་ནས་གྲ་སྒྲིག་ཡོད་པའི་བགྱི་བ་ཞིག་ལས། གློ་བུར་ཚོར་ཤེས་ཀྱི་སྦྱོར་བ་ཞིག་ག་ལ་ཡིན། ཐ་ན།  ཁོང་གིས་བོད་ཁུལ་གྱི་ལས་ཁུངས་སོ་སོར་བསྐུར་བའི་ཁ་ཆེམས་ཡི་གེ་ཙམ་ལས་ཤེས་ཐུབ། ཁོང་གིས་ཅིའི་ཕྱིར་དེ་དག་ཚང་མར་བསྐུར་དགོས་སོང་བ་རེད། བསམ་གཞིག་ཞིབ་ཏུ་གཏང་དགོས་ཚོད་རེད། ཁོང་གིས་རང་སྲོག་བཅད་པ་ནི་འུ་ཅག་གི་འཚོ་གནས་ཀྱི་ཆེད་དུ་རེད། ངས་འདི་ལ་འཚོ་བའི་ཕྱིར་དུ་འཆི་བ་ཟེར་གི་ཡོད། སྤྱིར་བཏང་དུ། འུ་ཅག་འཆི་བའི་ཕྱིར་དུ་འཚོ་བཞིན་ཡོད་པ་རེད། འདི་ནི་འུ་ཆག་གི་ཆོས་ལུགས་སྙིང་སྟོབས་རེད། སྐུ་ཞབས་ཁོང་གིས་རང་སྲོག་བཅད་པ་ནས་བཟུང་འུ་ཅག་གི་མི་ཆོས་སྙིང་སྟོབས་ཀྱི་དབུ་ཚུགས་པ་རེད། འཚོ་བའི་ཕྱིར་དུ་འཆི་བའི་དབུ་ཚུགས་པ་རེད། འདི་ནི་ངེས་པ་དོན་གྱི་སྐྱོ་གར་སྙིང་སྟོབས་རེད། མདོར་དེད་ན། ཁོང་གི་དགག་སྒྲུབ་སྙིང་སྟོབས་ཡིན་ཆོག་ལ། ཚུར་ལེན་སྙིང་སྟོབས་ཡིན་ཡང་རུང་། སྐབས་དེའི་འུ་ཅག་གི་སྤྱི་ཚོགས་གནས་བབ་ལ་སྦྱར་ནས་བཤད་ན། ཚང་མ་སྐྱོ་གར་སྙིང་སྟོབས་ལས་མ་འདས་སྙམ།
མཇུག་སྡོམ།
  འོ་ན་ཁོང་གི་སྙིང་སྟོབས་འདིས་འུ་ཅག་ལ་བྱེད་ནུས་ཅི་ཞིག་ཐོན་འདུག་ཟེར་ན། འུ་ཅག་ལ་བློ་འབྱེད་ཀྱི་ནུས་པ་ཐོན་འདུག འཚོ་བའི་ཕྱིར་དུ་འཚོ་དགོས་པའི་བློ་འབྱེད་བྱས་འདུག ཡང་ན། རང་དབང་དང་འདྲ་མཉམ་སོགས་ཡོངས་ཁྱབ་རིན་ཐང་ངོས་ཀྱི་བློ་འབྱེད་ཅིག་བྱས་འདུག དེ་འུ་ཚོས་གསལ་བོར་མཐོང་ཐུབ་གི  ཁོང་གིསསྤྲུལ་སྐུརྩོམ་དོན་ནི། སྤྲུལ་སྐུ་ཡོད་ས་ནས་འུ་ཅག་ལ་འདྲ་མཉམ་ཡོང་ས་མི་འགྲོ་གི འདྲ་མཉམ་མེད་ན་རང་དབང་ཟེར་བ་ཡང་སྐྱག་རྫུན་རེད། དེ་བས། ཁོང་གིས་སྤྲུལ་སྐུ་ནས་འགོ་བརྩམས་ཏེ་འུ་ཅག་ལ་ཡོངས་ཁྱབ་རིན་ཐང་ངོས་ཀྱི་རང་དབང་འདྲ་མཉམ་སོགས་ཀྱི་བློ་འབྱེད་བྱས་པ་རེད། འོ་ན་བློ་འབྱེད་བྱས་ནས་ཅི་ཞིག་བྱ་དགོས་སམ་ཟེར་ན། བློ་འབྱེད་ཀྱིས་འུ་ཅག་ལ་འཚོ་བ་གསར་བ་ཞིག་བསྐྲུན་ངེས་པ་རེད། འཚོ་བ་གསར་བ་ཞིག་དགོས་ན་བློ་འབྱེད་བྱ་དགོས་པ་རེད། དེ་འུ་ཚོས་ཁོང་གིརྐང་ལམ་ཕྲ་མོནས་མཐོང་ཐུབ་གི ཁོང་གིས་རྐང་ལམ་ཕྲ་མོ་རྩོམ་དོན་ནི་འུ་ཅག་ལ་ཡང་འཚོ་བ་གསར་བ་ཞིག་དགོས་གི་ཞེས་པའི་བརྡ་རེད། རྐང་ལམ་ནས་གཞུང་ལམ་དུ་བུད་པའི་སྟེང་ནས་གནས་ལུགས་དེ་གསལ་བོར་མཚོན་ཡོད་པ་རེད། འདི་དག་ཐམས་ཅད་མདོར་དེད་ན་འུ་ཅག་གི་མི་རིགས་འདིའི་ཆེད་དུ་རེད། མི་རིགས་འདི་གཉིད་ལས་སློང་ཆེད་རེད། ཡིན་ན་ཡང་། ཁོང་གི་སྐབས་དེར་འུ་ཅག་གཉིད་ལས་སད་མ་བྱུང་། དེ་ནི་འུ་ཅག་གི་སྐྱོ་གར་རེད།
  དེ་ན་ངས་གོང་ནས་བཤད་པ་བཞིན། དེ་རིང་འུ་ཚོས་རང་གྲོལ་ལ་རྗེས་དྲན་བྱས་ནས་ཅི་ཞིག་བྱེད་རྒྱུ་ཡིན་ཟེར་ན། འུ་ཚོས་སྐྱོ་གར་འདི་དག་ལ་ཡོ་བསྲང་བྱེད་རྒྱུ་ཡིན། རྗེས་ཕྱོགས་སྐྱོ་གར་འདི་དག་འབྱུང་དུ་མི་འཇུག་རྒྱུའི་ཆེད་དུ་ཡིན། ཡང་གཅིག་བཤད་ན། སྐུ་ཞབས་རང་གྲོལ་ལགས་ཀྱི་སྦྱོར་བའི་སྙིང་སྟོབས་དེ་འུ་ཅག་རང་ཉིད་ཀྱི་སྟེང་དུ་ལེན་རྒྱུ་ཡིན། དེ་མ་གཏོགས། རང་གྲོལའུར་ཟིང་ཅནདངཚོང་ལས་ཅནསོགས་སུ་གཏོང་བའི་མཁས་རྒན་དག་གི་སྦྱོར་བ་རྩོམ་རྒྱུ་མིན། དེ་ལྟ་བུ་ནི་འུ་ཅག་གཞོན་སྐྱེས་དག་གི་ཉིང་དགོས་མ་རེད།
    མཇུག་མཐར། ངས་འུ་ཚོར་འདི་ལྟར་བཤད་འདོད་གི འུ་ཅག་གི་མིག་མདུན་དུ་ཡོད་པའི་སྐུ་ཞབས་རང་གྲོལ་ལགས། ད་ལྟ་ད་དུང་ཡང་སྒལ་ཚིགས་སྲ་མཁྲེགས་སེ། མི་གཞི་བཀན་གྱིག་སེ། སྙིང་སྟོབས་བརྟན་བརླིང་ངེར་འགྲོ་བཞིན་ཡོད་ན། འུ་ཚོ་ཇི་ལྟར་དུ་འགྲོ་རྒྱུ་ཡིན་ནམ། དེ་རིང་འུ་ཚོས་རང་གྲོལ་ལ་རྗེས་དྲན་བྱས་ཏེ་རང་གྲོལ་གླེང་བ་རེད། དེ་ན། དེ་རིང་ནས་བཟུང་། འུ་ཅག་ཀྱང་དེ་ལྟར་འགྲོ་དགོས་ག
ད་དུས་ཚོད་ཀྱི་དབང་གིས་འདི་ཙམ་བྱེད། རྗེས་ཕྱོགས་མུ་མཐུད་དུ་བགྲོ་གླེང་བྱེད།
 
གསལ་བཤད། གཏམ་བཤད་འདིའི་ནང་གི་ཚན་པ་གཉིས་སྟེ། ཚུར་ལེན་སྙིང་སྟོབས་ལྟ་བུ་རེ་གཉིས་ལ་བཟོ་བཅོས་བརྒྱབ་ཡོད་ཅིང་། རྗེས་དྲན་གྱི་རྣམ་པའི་སྟེང་གི་ཁྱད་ཆོས་རེ་གཉིས་ལ་བསྟོད་བསྔགས་བྱས་པ་དག་འདིར་མ་བཀོད།  
·རྩོམ་ཡིག་གོང་མ:རྗེ་བཙུན་མི་ལར་བསྟོད་པའི་ཀ་བཤད།
·རྩོམ་ཡིག་འོག་མ:དཔལ་ལྡན་ས་གསུམ་མ་བཞུགས་སོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 14:14:22 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:19:46 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 3:44:14 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS