ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

གླུ་དབྱངས་གླེང་བ། ༣ 、༤

  རྩོམ་པ་པོ:ཚ་བ་མདའ་སྨྱུགཡོང་ཁུངས:ཚ་བ་སྒང་པའི་འབྲོག་ཁྱིམ།གཟིགས་གྲངས:3666ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/16 13:07:11ཚོགས་ཡར་སྤྲོད:ངེད་དྲ་བ།
                 གླུ་དབྱངས་གླེང་བ། ༣                              
                             རྩོམ་པ་པོ། ཚ་བ་མདའ་སྨྱུག
                        གཅིག །  གཉུག་གཤིས་ལྷད་མེད་མ།
   སྒྱུ་རྩལ་མེད་པའི་སྒྱུ་རྩལ་དེ་སྒྱུ་རྩལ་ཀུན་གྱི་མཆོག་ཏུ་བསྔགས་པ་ཅིས་མ་བདེན། ཧོབ་སྟེ་བལྟས་ན་སྐལ་བཟང་མེ་ཏོག་གི་བྱད་གཟུགས་དང༌། སྐད་ངག །ཉམས་འགྱུར། སྟངས་སྟབས། ཐ་ན་རྒྱན་གོས་ཚུན་ཆད་དཀྱུས་མ་དང༌། སྤྱིར་བཏང་བ་འབའ་ཞིག་ལས་བལྟས་ན་མིག་ཚིག་པ་དང༌། མཉན་ན་རྣ་འབར་འོང་བ་དེ་འདྲ་ཅི་ཡང་མི་འདུག །ཡོད་ཚད་དཀྱུས་མ་དང་སྤྱིར་བཏང་བ་ཡིན་པའི་ཁོ་མོ་དང༌། ཁོ་མོའི་འཁྲབ་སྟོན་ཁག་གི་ཡིད་འགུག་གི་ནུས་པ་དང༌། སྒྱུ་རྩལ་གྱི་མཚར་སྡུག་ནི་ཡོད་ཚད་ཀྱི་རྩེ་མོར་སྙེགས་པའི་ངོ་མཚར་ཕུལ་བྱུང་གི་མཛེས་པ་ཞིག་ཏུ་སྣང་སྟེ། མཛེས་པ་འདིའི་རིགས་ལ་སྒྱུ་རྩལ་མཁན་པོ་རྣམས་ཀྱིས་མ་བཅོས་རང་བྱུང་གི་སྒྱུ་རྩལ་གྱི་མཛེས་པ་ཞེས་འབོད་བཞིན་འདུག །ངག་རིག་སྒྱུ་རྩལ་ལ་དབང་འབྱོར་བའི་དམ་པ་དགེ་འདུན་ཆོས་འཕེལ་ལགས་ཀྱི་ཞལ་ནས། སྙན་ངག་རྩོམ་པའི་ཡོན་ཏན་ངོ་མ་དེ་སྔ་མའི་བག་ཆགས་དང་རང་གཤིས་ལ་རག་ལས་པ་ཞིག་ཡིན། ཚིག་རྒྱན་གྱི་བསྟན་བཅོས་ལ་སྦྱངས་པས་ཚིགས་བཅད་ཀྱི་རྐང་པ་ཙམ་ནི་ལོས་འགྲིག་འགྲོ། འོན་ཀྱང་དེས་སྙན་ངག་ལ་དགོས་རྒྱུའི་ཉམས་ཁྱད་པར་བ་དེ་ནི་ཐོན་མི་ཐུབ་ཅེས་གསུངས་འདུག །སྙན་ངག་འབྲི་བ་ལ་དེ་ལྟར་ཡིན་པར་མ་ཟད་འཁྲབ་སྟོན་བྱེད་པ་ལ་ཡང་དེ་ག་རང་དུ་འདུག་སྟེ། འཁྲབ་ཁྲིད་པའི་བཀོད་འདོམས་ལྟར་སྒྲིག་འཁྲབ་དང༌། འཁྲབ་སྟོན་གཞན་པའི་ལད་འཁྲབ་བྱེད་པོ་དག་ལ་ཡང་རྐང་གྲ་ལག་གྲ་འགྲིག་ཙམ་ནི་ལོས་ཡོད། འོན་ཀྱང་རང་ལ་ཡོད་དགོས་པའི་རྨང་གཞི་དེ་མེད་ཚེ་མྱོང་དང་རོལ་བར་བྱ་རྒྱུའི་བྲོ་བ་ནི་གླེང་ཐབས་བྲལ། སྐལ་བཟང་མེ་ཏོག་གི་འཁྲབ་སྟོན་ནི་རྐང་པ་གཡོན་པ་རྒྱབ་ཏུ་བཞག །རྐང་པ་གཡས་པ་མདུན་དུ་བརྐྱངས། ལག་པ་གཉིས་ཀ་གནམ་ལ་བཀྱགས་པའི་དམག་རྩེད་སྦྱོང་དར་ལྟ་བུ་ཨུ་ཚུགས་ཀྱིས་འཁྲབ་པའི་འགུལ་སྐྱོད་མིན་ལ། རྐང་པ་གཡུག །ལག་པ་གཡུག །ཨོང་དོ་གཡུག །སྐེད་པ་གཡུག །མགོ་བོ་གཡུག །ཡོད་ཚད་སྣང་བ་སྐྱིད་པོའི་ངང་ནས་གཡུག་ཅི་ཐུབ་བྱེད་པའི་རང་སྣང་གང་ཤར་གྱི་སྨྱོ་འཁྲབ་དེ་འདྲའང་མིན། བསླབས་ཤིང་སྦྱངས་པ་ལ་རག་མ་ལས་པར་མོ་རང་དང་ལྷན་དུ་ཨ་མའི་པང་ནས་རང་བྱོན་དུ་འཁྲུངས་པའི་ལྷན་སྐྱེས་ཀྱི་ཤེས་འཇོན་ནམ། གདོད་མའི་རྩལ་ནུས་དམིགས་བསལ་བ་ཞིག་གི་སྟོབས་ཀྱིས་དབང་པོ་སྒོ་ལྔའི་རྣམ་འགྱུར་དང༌། ཡན་ལག་ཉིང་ལག་གི་འགུལ་སྐྱོད་ཕྲ་མོ་ཡན་ཆད་ལ་ཤ་གསེང་དུ་སིམ་པའི་ཁྲག་བཞིན་མྱང་མི་ཚར་བའི་རོ་བྲོ་ཁྱད་པར་བ་རེས་གཏམས་ནས་ཡོད་པ་ལས་འདིའི་ཚུན་ཆད་སྒྱུ་རྩལ་གྱི་ཉམས་དང༌། དེའི་ཕན་ཆད་ཐ་མལ་གྱི་ཚུགས་ཀ་ཞེས་ཚད་དང་མཚམས་བཟུང་མི་ཤེས་པ་ཞིག་འདུག །ལུས་ངག་ཡིད་གསུམ་གང་ལ་ཡང་གཡའ་དང་དྲི་མས་མ་གོས་པའི་སྒྱུ་རྩལ་གྱི་གོང་བུ་ཕྱི་གསལ་ནང་གསལ་ཞིག་ཏུ་གྲུབ་འདུག་པ་འདིས་ལྟད་མོ་བའི་མིག་དང་རྣ་བ་ལ་ཟད་དུ་མེད་པའི་དངོས་གྲུབ་སྩོལ་བཞིན་ཡོད་པར་མ་ཟད། དེ་ལས་ཀྱང་ཡིད་དུ་འོང་ཞིང་སྙིང་དུ་སྡུག་པ་གཞན་ཞིག་ནི་མོའི་ལྷད་མེད་རྣམ་དག་གི་མི་གཞི་དྭངས་མོ་འདི་ཡིན་ཏེ། དེའང་ཆེད་དུ་མ་འཕངས་པའི་ཟུར་མིག་དང༌། བཙན་གྱིས་མ་བཅོས་པའི་འཛུམ་དཀར། རྫུ་སྤམ་ལས་གྲོལ་བའི་བཞིན་མདངས། ཁེངས་དྲེགས་མིན་པའི་རོལ་སྒེག་བཅས་བཞི་པོ་འདི་ཡོ་རོབ་གླིང་གི་སྒྱུ་རྩལ་མཁན་པོ་རྣམས་ཀྱིས་རྟོག་པ་འཆར་ཡན་གྱི་ཀློང་ནས་མ་གཏོགས་མྱངས་མ་ཐུབ་ཅིང༌། སྐྱེ་བོ་ཕལ་པ་དག་གི་རྨི་ལམ་གྱི་ནང་དུ་མ་གཏོགས་ཡིད་ཡུལ་དུ་འཁོར་མ་མྱོང་བའི་མཐོ་སྒང་རྩྭ་ཐང་གི་མཛེས་མའི་ཡོན་ཏན་དམིགས་བསལ་བ་བཞི་ཡིན་ལ། སྐལ་བཟང་མེ་ཏོག་ལ་མཚོན་ན་ཡོན་ཏན་དམིགས་བསལ་བ་འདི་བཞི་ཆར་ཡེ་ནས་རང་ཆས་སུ་རྫོགས་ཡོད་པས་ངས་ཁོ་མོ་ལ་མི་ཡུལ་མཛེས་པའི་མཛེས་མ་ཞེས་བརྗོད་ན་འདོད། ང་ཚོས་ཕྱི་ལོགས་ནས་མཐོང་རྒྱུ་ཡོད་པའི་ཡོན་ཏན་འདི་བཞི་ལ་བརྟེན་ནས་མཛེས་མ་སྐལ་བཟང་མེ་ཏོག་གི་ནང་སེམས་ཀྱི་འཇིག་རྟེན་ཀྱང་ཞི་དུལ་བབ་ཆགས། ངོ་ཚ་ཁྲེལ་ཡོད། གཞུང་བཟང་ཕྱི་རིང༌། གཤིས་འཇམ་བག་ཕེབས། ཡ་རབས་ཚུགས་ཐུབ། འདྲིས་སླ་འགྲོགས་བདེ། རེ་བ་དང་ལྷག་བསམ། བྱམས་བརྩེ་དང་དཀྱིལ་ཡངས། དྲང་བདེན་དང་སྤོབས་པ། ཡིད་ཆེས་དང་མོས་པ། སྤྲོ་སྣང་དང་འདུན་པ། ཤེས་རབ་དང་འོག་འགྱུ། གཉེས་གཤིན་དང་འཆར་ཡན་སོགས་རིན་ཆེན་གསེར་ལས་ལྷག་པའི་སེམས་ཁམས་དང༌། ངང་རྒྱུད་བཟང་པོ་འབའ་ཞིག་གིས་གྲུབ་ཡོད་པར་ལམ་ཙམ་ཚོད་དཔགས་བྱ་ཐུབ་པས་ད་གཟོད་མོ་རང་ནི་མི་ཡུལ་མཛེས་པའི་མཛེས་མ་ཙམ་དུ་མ་ཟད་དམ་པ་དོན་གྱི་མཛངས་མ་རུའང་གྱུར་པ་རེད། སྐལ་བཟང་མེ་ཏོག་ལྟ་བུའི་བོད་རིགས་བུད་མེད་ཁོ་ནའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་ངོ་མཚར་ཅན་གྱི་བུད་མེད་ཀྱི་མཛེས་སྡུག་འདི་དག་གིས་ད་སྐབས་ས་སྟེང་གི་མི་སེམས་ཡོད་ཚད་འུབ་གཅིག་ཏུ་བསྡུ་བཞིན་ཡོད་ལ། ཤེས་ནས་སྨྲ་བའི་རང་རེའི་བསམ་བློ་པ་དག་གིས་ནི་ཁོ་མོ་ཚོར། རི་ཚོགས་གླིང་གི་མེང་ན་ལི་ཧྲ་གསོན་པོ་དང༌། དུས་རབས་ཉེར་གཅིག་པའི་ལྷ་མོ་ཝེ་ན་སི་ཞེས་སོགས་ཀྱི་ཆོ་ལོ་འབུལ་བཞིན་འདུག །སྐད་ཆ་དེ་དག་ང་ཚོ་རང་གི་མཛེས་རིག་བེད་སྤྱད་དེ་ཞུས་པ་ཡིན་ན་ནོར་བུ་དོན་ཡོད་ཞགས་པས་མ་བཟུང་བའི་ཡིད་འཕྲོག་ལྷ་མོ་ཞེས་པའི་དོན་རེད། ཚེ་སྲོག་གི་མཛེས་པ། ལང་ཚོའི་ཟིལ་ཤུགས། མི་ཡུལ་གྱི་དགོད་སྒྲ། འཇིག་རྟེན་གྱི་བདེ་སྐྱིད། མི་ལུས་ཀྱི་རིན་ཐང༌། འཁོར་བའི་སྙིང་པོ། འདིར་སྣང་གི་ཕུན་ཚོགས་སོགས་ཀྱང་ཕྱི་མཛེས་འཛུམ་ལང་ཚོའི་འདབ་ལག་གྲོལ་ཞིང༌། ནང་དྲི་མེད་དྭངས་གཙང་གི་བྱིས་བློ་རྣམ་དག་ལ་འཇིག་རྟེན་མིའི་ལུགས་ཀྱི་དྲི་མས་བཙན་གྱིས་མ་གཡེམས་པ་འདི་འདྲ་ལ་ཟེར་བ་ལོས་ཡིན་སྙམ། རྩོམ་རིག་མཁན་པོས་སྐལ་བཟང་མེ་ཏོག་གི་ཕྱི་ནང་གསང་གསུམ་ཇི་མ་ཇི་བཞིན་ཞིབ་འབྲི་བྱས་པའི་སྒྱུ་རྩལ་གྱི་འཇིག་རྟེན་ཁྲོད་ཀྱི་མི་སྣ་ཞིག་དགོས་ན། དེ་ནི་སྟོན་ལོ་སེར་པོའི་སྒྲུང་གཏམ་ནང་གི་མི་སྣའི་གཙོ་བོ་ཨ་ཅག་པད་དབྱངས་ཁོང་འཇོག་ཆོག །སྒྱུ་རྩལ་གྱི་འཇིག་རྟེན་དུ་རྫུས་ཏེ་འཁྲུངས་པའི་ཨ་ཅག་པད་དབྱངས་ཁོང་མི་ཡུལ་འདིར་ཤ་ཁྲག་གདོས་བཅས་ཀྱི་གཟུགས་ཀྱིས་དངོས་སུ་ཕེབས་པའི་དབང་དུ་བཏང་ན། དེ་ནི་ལྟད་མོ་བ་ཚོས་གངས་ལྗོངས་ལྷ་ཡི་བུ་མོ་ཞེས་དགའ་འབོད་བྱ་ཡུལ་གྱི་གླུ་མ་སྐལ་བཟང་མེ་ཏོག་ཁོང་ཡིན་འོས་པ་ཙམ་ཞིག་གཞན་པ་སུ་ཡང་ཡིན་འོས་པར་མ་མཐོང་ངོ༌། །
                        གླུ་དབྱངས་གླེང་བ། ༤                          
 
            གཉིས།   འཁྲབ་སྟོན་ལས་བརྒལ་བའི་འཁྲབ་སྟོན། 
   སྒྱུ་རྩལ་བརྩམས་ཆོས་དང་བརྩམས་ཆོས་ཕལ་པ་གཉིས་ཀྱི་ཁྱད་པར་དེ་བརྗོད་བྱེད་ཚིག་གི་ཉམས་གཙོ་བོར་བྱས་པ་དང་བརྗོད་དོན་གོ་བའི་འགངས་གཙོ་བོར་བྱས་པའི་ཁྱད་པར། རང་མཚན་འཛིན་པ་དང་སྤྱི་མཚན་འཛིན་པའི་ཁྱད་པར། སྣང་བརྙན་བཀོད་པ་དང་མ་བཀོད་པའི་ཁྱད་པར་སོགས་སུ་སྨྲ་བཞིན་འདུག་མོད། རྩོམ་པ་པོའི་སེམས་ཁོང་གི་ཚོར་འདུ་གཉིས་ལས་གང་ཞིག་རྩལ་འདོན་བྱས་མིན་གྱི་ཁྱད་པར་དུ་ཁོ་བོས་འདོད་བཞིན་ཡོད། སྙན་ངག་འབྲི་བ་ལ་བློ་སྦྱོང་གཙོ་བོ་མིན་པར་སྣང་ཡུལ་གང་དང་འཕྲད་ཀྱང་དེའི་གཏིང་རིམ་དུ་ཟུག་འགྲོ་བ་རྣོ་ཁབ་ལྟ་བུ་དང༌། ཆུང་རིམ་ནས་མྱོང་ཐུབ་པ་ཤའུ་ལྟ་བུའི་ཚོར་བ་རྣོ་ངར་ཅན་ཞིག་གལ་ཆེ་བར་བཤད་དོན་དེ་ཡིན་ལ། སྙན་ངག་བུ་མོའི་ཁ་ན་ཡོད་པའི་གནད་ཀྱང་དེར་ཐུག་ཡོད། ད་ལྟའི་བོད་ཀྱི་སྙན་ངག་འབྲི་མཁན་ཕལ་མོ་ཆེར་འདུ་ཤེས་ཙམ་ལས་ཚོར་བ་ཡེ་ནས་མེད་སྟབས་ཁོ་ཚོ་ལ་ན་ཟུག་མེད་པའི་སྙན་ངག་པའི་སྡེ་ཞེས་འབོད་ཀྱིན་འདུག །དེ་བས་ཀྱང་ཐབས་སྐྱོ་བ་ཞིག་ནི་ད་ལྟའི་བོད་ཀྱི་གླུ་དབྱངས་པ་ཕལ་མོ་ཆེ། གླུ་ཚིག་གི་ནང་དོན་ཅི་ཡིན་ཧ་མི་གོ་བར། རང་དགར་ཁ་གདང་ཞིང་ལག་པ་གཡུག་བཞིན་འཁྲབ་སྟེགས་ཐོག་ཏུ་ལུས་འདུག་པ་ལ་བལྟས་ན་ཚོར་བ་ལྟ་ཅི་འདུ་ཤེས་ཀྱང་གོ་ཆོད་པ་ཞིག་ཡོད་བཟོ་མི་འདུག་པས། དེ་ཚོ་ལ་རྣམ་ཤེས་མེད་པའི་འཁྲབ་སྟོན་པའི་སྡེ་ཞེས་འབོད་དགོས་པ་ཨེ་ཡིན། སྒྱུ་རྩལ་པ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཚོར་བ་རྣོན་པོ་དེའང་མི་གཞན་པའི་བདེ་སྡུག་ལ་གཞན་ཞིག་གིས་རྒྱང་ལྟ་བྱེད་པ་ལྟ་བུ་མིན་པར། དོན་ལ་རང་དང་འབྲེལ་བ་ཡོད་མེད་གང་ལྟར་ཡང་སྐབས་འབྲེལ་ཟློས་གར་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་བསམ་བློ་ཡོད་ཚད་རང་རྒྱུད་ལ་དངོས་སུ་བརྗེ་སྤོར་བྱེད་ཐུབ་པ་ཞིག་དགོས། དེ་ཐུབ་མིན་ནི་སྒྱུ་རྩལ་པ་ཡིན་མིན་འབྱེད་པའི་མཚམས་རྟགས་ཀྱི་རྡོ་རིང་གཅིག་པུ་དེ་ཡིན། འོན་ཀྱང་དེ་ཐུབ་མཁན་ནི་ཤིན་ཏུ་དཀོན་པས་དོན་དམ་པའི་སྒྱུ་རྩལ་པ་ཡང་ཉིན་མོའི་སྐར་མ་ལྟར་དཀོན་པའི་ཚོད་རེད། སྙན་ངག་པ་དགེ་འདུན་ཆོས་འཕེལ་མཆོག་གིས། ངས་སྐབས་རེར་ཁ་རོག་ཡེ་ཤུའི་ལྷ་ཁང་ནང་དུ་འཛུལ་ཕྱིན་ཏེ་བསམ་བློ་གཞན་པ་གང་ཡང་མ་བཏང་བར་ཁོ་རང་ཚོའི་ལུགས་ཀྱི་དཀོན་མཆོག་དེ་ལ་ཁོ་རང་ཚོའི་གཞུང་ནས་བཤད་པ་ལྟ་བུའི་ཡོན་ཏན་དྲན་པའི་སྒོ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་བསྡད་པ་ན། དུས་ཚོད་གང་འཚམས་ཤིག་ནས་མིག་ཆུ་འཆོར་བ་ཙམ་གྱི་དད་པ་ཞིག་སྐྱེ་འོང་རྒྱུ་འདུག་པ་ཡ་མཚན་ཞེས་གསུངས། ངེས་པ་དོན་གྱི་སྒྱུ་རྩལ་པ་ཞེས་པ་དེ་ཡ་མཚན་ཆེ་བའི་སྐྱེས་བུ་འདི་འདྲ་ལ་ཟེར་ཏེ། མི་ཕལ་པ་སུ་ཞིག་ཡིན་ཡང་སེམས་ཁོང་ནས་ཁས་ལེན་ཡོད་མ་མྱོང་བའི་ཆོས་ལུགས་ཤིག་ལ་སྡུག་བཙིར་ཅི་འདྲ་བྱས་ཀྱང་གློ་བུར་དུ་དད་པ་ཞིག་སྐྱེ་ཤེས་ཐབས་མེད་ལ་དེ་མ་སྐྱེས་ན་མི་མགོ་སྐམ་པོ་ལས་མིག་ཆུ་འབབ་ཐུབ་བབ། ཡང་ཨ་མེ་རི་ཀའི་ཟློས་གར་འཁྲབ་མཁན་གྲགས་ཅན་ཝེ་ལན་རྦ་ཏྲེས། གྲོང་ཁྱེར་ཆེན་པོ་ཉུགའུ་ཡོ་རུ་ཟློས་གར་ཁྲོད་ཀྱི་མི་ངན་ཞིག་གི་རྣམ་ཐར་འཁྲབ་སྟོན་བྱེད་སྐབས། ལྟད་མོ་བའི་ཁྲོད་ཀྱི་དམག་དཔོན་ཞིག་ལ་འཁྲབ་སྟོན་པ་ཁོང་དངོས་སུ་མི་ངན་དེ་ཡིན་པའི་འཁྲུལ་སྣང་སྐྱེས་ཤིང༌། མི་དེས་སྤྱོད་ངན་སྟོན་རྒྱུ་མང་དྲགས་པས་ཁོང་ཁྲོ་གནོན་མ་ཐུབ་པར་ཐུང་མདའ་གཏོན་ཏེ་འཁྲབ་སྟོན་པ་འཁྲབ་སྟེགས་ཐོག་དེ་རང་དུ་བསད། མི་ཚོགས་འུར་ཆིལ་ལེར་སོང་བ་ན་ད་གཟོད་དམག་དཔོན་ཁོ་ཡང་རྨོངས་གཉིད་ལས་སད་ནས་གླེན་རྟགས་ཆེ་བའི་རང་ཉིད་ལ་ཁོང་ཁྲོ་སྔ་མ་དེ་ལས་ཆེ་བ་ཞིག་སྐྱེས་ཏེ། སླར་ཡང་མདེའུ་གཅིག་གི་འགྲོ་སྒོ་བཏང་ནས་རང་ཉིད་ཀྱང་འཁྲབ་སྟོན་པ་ཁོང་དང་མཉམ་དུ་ཕྱིར་བལྟས་མེད་པར་བུད་སོང༌། ཕྱིས་སུ་ཨ་རིའི་མི་དམངས་ཚོས་ཡོད་ཚད་སྒྱུ་རྩལ་གྱི་ཀློང་དུ་གཏིམ་ཕོད་པའི་སྐྱེས་བུ་ངོ་མཚར་ཅན་དེ་གཉིས་ཀྱི་སྐུ་ཕུང་ལྷན་ཅིག་ཏུ་དུར་འཇུག་བྱས་པའི་མདུན་དུ། མིའི་རིགས་ཀྱི་རླབས་ཆེ་བའི་སྒྱུ་རྩལ་པ་སྐུ་མཆེད་གཉིས་ཞེས་བརྐོས་པའི་དུར་བྱང་བསླངས་ཡོད་སྐད། དེས་ན་འཁྲབ་སྟོན་པ་ཚད་ལྡན་ཚོས་འཁྲབ་སྟོན་བྱེད་སྐབས་མགོ་འཁྲབ་སྟོན་ནས་འཛིན་ཅིང་མཇུག་འཁྲབ་སྟོན་དུ་བསྡུ་བ་ཙམ་ལས། འཁྲབ་སྟོན་གྱི་དངོས་གཞིའི་སྐབས་སུ་རང་ཉིད་འཁྲབ་སྟོན་པ་ཞིག་གི་ཚད་དུ་ལུས་ནས་མི་འདུག་པར་འཇིག་རྟེན་གཞན་དག་ཅིག་འགྲིམས་ནས་མི་ཚེ་གསར་པ་ཞིག་སྐྱེལ་བཞིན་ཡོད་པ་རེད། སྐལ་བཟང་མེ་ཏོག་ལ་མཚོན་ན་དཀོན་ལ་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱི་སྒྱུ་རྩལ་དེ་མ་གཞི་ནས་རང་ཆས་སུ་ཚང་འདུག་སྟེ། མོས་འཁྲབ་སྟོན་གྱི་སྐབས་སུ་ཁྲལ་མངོན་སླ་བཅོས་དང༌། གསོག་གསོབ་ཟོག་རྫུའི་རིགས་ཡེ་ནས་མེད་པར་རང་ཉིད་རང་གི་འཁྲབ་སྟོན་ལ་མཐའ་གཅིག་ཏུ་ཡིད་ཆེས་དང་བློ་དཀར་རྐྱང་པ་བྱས་ཡོད་པས། ནམ་ཡང་དགའ་སྡུག་གི་སེམས་འགྱུ་ཡོད་ཚད་ལམ་ལམ་དུ་འབར་ཞིང་ལྷོག་ལྷོག་ཏུ་འཕྱུར་བཞིན་ཡོད་པའི་ཚུལ་ང་ཚོས་གསལ་པོར་མཐོང་ཐུབ། དཔེར་ན་མོའི་གླུ་དབྱངས་དགའ་རོགས་ཡུལ་དུ་འཕུར་འགྲོ་ཞེས་པ་དེ་ལ་ལྟོས་ཤིང་ཉོན་དང༌། དོན་དུ་མོ་རང་སྐབས་དེར་སེམས་ཁོང་གི་ཟབ་སར་ལྷུང་བའི་གཞོན་ནུ་དེའི་སར་འགྲོ་འདོད་ཀྱང་འཕུར་མ་ཐུབ་པར་ལུས་ཡོད་མེད་སུས་ཤེས་ཀྱང༌། གླུ་དབྱངས་དེའི་ཁྲོད་ཀྱི་སྐལ་བཟང་་
 
 

[1] [2] ཤོག་ངོས་འོག་མ།

·རྩོམ་ཡིག་གོང་མ:རྟེན་འབྲེལ་བསྟོད་པ་བཞུགས་སོ།།
·རྩོམ་ཡིག་འོག་མ:ཚངས་དབྱངས་རྒྱ་མཚོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གླུ་དབྱངས་གླེང་བ། ༥、༦ 2009/11/19 17:14:18
·གླུ་དབྱངས་གླེང་བ། ༡ 、༢ 2009/11/14 12:33:00
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 9:06:56 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:13:06 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:10:08 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS