ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

སངས་རྒྱས་པའི་ལུཊ་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ།

  རྩོམ་པ་པོ:མཁན་པོ་ཚུལ་ཁྲིམས་བློ་གྲོས།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2297ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/1/9 21:58:59ཚོགས་ཡར་སྤྲོད:admin

སངས་རྒྱས་པའི་ལུགས་ཀྱི་རིན་ཐང་གི་ལྟ་ཚུལ་འགའ་ཞིག་བརྗོད་པ།

                                                                       མཁན་པོ་ཚུལ་ཁྲིམས་བློ་གྲོས།
 

       དེ་ལ་རིན་ཐང་གི་ལྟ་ཚུལ་ཞེས་པ་ནི་མདོར་བསྡུས་ན་བྱ་བ་དང་དངོས་པོ་གང་ཞིག་དོན་དང་ལྡན་པའམ་ཚད་དང་ལྡན་པ་ཡིན་ལ།གང་ཞིག་མི་ལྡན་པ་ཡིན་ཚུལ་གྱི་ལྟ་བ་དག་ལ་ཟེར་ ཏེ།དེ་ལ་དབྱེ་ན་མང་པོ་འདུགའདི་དག་ནང་པའི་ཆོས་སྐད་མ་ཡིན་ཡང་དོན་གྱིས་སྦྱར་ ནས་བཤད་ན་འཆད་རུང་བ་ཡིན་པས་འདིར་དེ་དང་བསྟུན་ནས་འཆད་པ་ལ།

དང་པོ། ཐོབ་ཐང་དང་འདྲ་མཉམ་གྱི་ཐད་ལ།

    འཛམ་ བུ་གླིང་འདིར་མི་དང་མིའི་བར་དུ་དང༌།སྐྱེས་པ་དང་བུད་མེད་ཀྱི་བར་དུ་དང༌།མི་ དང་དུད་འགྲོའི་བར་སོགས་སུ་ཐོབ་ཐང་གི་དབྱེ་བ་མང་པོ་བྱས་ཏེ།གཅིག་གིས་གཅིག་ལ་ དབང་སྒྱུར་བ་དང༌།བརྙས་བཅོས་བྱེད་པ་དང༌།མི་འོས་པའི་མནར་གཅོད་སྣ་ཚོགས་ཤིག་ བྱས་ནས་དེ་ག་ཐོབ་ཐང་མཐོ་དམན་ཞེས་པའི་རྒྱུ་མཚན་ཅི་ཡང་མེད་པའི་རང་འདོད་ཀྱི་ བསམ་པ་ཞིག་གིས་འོས་མཐུན་གྱི་བྱ་བ་ཞིག་ཏུ་བརྩི་བར་བྱེད།དེའི་དབང་གིས་འཇིག་ རྟེན་འདིར་བདེ་སྡུག་དོ་མི་མཉམ་པ་དང༌།མི་དྲང་བ་དང་མི་འོས་པ་ཤིན་ཏུ་མང་པོ་ བྱུང་ནས་ཉམ་ཆུང་གི་སེམས་ཅན་རྣམས་ཀྱི་སྡུག་སྐད་ལྷང་ལྷང་འདོན་དགོས་པའི་གནས་ ཤིག་ཏུ་གྱུར་པ་ཡིན།འོ་ན་སངས་རྒྱས་ཀྱི་ལྟ་བ་ཇི་ལྟ་བུ་ཡིན་ཞེ་ན།སེམས་ཅན་སུ་ ཞིག་ཡིན་ཡང་རུང་སྟེ་ཁེ་དྲག་ཞན་དང་ཐོབ་མཐོ་དམན་སོགས་ལ་མ་ལྟོས་པར་ཐམས་ཅད་ལ་ འཚོ་གནས་ཀྱི་ཐོབ་ཐང་དང་རང་དབང་གི་ཐོབ་ཐང་ཆ་ཚང་ཞིག་ཡོད་དགོས་པ་ཡིན།སངས་རྒྱས་ ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་ན།རྒྱ་གར་དུ་མི་རྣམས་ཀྱིས་རིགས་རུས་ཀྱི་ གྲལ་རིམ་ལ་བརྟེན་ནས་ཉམ་ཆུང་དག་གི་རང་དབང་གི་ཐོབ་ཐང་ལ་ཉམས་ཉེས་ཆེན་པོ་བྱུང་ བ་ན།སངས་རྒྱས་ཀྱིས་དེ་དོན་དང་མི་མཐུན་པར་དགོངས་ནས་རིགས་མི་གཙོ་རུས་མི་གཙོ་ ཡོན་ཏན་གྱིས་གཙོ་བོ་བྱ་དགོས་གསུངས་ཏེ།མདོ་ལས།རིགས་མི་གཙོ་རུས་མི་གཙོ་ བསྒྲུབ་པ་ཉིད་གཙོའོ་ཞེས་སོ།།རང་གི་སློབ་མ་བགྲང་གིས་མི་ལང་བ་ཞིག་ཡོད་པ་ཐམས་ ཅད་ཀྱང་རིགས་རུས་ཀྱི་ཐོབ་ཐང་མཐོ་དམན་མེད་པར་བྱས་ཏེ།ཡོན་ཏན་ཅན་གོང་དུ་བཀུར་ བའི་ལམ་སྲོལ་བཙུགས།དེའི་ཚེ་རྒྱ་གར་གྱི་མི་ཕྱོགས་ཞེན་ཅན་འགའ་རེས་སངས་རྒྱས་ ཀྱི་འཁོར་ནི་རིགས་སྣ་ཚོགས་པ་ཅན་རེད་ཅེས་བརྙས་པར་བྱས།འོན་ཀྱང་སངས་རྒྱས་ཀྱི་ འཁོར་ན་ཡོད་པའི་རིགས་དམན་པ་མང་པོས་ཀྱང་ཡོན་ཏན་ཤིན་ཏུ་ཆེན་པོ་ཐོབ་ནས་སངས་ རྒྱས་ཀྱི་སློབ་མའི་གཙོ་བོར་གྱུར།དེ་བཞིན་དུ་སྐྱེས་པ་དང་བུད་མེད་གཉིས་ཀྱང་ རྩ་བའི་ཐོག་ནས་ཐོབ་ཐང་འདྲ་མཉམ་བྱས།སྐྱེས་པས་གང་ལ་བསླབ་པ་དེ་ལ་བུད་མེད་ཀྱིས་ ཀྱང་བསླབ་ཆོག་པ་དང༌།སྐྱེས་པས་གང་ཞིག་བསྒྲུབ་ཆོག་པ་དེ་བུད་མེད་ཀྱིས་ཀྱང་ཆོག་ པར་བྱས་པས་ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བའི་བུད་མེད་ཤིན་ཏུ་མང་པོས་ཀྱང་བླ་ན་ མེད་པའི་ཡོན་ཏན་ཐོབ་པར་གྱུར།ཡང་རྒྱལ་པོ་དང་བློན་པོ་སོགས་མི་མཐོན་པོར་བརྩི་ བ་རྣམས་ཀྱི་ང་རྒྱལ་བཅགདམངས་དང་གདོལ་བ་སོགས་དམན་པར་བརྩི་བ་རྣམས་ལ་སྤོབས་པ་ བསྐྱེད་ནས་འདྲ་མཉམ་གྱི་སློབ་སྦྱོང་དང་བསྒྲུབ་པ་བྱེད་དུ་བཅུག་པས་འདྲ་མཉམ་ གྱི་ཡོན་ཏན་ཐོབ་པར་གྱུར།དེར་མ་ཟད་སངས་རྒྱས་རང་གིས་ཀྱང་སློབ་མ་ནད་པ་རྣམས་ལ་ ནད་གཡོག་མཛད།ནད་པ་བཤང་གཅིའི་ནང་དུ་གནས་པ་དག་གི་ལུས་དང་གོས་རང་ཉིད་ཀྱིས་ བཀྲུ་བར་མཛད།གཞན་རྣམས་ལའང་ང་རྒྱལ་ཁེངས་དྲེགས་ཀྱི་བསམ་པ་བསྐྱུངས་ནས་འདྲ་མཉམ་ གྱི་བསམ་པ་བསྐྱེད་པའི་ཕྱིར་དུ་སྨན་ཁང་གི་སྒོར་སངས་རྒྱས་རང་གིས་ནད་པ་ལ་རིམ་ གྲོ་གནང་བཞིན་ཡོད་པའི་རི་མོ་འབྲིར་བཅུགརང་གི་ཕྱག་གིས་ཕྱགས་མ་ཐོགས་ཏེ་སློབ་ མ་རྣམས་ཀྱི་གཙུག་ལག་ཁང་དང་འགྲོ་འདུག་བྱ་བའི་གནས་རྣམས་ལ་ཕྱག་བདར་མཛད།སློབ་མ་ རྣམས་ཀྱིས་བཟའ་བཏུང་ཅི་ཞིག་གསོལ་ན་རང་ཉིད་ཀྱིས་ཀྱང་དེ་ག་རང་གསོལ།སྦྱིན་བདག་ རྣམས་ཀྱིས་ཁ་ཟས་བཟང་ངན་ཅི་ཞིག་ཕུལ་ཡང་དེ་ག་རང་ཐུགས་དགྱེས་བཞིན་གསོལ་ཏེ།ཡུལ་ དགྲ་མཐར་དབྱར་གནས་པའི་ཚེ་ན་ཟླ་བ་གསུམ་གྱི་རིང་ལ་རྟ་ཆས་ཀྱི་ནས་རུལ་བ་གསོལ་ ནས་བཞུགས།སྐབས་དེ་དུས་དང་མ་འོངས་པའི་མི་རྣམས་སྤོབས་པ་བསྐྱེད་པའི་ཕྱིར་དུ་ སངས་རྒྱས་རང་ཉིད་ལ་གཞན་གྱི་སྐུར་འདེབས་དང༌།སྒྲོ་འདོགས་དང༌།གཤེ་བ་སོགས་ཆེད་ དུ་འོང་བཅུག་ནས་དང་ལེན་མཛད་དེ།སློབ་མ་ཉམ་ཆུང་གཞན་གྱིས་བརྙས་བཅོས་བྱེད་པ་ རྣམས་ཀྱིས་བདག་ཅག་གི་སྟོན་པ་ལའང་འདི་འདྲ་བྱུང་འདུག་ན་ང་ལ་དེ་ཙམ་བྱུང་བ་ལ་ ཚབས་ཆེ་རྒྱུ་ཅི་ཡོད་སྙམ་ནས་མིའི་གཤེ་སྐུར་སོགས་ལ་བཟོད་སྲན་གྱི་ཁོག་རྒྱ་ བསྐྱེད་དེ་ཡི་ཆད་པ་མེད་པར་མདུན་དུ་བསྐྱོད་ནས་འདྲ་མཉམ་གྱི་ཡོན་ཏན་འཐོབ་པའི་ ཐབས་མཛད་དོ།།མདོར་ན།མི་ཐམས་ཅད་ལ་འཚོ་གནས་ཀྱི་ཐོབ་ཐང་དང་རང་དབང་གི་ཐོབ་ཐང་ ཐམས་ཅད་འདྲ་མཉམ་དུ་ཡོད་དགོས་པ་ལས།རིགས་རུས་དང་དབང་ཆ་སོགས་ལ་བརྟེན་ནས་མིས་ མི་ལ་བརྙས་བཅོས་བྱེད་པ་དང་དབང་སྒྱུར་བྱེད་པ་ཐམས་ཅད་དགག་པར་མཛད་པ་ཡིན་ཏེ། དཔེར་ན།མི་གཞན་ཞིག་ལ་ནོར་རྫས་བཟང་པོ་ཡོད་པ་མཐོང་བ་ན།གལ་ཏེ་གཞན་གྱི་ནོར་རྫས་ དེ་དབང་ཤེད་དམ་གཡོ་སྒྱུ་ལྟ་བུ་ཚུལ་དང་མི་མཐུན་པའི་བྱེད་ཐབས་ཤིག་ལ་བརྟེན་ནས་ རང་གི་ལག་ཏུ་འོང་ཐབས་བྱ་སྙམ་དུ་སེམས་ལ་བསམ་པ་ཙམ་གྱིས་ཀྱང་མི་དགེ་བ་བཅུའི་ ནང་གི་བརྣབ་སེམས་ཞེས་པའི་ཉེས་པ་དེར་འགྱུར་བ་དང༌།སེམས་ཅན་གང་ཞིག་ཡིན་ཡང་རུང་ སྟེ།དེ་ལ་གནོད་པ་སྤུ་རྩེ་ཙམ་ཞིག་བྱེད་པར་འདོད་ནའང་མི་དགེ་བ་བཅུའི་ནང་ཚན་ གནོད་སེམས་ཞེས་པ་དེར་འགྱུར་བ་ཡིན།མི་དགེ་བ་བཅུ་པོ་ནི་གང་ཞིག་ཡིན་ཡང་རུང་ སྟེ།སྲོག་གི་ཕྱིར་དུའང་བསྒྲུབ་པར་མི་གནང་བས་གཞན་གྱི་རྒྱུ་ནོར་ཧམ་ལེན་བྱེད་ པའི་བཤུ་གཞོག་དང༌།དབང་ཤུགས་ལ་བརྟེན་ནས་ཉམ་ཆུང་རྣམས་བཙན་གནོན་བྱེད་པའི་གཉའ་ གནོན་དང༌།རང་གི་ཕྱིར་དུ་གཞན་ལ་སྡུག་གཏོད་པའི་བྲན་གཡོག་ལམ་ལུགས་སོགས་ནི་ འཇིག་རྟེན་པའི་དཔོན་པོ་དང་བཙན་པོ་དག་གིས་བཙུགས་པ་ཡིན་གྱི།སངས་རྒྱས་ཀྱི་ བསྟན་པ་མ་ཡིན་ཏེ།སངས་རྒྱས་ཀྱིས་ནི་དགག་པ་བྱ་ཡུལ་གཙོ་བོ་ཡིན་པས་བཀའ་ཆོས་པོ་ ཏི་བརྒྱ་ཕྲག་ལྷག་ཅིག་བཞུགས་པའི་ནང་ན་བྱ་བ་འདི་དག་ལ་བསྔགས་པ་ཚིག་ཟུར་ཙམ་ཡང་ མི་འབྱུང་ངོ༌།།མི་ཐམས་ཅད་ཀྱིས་ཕན་ཚུན་འཚེ་བ་མེད་པར་རང་དབང་གི་ཐོབ་ཐང་ལ་ ལོངས་སུ་སྤྱད་ནས་འདི་དང་ཕྱི་མ་ཀུན་ཏུ་བདེ་ཞིང་སྐྱིད་པའི་རྒྱུ་བསྒྲུབས་ནས་ གནས་པ་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་ནོ།།མི་ཙམ་དུ་མ་ཟད་དུད་འགྲོ་སོགས་སེམས་ ཅན་ཐམས་ཅད་ཀྱང་འཚོ་གནས་དང་རང་དབང་གི་ཐོབ་ཐང་གི་ཐད་ནས་འདྲ་མཉམ་ཁོ་ན་ཡིན་ དགོས་པར་བཞེད་དེ།ཐ་ན་གྲོག་སྦུར་ལྟ་བུའི་སེམས་ཅན་ཕྲ་བ་ཞིག་ཡིན་ཡང་རུང་སྟེ། དེ་ལའང་འཚོ་གནས་དང་རང་དབང་གི་ཐོབ་ཐང་ཆ་ཚང་ཡོད་དགོས།སེམས་ཅན་སུས་ཀྱང་དེའི་ ཐོབ་ཐང་ལ་བཙན་དབང་བྱེད་མི་རུང༌།གལ་ཏེ་བྱས་ན་རྗེས་སུ་ལྡབ་བརྒྱ་སྟོང་མང་པོའི་ ཚད་ཀྱི་སྡུག་བསྔལ་རང་གིས་མྱང་དགོས་ཏེ།གཞན་ལ་གནོད་འཚེ་བྱས་ནས་རང་ལ་བདེ་བ་ བསྒྲུབ་པ་དེ་ཁེ་བཟང་དུ་འགྱུར་རྒྱུ་ནམ་ཡང་མེད་པས་སེམས་ཅན་ལ་གནོད་པའི་ལས་མཐའ་ དག་སྤང་དགོས།དེར་མ་ཟད་སེམས་ཅན་ཐམས་ཅད་ཀྱང་སྐྱེ་བ་སྔ་མ་རྣམས་སུ་རང་གི་ཕ་མ་མ་ བྱས་པ་གཅིག་ཀྱང་མེད་པས་ཚེ་འདིའི་བུ་དང་དགྲ་ལའང་མཉམ་པར་བལྟ་དགོས།ཕ་མ་དང་ གྲོག་སྦུར་ལའང་མཉམ་པར་བལྟས་ཏེ་ཐམས་ཅད་གཅེས་པར་བསྐྱང་དགོས་ཀྱི།མི་ཙམ་ཞིག་རང་ ཕྱོགས་སུ་བཟུང་ནས་གཞན་དུད་འགྲོ་སོགས་ལ་གནོད་པ་བྱེད་ཅི་ཐུབ་བྱེད་པ་དང་དེ་དག་ གི་ཐོབ་ཐང་ལ་རྡོག་བརྫིས་བྱེད་པའང་ཤིན་ཏུ་མི་འཐད་པར་བཞེད།འདི་ནི་འཛམ་བུ་ གླིང་གི་ཐོག་ཆེས་རྩེ་མོར་སོན་པའི་ངེས་པ་དོན་གྱི་འདྲ་མཉམ་དང་རང་དབང་གི་ཐོབ་ ཐང་ལ་བརྩི་བསྲུང་བྱེད་པ་ཡིན་ཏེ།དེ་ལས་ཕན་ལ་འདྲ་མཉམ་བྱེད་ཚུལ་དང་རང་དབང་ སྤྲོད་ཚུལ་ཞིག་མེད་པའི་ཕྱིར་རོ།།

གཉིས་པ། དམངས་གཙོའི་ཐད་ལ།

     དེང་སང་འཛམ་གླིང་གང་སར་དམངས་གཙོའི་ལམ་ལུགས་ལ་ཀུན་ཀྱིས་དགའ་སྤྲོ་དང་ཡི་རང་དང་ བསྔགས་བརྗོད་བྱེད་བཞིན་པའི་དུས་ཤིག་ཡིན།དོན་ལའང་དགེ་མཚན་མང་པོ་ཡོད།འོན་ཀྱང་ འདི་ད་ལྟ་དར་བ་ཙམ་མ་ཡིན་གྱི།སངས་རྒྱས་ཀྱིས་སྔར་ནས་རང་གི་ཚོགས་པའི་ནང་དུ་ དམངས་གཙོའི་ལམ་ལུགས་ཕྱག་བཞེས་སུ་མཛད་དེ།འདུལ་ཁྲིམས་ཀྱི་བསླབ་པ་རྣམས་ནི་ལས་ རྒྱུ་འབྲས་ལ་བརྟེན་ནས་བཅའ་དགོས་ལ།ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཕྲ་ཞིང་ཕྲ་བ་ རྣམས་ནི་སངས་རྒྱས་ལས་གཞན་པས་ཇི་བཞིན་པ་ཞིག་མི་ཤེས་པས་སངས་རྒྱས་རང་གིས་མཐར་ ཐུག་གི་ཐག་གཅོད་དགོས་པ་ཡིན་མོད།དེ་ཡང་ཡུལ་དུས་དེ་གའི་མང་ཚོགས་ཀྱི་བློ་ལ་ ལེགས་པར་འཛིན་ནམ་སྐྱོན་དུ་འཛིན།བསྔགས་བརྗོད་བྱེད་དམ་འཕྱར་ཀ་བྱེད་ལེགས་པར་ གཟིགས་ནས་དེ་དག་གི་བསམ་པ་དང་མཐུན་པར་བསླབ་པ་འཆའ་བ་ལས་གཞན་གྱི་བསམ་པ་ལ་མི་ བསྟུན་པའམ་གནོད་པར་འགྱུར་བའི་ཁྲིམས་གང་ཡང་འཆའ་བར་མི་མཛད་དོ།།ཚོགས་པའི་ནང་ དུ་བྱ་བ་ཆེ་ཕྲ་གང་ཞིག་ཡོད་ཀྱང་ཐམས་ཅད་ཀྱིས་གྲོས་བྱས་ཏེ་ཀུན་ཀྱི་བློར་བབས་ན་ དེར་ཐག་གཅོད་པར་བྱེད།འདུལ་བའི་ནང་ན་ལས་བརྒྱ་རྩ་གཅིག་ཡོད་དེ།ལས་ཞེས་པ་ནི་ ཚོགས་པའི་ནང་དུ་བསྒྲུབ་དགོས་པའམ་དགག་དགོས་པའི་བྱ་བ་རྣམས་དམངས་གཙོའི་ལམ་ནས་ གྲོས་བསྡུར་བྱས་ཏེ་ཐམས་ཅད་བློ་མཉམ་ན་ཐག་གཅོད་པའི་ཆོ་ག་ཞིག་ལ་ཟེར།གྲོས་ཐག་ འདི་སངས་རྒྱས་རང་གིས་ཀྱང་མི་གཅོད་ལ་གྲོས་བསྡུར་འདི་རྣམས་ཀྱི་གྲལ་དུ་སངས་ རྒྱས་མ་བྱོན་ཡང་སྐྱོན་མེད་དེ།སློབ་མ་རྣམས་ཁོ་ནས་ཐག་གཅོད་པར་བྱེད།གྲོས་ བསྡུར་འགའ་ཞིག་ཐོག་མའི་དུས་སུ་དེར་ཡོད་ཀྱི་སློབ་ཚོགས་ཡོངས་རྫོགས་འདུས་ནས་ གྲོས་བསྡུར་བྱེད།ཕྱིས་སུ་བྱ་བ་མང་པོ་བྱུང་ཚེ་རྒྱུན་དུ་མི་ཐམས་ཅད་འདུས་དགོས་ ན་སོ་སོའི་དུས་ཚོད་འཕྲོ་བརླག་ཏུ་འགྲོ་བས་ཆ་རྐྱེན་ལེགས་པར་ཚང་བའི་འཐུས་ཚབ་ བསྐོས་ནས་དེ་དག་གིས་གྲོས་བསྡུར་བྱས་ཏེ་བྱ་བ་ཐམས་ཅད་ལ་གྲོས་ཐག་གཅོད།གལ་ཏེ་ འཐུས་མི་དེ་དག་གི་ནང་ནས་འགའ་ཞིག་གིས་བྱ་བ་དེ་ལ་བློ་བབས་མ་བྱུང་ནས་བློ་བབས་ ཡོད་པའི་མི་གྲངས་གཏན་འཁེལ་བྱས་པ་དེའི་གྲངས་མ་ཚང་བར་གྱུར་ན།བྱ་བ་དེར་ཐག་ གཅོད་བྱེད་མི་ཆོག་ལ་བྱས་ཀྱང་གོ་མི་ཆོད་དེ།བློ་བབས་ཡོད་མཁན་གྱི་མིའི་གྲངས་ ཚད་ངེས་ཅན་ཞིག་ཏུ་ལོང་དགོས།འཐུས་མི་དེ་རྣམས་ཀྱིས་ཐག་བཅད་པ་དེ་ལ་སངས་རྒྱས་ ཀྱིས་ཀྱང་བརྩི་བཀུར་མཛད་པ་ལས་གྲོས་ཐག་བཅད་ཟིན་པ་དེ་དཀྲུག་པར་མི་མཛད་དོ།།དེ་ བཞིན་དུ་འཇིག་རྟེན་བྱེད་པ་པོ་ལྟ་བུའི་ལྷ་ཁོ་ན་ལ་སྐྱབས་བརྟེན་ནས་སྡོད་པའང་མ་ ཡིན་ལ།མི་མ་ཡིན་དང་མི་གང་གིས་ཀྱང་གཞན་དབང་དུ་མ་སོང་བར་རང་ཉིད་ཀྱི་མཐུ་ལ་ བརྟེན་ཅིང་རང་དབང་སྤྱད་དེ་ལེགས་པའི་ལམ་དུ་སོང་ན་འདི་ཕྱིའི་དོན་རྒྱ་ཆེན་པོ་ འགྲུབ་པར་གསུངས་ཏེ།ཚོམས་ལས།བདག་ཉིད་བདག་གི་མགོན་ཡིན་གྱི།།གཞན་ལྟ་སུ་ཞིག་ མགོན་དུ་འགྱུར།།བདག་ཉིད་བདག་གི་མགོན་གྱུར་པའི།།མཁས་པས་དོན་རྣམས་འཐོབ་པར་ འགྱུར།།ཞེས་གསུངས་སོ།།

གསུམ་པ། ཆོས་སྲིད་ཟུང་འབྲེལ་གྱི་ཐད་ལ།

     སྤྱིར་ཆོས་སྲིད་ཟུང་འབྲེལ་ཞེས་པ་འདི་ལ་གོ་བ་ཕྱོགས་གཉིས་ནས་བླང་ཆོག་པར་སྣང་སྟེ། གཅིག་ནི་ཆོས་ལུགས་པ་འགའ་རེས་སྲིད་ཀྱི་དབང་ཆ་བཟུང་བའམ་ཡུལ་གྱི་རྒྱལ་པོ་དང་ མཉམ་འབྲེལ་བྱས་ཏེ།རང་ངམ་ཆོས་ལུགས་ཀྱི་ཚོགས་པ་རེ་ཟུང་ཙམ་གྱི་ཁེ་ཕན་གྱི་ཕྱིར་ དུ་སྲིད་ཀྱི་དབང་ཆ་ལ་བརྟེན་ནས་བཙན་དབང་གི་བྱ་བ་མང་པོ་བྱེད་པ་དང༌།ཕ་རོལ་པོ་ མོས་པ་ཡོད་མེད་ལ་མི་བལྟ་བར་བཙན་ཤེད་ཀྱིས་རང་གི་ཆོས་ལ་སློབ་ཏུ་འཇུག་པ་དང༌། རང་ངམ་རང་ཕྱོགས་ལ་གནོད་པ་བྱེད་མཁན་བྱུང་ན་ལྷ་ལ་ཕོག་ཐུག་བྱས་པ་ཡིན་ཞེས་ཆད་པ་ ཆེན་པོ་གཅོད་པ་སོགས་ཚུལ་མིན་གྱི་བྱ་བ་རྣམས་ཀྱིས་སེམས་ཅན་རྣམས་ལ་སྡུག་བསྔལ་ གཏད་པ་ལྟ་བུ་ཡིན་ནོ།།ཕྱོགས་གཉིས་པ་ནི།དམ་པའི་ཆོས་ཀྱི་སློབ་གསོ་ལ་བརྟེན་ནས་ རྒྱལ་པོ་དང་བློན་པོ་དག་ལ་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བར་བྱེད་དུ་འཇུག་པ་ ཡིན།དེ་ཡང་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་ཞེས་པ་ནི་རྒྱལ་བློན་རྣམས་ཀྱིས་སྲིད་ དབང་ལ་བརྟེན་ནས་འབངས་རྣམས་ལ་རང་དབང་གི་ཐོབ་ཐང་མེད་པ་དང༌།ཚུལ་མིན་གྱི་ཁྲལ་ བསྡུ་བ་དང༌།འབངས་དང་རྒྱལ་ཁབ་ཀྱི་དངོས་རྫས་ལྐོག་ཟ་བྱེད་པ་དང༌།རང་གི་ཕྱོགས་ རྣམས་ལ་ཚུལ་དང་མི་མཐུན་པའི་གོ་གནས་དང་ཁེ་དབང་སྤྲོད་པ་དང༌།གཞན་གྱི་ཕྱོགས་ལ་ ཕན་སེམས་དང་ལྷག་བསམ་མེད་པ་དང༌།གནས་ལུགས་ཡོད་མེད་ལ་མི་བལྟ་བར་རྒྱུ་ནོར་ལྐོག་ རྔན་ཡོད་མེད་ལ་བལྟ་བ་སོགས་ལས་རྒྱུ་འབྲས་དང་མི་མཐུན་པ་ཐམས་ཅད་སྤངས་ནས་འབངས་ རྣམས་ལ་ལྷག་བསམ་ཟོལ་མེད་བྱེད་པ་དང༌།དེར་མ་ཟད་ཕ་དང་མའི་འདུ་ཤེས་བཞག་སྟེ་ཕན་ པ་བསྒྲུབ་པ་དང༌།ལས་རྒྱུ་འབྲས་ཀྱི་ལམ་ལས་འདའ་བ་མེད་པར་དྲང་བདེན་གྱི་བྱ་བ་ བསྒྲུབ་པ་དང༌།འབངས་རྣམས་ལའང་ཕན་ཚུན་འཚེ་བ་མེད་པར་འདི་ཕྱི་གཉིས་ཀ་ལ་བདེ་བའི་ བྱ་བ་བསྒྲུབས་ཏེ་གནས་དགོས་པའི་སྲིད་ཇུས་འཛུགས་པའི་དྲན་གསོ་དང་སྐུལ་མ་བྱེད་ པ་དེ་ཡིན།དེ་གཉིས་ལས་ཕྱི་མ་འདི་ནི་བྱ་བ་བཟང་པོ་ཡིན་ཏེ།རྒྱལ་ཁབ་ཀྱི་སྲིད་ བརྟན་བརླིང་ཡོང་བ་དང༌།འབངས་རྣམས་ལ་བདེ་སྐྱིད་འོང་བའི་ཐབས་ཐུན་མོང་མ་ཡིན་པ་ ཞིག་ཏུ་གྲུབ་པའི་ཕྱིར་རོ།།སངས་རྒྱས་བཞུགས་པའི་ཚེ་ན་རྒྱ་གར་ན་རྒྱལ་བོ་མང་པོ་ ཡོད་དེ།ཐམས་ཅད་སངས་རྒྱས་ལ་ཤིན་ཏུ་དད་ཅིང་གུས་པ་ཤ་སྟག་ཡིན་ཏེ།དཔེར་ན།རྒྱ་གར་ གྱི་རྒྱལ་པོ་ལ་ལ་ཞིག་གིས་སངས་རྒྱས་ལྟ་ཅི་སངས་རྒྱས་ཀྱི་སློབ་མ་རྣམས་གཟིགས་ པའི་ཚེ་ནའང་གླང་པོ་ཆེའི་ཐོག་ནས་ས་ལ་དལ་བར་མི་འབབ་པར་ལྷུང་དུ་བཅུག་སྟེ་ཕྱག་ འཚལ་བར་བྱེད་པ་ཡིན།དེས་ན་སངས་རྒྱས་ཀྱིས་དེའི་སྐབས་སུ་རྒྱལ་པོ་སུའི་སྲིད་ དབང་ལ་བརྟེན་ཀྱང་མི་བཏུབ་པ་ཅུང་ཟད་མེད་མོད།འོན་ཀྱང་རྒྱལ་པོ་རྣམས་ལ་རྒྱལ་ སྲིད་དྲང་བདེན་གྱིས་སྐྱོང་དགོས་ཚུལ་དང༌།རང་རང་གིས་སེམས་ཅན་ལ་གནོད་པ་མི་ བྱེད་པར་ཤེས་རབ་དང་སྙིང་རྗེ་ལ་བརྟེན་དགོས་ཚུལ་གྱི་ཞལ་ཏ་མང་པོ་གནང་བར་མཛད་ དེ།རྒྱལ་པོ་ལ་གདམས་པའི་མདོ་དང་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་སོགས་མང་པོ་ ཡོད།དེ་ལས་གཞན་དུ་ཆོས་དང་སྲིད་དབང་མཉམ་འབྲེལ་ལམ་སྲིད་དབང་ལ་བརྟེན་ནས་བྱ་བ་ བསྒྲུབས་པ་གང་ཡང་མེད་ལ།བརྟེན་ཀྱང་མི་དགོས་ཏེ།ལྷག་བསམ་རྣམ་པར་དག་པའི་སྒོ་ནས་ དྲང་བདེན་གྱི་གནས་ལུགས་ཁོ་ན་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་མི་ཤེས་པའི་རྨོངས་ པ་བསལ་ནས་ཡང་དག་པའི་ལམ་ལ་འཁྲིད་པར་མཛད་པ་འདི་ཁོ་ནས་དོན་ཐམས་ཅད་འགྲུབ་པ་ཡིན་ ནོ།།དེ་བཞིན་དུ་སངས་རྒྱས་པས་མ་མོས་པ་ལ་ཆོས་མི་བཤད་ཅེས་ཕ་རོལ་པོ་རང་ལ་མོས་པ་ མེད་ན་དེ་ལ་ཆོས་བཤད་པར་མི་བྱ་ཞེས་ཁྲིམས་སུ་བཅས་ཡོད་པས་གཞན་ལ་མོས་པ་ཡོད་མེད་ ལ་མི་བལྟ་བར་བཙན་ཤེད་ཀྱིས་ཆོས་ལ་འཛུད་པར་ནམ་ཡང་མི་མཛད་དོ།།

བཞི་པ། ཞི་བདེའི་ཐད་ལ།

    སངས་རྒྱས་པའི་དམ་པའི་ཆོས་ཀྱི་སློབ་གསོ་ཐམས་ཅད་ཀྱི་དམིགས་ཡུལ་མཐར་ཐུག་པ་ནི་ཞི་ བདེ་ཁོ་ན་ཡིན།ཞི་བདེ་ལ་ཚེ་འདིའི་ཞི་བདེ་དང༌།ཕྱི་མའི་ཞི་བདེ་དང༌།གཏན་གྱི་ཞི་ བདེ་དང་གསུམ་ཡོད།ཚེ་འདིའི་ཞི་བདེ་ལའང་ཕྱིའི་ཞི་བདེ་དང་ནང་གི་ཞི་བདེ་གཉིས་ ཡོད།ཕྱིའི་ཞི་བདེ་ནི་མི་དང་མིའི་བར་དུ་དང༌།རིགས་དང་རིགས་ཀྱི་བར།རྒྱལ་ཁབ་དང་ རྒྱལ་ཁབ་ཀྱི་བར་དུ་གཡུལ་འཁྲུག་དང་འཐབ་འཛིང་གང་ཡང་མེད་པར་ཐམས་ཅད་བག་ཕེབས་ སོས་དལ་གྱི་ངང་དུ་མཉམ་གནས་མཉམ་འཚོ་བྱེད་པ་དེ་ཡིན།ནང་གི་ཞི་བདེ་ནི་ཕྱི་ལུས་ ངག་གི་ཐོག་ནས་འཁྲུག་རྩོད་མེད་པ་ཙམ་དུ་མ་ཟད།ནང་གི་བསམ་པའི་ཐོག་ནའང་ཕན་ཚུན་ ཞེ་སྡང་དང་གནོད་སེམས་སོགས་མེད་པར་བྱམས་སེམས་དང་སྙིང་རྗེ་དང་ཕན་འདོགས་འདོད་ ཀྱི་ལྷག་བསམ་གྱི་སྒོ་ནས་གནས་པ་དེ་ཡིན།དེ་ལས་ཕྱིའི་ཞི་བདེ་མཚན་ཉིད་པ་ཞིག་ འོང་དགོས་ན་དང་པོ་ནང་གི་ཞི་བདེ་དེ་ཉིད་མེད་དུ་མི་རུང་བ་ཡིན།ནང་གི་ཞི་བདེ་ ལེགས་པོ་མེད་ན་ཕྱིའི་ཞི་བདེ་དེ་ཁྲིམས་དང་དཔལ་འབྱོར་དང་འཇིགས་རྔམས་སོགས་ལ་ བརྟེན་ནས་རེ་ཞིག་ཅུང་ཟད་རེ་བྱུང་ཡང་མཐའ་མི་ཐུབ་སྟེ།སེམས་ཀྱི་ནང་ཕན་ཚུན་ཞེ་ སྡང་གི་མེ་རབ་ཏུ་འབར་བར་གྱུར་པ་ནི།དེ་འགོག་པའི་ནུས་པ་མེད་པ་དང༌།དེ་མ་ཁེགས་ ན་དེས་མི་ཞི་བ་དང་མི་བདེ་བའི་རྒྱུ་སྣ་ཚོགས་པ་སློང་བའི་ཕྱིར་རོ།།ནང་གི་ཞི་ བདེ་དེ་ལེགས་པོ་བྱུང་ན་ཕྱིའི་ཞི་བདེ་འབད་མེད་དུ་འབྱུང་སྟེ།སེམས་ཀྱི་ཐོག་ནས་ ཕན་ཚུན་བྱམས་པ་དང་སྙིང་རྗེ་ཡོད་ན་འཁྲུག་རྩོད་སྣ་ཚོགས་པ་འབྱུང་བའི་གནས་མེད་ པའི་ཕྱིར་ཏེ།དཔེར་ན།སྔར་བཤད་པ་བཞིན་བཅོམ་ལྡན་འདས་བཞུགས་པའི་སྐབས་ན་ཐེངས་ ཤིག་དམག་འཁྲུག་བྱུང་སྟེ།སངས་རྒྱས་ཀྱི་སློབ་མ་ཁྱིམ་པ་ཆོས་ལེགས་པོ་སྒྲུབ་མཁན་ མང་པོ་ཞིག་ཀྱང་རྒྱལ་པོའི་བཀའ་བཟློག་མ་ནུས་ནས་དམག་གི་ནང་དུ་འགྲོ་དགོས་བྱུང༌། དེ་རྣམས་ཀྱི་བསམ་པ་ལ་ངེད་ཅག་ཚུར་བསད་ཀྱང་སླ་སྟེ།ཕར་སེམས་ཅན་གཅིག་གི་སྲོག་ ལའང་གནོད་པ་བྱེད་མི་རུང་སྙམ་སྟེ།མཚོན་ཆ་དངོས་བསྐྱུར་ཏེ།ཤིང་གི་རལ་གྲི་རེ་ ཤུབས་སུ་བཅུག་ནས་རྒྱབ་ལ་ཁུར་ཏེ་སོང་བ་ལྟ་བུ་ཡིན།འཇིག་རྟེན་གྱི་ལུགས་ལ་རང་ ཕྱོགས་ཀྱི་མི་བསད་པ་དང་རྒྱུ་འཕྲོག་བརླག་བྱས་ན་དེ་ལ་ཆད་པ་ཡོད་ཀྱི།གཞན་ཕྱོགས་ ལ་མ་ངེས་ཏེ།དམག་འཁྲུག་གི་ཚེ་གཞན་ཕྱོགས་གསོད་ཐུབ་ན་དཔའ་བོར་བརྩིས་ནས་ཆད་པ་ མེད་པར་མ་ཚད་བྱ་དགའ་སྟེར་བར་བྱེད།བསམ་པ་དང་སྤྱོད་པ་ཕྱོགས་སུ་ལྷུང་བ་དེའི་ དབང་གིས་ཞི་བདེ་ཞེས་པའང་ཐམས་ཅད་ཀྱི་སྨོན་པའི་ཡུལ་ཙམ་ལས་དོན་ལ་ཚེ་འདིར་ཡང་ ཤིན་ཏུ་དཀོན་པོར་གྱུར།གཞན་ཡང་ཞི་བདེ་ཞེས་པ་མི་རྣམས་ཀྱི་ཐོག་ནས་ཡོད་མེད་ བརྩི་བ་ལས་སེམས་ཅན་གཞན་རྣམས་ཀྱི་ཐོག་ནས་མི་བརྩི་སྟེ།དུད་འགྲོ་རྣམས་ཉི་མ་རེ་ རེ་ལ་དུང་ཕྱུར་མང་པོ་དམར་གསོད་བྱས་ཀྱང་དེ་ལ་ཞི་བདེ་མ་ཡིན་པར་མི་བརྩི་བས་ཚེ་ ཕྱི་མའི་ཞི་བདེའང་ཤིན་ཏུ་དཀའ་བར་སྣང་ངོ༌།།སངས་རྒྱས་ཀྱིས་རང་ཕྱོགས་དང་གཞན་ ཕྱོགས་ཞེས་འབྱེད་རྒྱུ་ཅི་ཡང་མེད་དེ།ཐམས་ཅད་ཀྱང་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པར་འདྲ་མཉམ་ཡིན་པས་སེམས་ཅན་སུ་ཞིག་དུས་ནམ་གྱི་ཚེ་བསད་ཀྱང་དེ་ལ་ ལས་རྒྱུ་འབྲས་ཀྱི་ཆད་པ་ནན་མོ་ཡོད་པར་གསུངས།དེར་མ་ཟད་ཞི་བདེ་ཞེས་པ་འདི་མི་ ཁོ་ན་ལ་དགོས་པ་ཙམ་མ་ཡིན་པར་དུད་འགྲོ་ཡན་ཆད་ལའང་དགོས་པས་སེམས་ཅན་ཐམས་ཅད་ འདིའི་ཁོངས་སུ་ཆུད་དགོས་པ་དང༌།དེ་ལྟར་བྱས་ན་མི་རྣམས་ལའང་འདི་དང་ཕྱི་མའི་ཞི་ བདེ་གཉིས་པོ་ལེགས་པར་འོང་བར་འགྱུར་ཞིང༌།དེ་གཉིས་ཀའི་རྩ་བའང་ནང་གི་ཞི་བདེ་ ཡོད་མེད་ཁོ་ན་ལ་རག་ལས་པ་ཡིན་པར་གསུངས་ཏེ།དེས་ན་འདི་དང་ཕྱི་མ།ཕྱི་དང་ནང་གི་ ཞི་བདེ་ཐམས་ཅད་ཀྱི་རྩ་བ་ནི་སངས་རྒྱས་ཀྱི་གསུང་རབ་ནང་དུ་ཡོད་དེ།སེམས་ཅད་ཐམས་ ཅད་ལ་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཏེ་ཚད་མེད་པ་བཞི་དང༌།བདག་ གཞན་མཉམ་པ།བདག་གཞན་བརྗེ་བ།བདག་བས་གཞན་གཅེས་དང༌།སེམས་ཅན་མ་ལུས་པའི་སྡུག་ བསྔལ་མཐའ་དག་བསལ་བའི་ཆེད་དུ་བརྩོན་པ་ལྷུར་ལེན་པའི་བྱང་ཆུབ་ཀྱི་སེམས་ཏེ།བླ་ ན་མེད་པའི་ཞི་བདེ་ཡང་དག་པ་རྣམས་ནི་སངས་རྒྱས་གཅིག་པུས་གསུངས་པའི་ཕྱིར་རོ།།

ལྔ་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ།

    ཕྱི་དང་ནང་གི་སྲུང་སྐྱོབ་བྱེད་ཚུལ་གཉིས་ཡོད་པ་ལས།   དང་པོ།   ཕྱིའི་སྲུང་སྐྱོབ་བྱེད་ཚུལ་ནི།མི་དང་རང་བྱུང་ཁམས་སམ་སྣོད་བཅུད་གཉིས་ཕན་ཚུན་གནོད་པ་མེད་པར་མཉམ་གནས་ བྱེད་པ་འདི་ལ་སངས་རྒྱས་ཀྱིས་ཐུགས་ཁུར་ཤིན་ཏུ་ཆེན་པོ་མཛད་འདུག་སྟེ།རབ་ཏུ་ བྱུང་བ་རྣམས་ཀྱིས་རྩྭ་དང་ཤིང་ལ་སོགས་པ་སྐྱེ་བའི་དངོས་པོ་གང་ཡང་རང་དགར་གཅོད་ མི་ཆོག་པའི་ཁྲིམས་བཅས།གལ་ཏེ་འདུ་ཁང་ལྟ་བུའི་ཆེད་དུ་མི་གཅོད་ཀ་མེད་བྱུང་ཡང་ ཤིང་སྡོང་པོ་གཅིག་གཅོད་པ་ལའང་རང་བྱུང་ཁམས་ཀྱི་རྟེན་དང་བརྟེན་པ་ལ་གནོད་མི་ གནོད་ཞིབ་མོར་བརྟགས་པའི་ཆོ་ག་མང་པོ་ཞིག་བྱས་པའི་རྗེས་སུ་གནོད་པ་མེད་པར་ཤེས་ ན་ད་གདོད་གཅོད་པར་བྱེད།དེ་བཞིན་དུ་མྱུ་གུ་སྐྱེད་པའི་ནུས་པ་ཡོད་པའི་འབྲུ་ རིགས་དང་རྩྭ་ཤིང་སོགས་ཀྱི་ས་བོན་སྐྱོན་མེད་པ་རྣམས་གཞོམ་མི་ཆོག་པ་དང༌།ཐལ་བ་ དང་བྱེ་མ་དང་སྔར་བརྐོས་ཟིན་པའི་ས་ཕུང་སོགས་མ་ཡིན་པའི་རང་བཞིན་གྱི་ས་ལ་སོར་ བཞི་མན་ཆད་རང་དགར་བརྐོ་མི་ཆོག་པ་དང༌།མི་རྣམས་ཀྱི་ལོངས་སྤྱད་བྱའི་སྤང་ཐང་ དང༌།ལྗོན་ཤིང་དང་ཆུ་གཙང་མ་ལ་སོགས་པའི་གནས་སུ་བཤང་གཅི་འདོར་བ་ལ་སོགས་ཀྱིས་ འབག་བཙོག་བྱེད་མི་ཆོག་པ་དང༌།སྐམ་སར་ཡོད་པའི་རྩྭ་ཤིང་སོགས་ཆུ་ནང་དུ་འདོར་བ་ དང༌།ཆུ་ནང་ན་གནས་པའི་ཉ་ལྕིབས་དང་ཉ་ཚང་དང་རྩྭ་ཤིང་སོགས་སྐམ་སར་བླངས་ཏེ།སྐྱེ་ དངོས་དང་སྲོག་ཆགས་ལ་གནོད་པ་བྱེད་མི་ཆོག་པ་དང༌།རྩྭ་ཤིང་དང་མེ་ཏོག་ལེགས་པོར་ སྐྱེས་པའི་གནས་སུ་ཤིང་སོགས་དངོས་པོ་དྲུད་དེ་མེ་ཏོག་སོགས་ལ་གནོད་པ་བྱེད་མི་ ཆོག་པའི་ཁྲིམས་བཅས་པ་དང༌།ཁོར་ཡུག་རྣམས་སུ་ལྗོན་ཤིང་འཛུགས་པ་དང༌།བཙུགས་ནས་ ཡལ་བར་མི་འདོར་བར་ལྗོན་ཤིང་ལ་མེ་ཏོག་གམ་འབྲས་བུ་མ་ཆགས་ཀྱི་བར་དུའམ་ཡུན་རིང་ ན་ལོ་ལྔའི་བར་དུ་ཆུ་འདྲེན་པ་སོགས་ཀྱིས་ལེགས་པར་བསྐྱང་དགོས་པ་དང༌།ཁོར་ཡུག་ ཐམས་ཅད་དུ་སྒྲ་ཆེན་པོ་མི་བྱ་བ་དང༌།ཐ་ན་བཟའ་བཏུང་བྱེད་པའི་ཚེ་ཧུབ་ཀྱི་སྒྲ་ ཡན་ཆད་བསྐྱུངས་ཏེ་རྒྱུན་དུ་འཇམ་ལྷང་ངེར་གནས་དགོས་པར་ཡང་ཁྲིམས་སུ་བཅས་སོ།། དེ་ལྟར་ཁྲིམས་སུ་བཅས་པས་སངས་རྒྱས་ཀྱི་སློབ་མ་རྣམས་ཀྱིས་ཀྱང་ཁོར་ཡུག་སྲུང་ སྐྱོབ་ལ་ཤིན་ཏུ་དོ་གལ་ཆེན་པོ་བྱེད་དེ།སྟོན་པའི་སྐུ་དུས་སུ་དགེ་སློང་འགའ་རེ་ ལྗོངས་སུ་རྒྱུ་བའི་ཚེ་རྩྭ་ཀུ་ཤ་མང་པོས་བཅིངས་པར་གྱུར་པ་ན།རྩྭ་མ་བཅད་ན་འཆི་ བ་ལ་ཐུག་མོད།བཅད་ན་ཁྲིམས་དང་འགལ་བར་འགྱུར་བ་ན་རྩྭ་མི་གཅོད་པར་རང་ཉིད་འཆིར་ བཅུག་པ་ཡོད་དེ།དེང་སང་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཞེས་འཛམ་བུ་གླིང་གི་མི་ རྣམས་ཀྱིས་མཐོང་ཆེན་དང་འབོད་སྐུལ་བྱེད་ཀྱིན་འདུག་མོད།རྩྭ་ཆུན་པོ་གཅིག་གི་ དོན་དུ་རང་སྲོག་གཏོང་ནུས་པ་སངས་རྒྱས་ཀྱི་སློབ་མ་རྣམས་ཀྱི་མཛད་པ་ལྟ་བུ་ནི་ མཐོང་རྒྱུ་ལྟ་ཅི་ཐོས་རྒྱུ་ཙམ་ཡང་ག་ལ་ཡོད་དེ་མི་འདུག་གོ།གཞན་ཡང་སྣོད་བཅུད་ གཉིས་ཀྱི་བར་དུ་མིག་གིས་མི་མཐོང་བའི་རྟེན་འབྲེལ་གྱི་གནད་ཤིན་ཏུ་དམ་པོ་དག་ ཡོད་པས་གཏེར་རི་དང༌།གནས་རི་དང༌།གཙང་པོ་དང༌།ཆུ་མིག་དང༌།མཚོ་དང་མཚེའུ་དང༌། ནགས་ཚལ་དང༌།བྲག་རི་དང༌།སྤང་ཐང་སོགས་ལ་རང་དགར་གཏོར་བརླག་དང་གནོད་པ་བྱས་ན། སའི་གཡང་ངམ་བཅུད་ཉམས་པའམ།སྣོད་བཅུད་ཕན་ཚུན་བར་གྱི་རྟེན་འབྲེལ་ལ་གཏོར་བཤིག་ བྱས་པས་གནམ་གཤིས་ཀྱི་འགྱུར་ལྡོག་དང༌།རང་བྱུང་ཁམས་ཀྱི་གནོད་འཚེ་སྣ་ཚོགས་པ་ འབྱུང་བ་དང༌།ཡང་གཏེར་དང་ནགས་ཚལ་དང་ཆུ་སོགས་ལ་མི་མ་ཡིན་པའི་སེམས་ཅན་གཞན་ གྱིས་བདག་གིར་བཟུང་བ་ཡོད་པས་མི་རྣམས་ཀྱིས་དེ་ཕྲོགས་པར་བྱས་ན་དེ་དག་གིས་མི་ རྣམས་ལ་འཁྲུག་རྩོད་དང་ནད་ཡམས་སྣ་ཚོགས་པ་འབྱུང་བར་བྱས་ནས་ཡུལ་ཁམས་མི་བདེ་བས་ ཁོར་ཡུག་ལ་རང་དགར་གཏོར་བརླག་བྱེད་མི་རུང་ཞེས་ནན་མོ་གསུངས་ཡོད།འདི་དག་ནི་ བྱིས་པ་རྣམས་ཕ་མའི་ཁར་མཉན་པའི་ཕྱིར་དུ་འཇིགས་སྐྲག་བསྐུལ་བ་ལྟ་བུ་ཙམ་མ་ཡིན་ པར་དོན་ལའང་སྣོད་བཅུད་ཀྱི་བར་ན་རྟེན་འབྲེལ་གྱི་གནད་གསང་ངེས་ཅན་ཞིག་ཡོད་དེ། ནགས་ཚལ་གཅོད་པ་དང་གཙང་པོ་བསྒྱུར་བ་སོགས་ཀྱིས་གནམ་གཤིས་ལ་འགྱུར་ལྡོག་དང་དེ་ ལ་བརྟེན་ནས་མིའི་འཚོ་བ་ལ་ཤུགས་རྐྱེན་འབྱུང་བ་ནི་ཀུན་ཀྱིས་ཤེས་པ་ལྟར་ཡིན་ལ། དེར་མ་ཟད་ས་གཉན་བརྐོ་བ་དང༌།ཤིང་གཉན་གཅོད་པ་སོགས་ཀྱིས་མི་ལ་ན་ཚ་འབྱུང་བ་དང༌། ཁོར་ཡུག་ལ་ས་བཅོས་སོགས་བྱས་པས་ནད་ཆད་པ་སོགས་མང་པོ་ཡོད་པ་མངོན་སུམ་ཡིན་པས་ གཞི་མེད་ཀྱི་སྒྲོ་བཏགས་ཤིག་གཏན་ནས་མིན།འགའ་རེས་རང་ལྟ་ཁོ་ན་མཁྲེགས་པར་བཟུང་ སྟེ།དེ་དང་མི་མཐུན་པ་ཐམས་ཅད་ལ་རྒྱུ་མཚན་རྣམ་དག་ཅི་ཡང་མེད་བཞིན་དུ་དགག་པ་ རྒྱག་རྐྱང་བྱེད་མོད།དེ་ནི་རང་གི་བག་ཆགས་ངན་གོམས་སུ་སོང་བའི་རང་འབྲས་ཙམ་ཞིག་ ཡིན་གྱི།གནས་ལུགས་ཅི་ཡང་མེད་དེ་ད་དུང་འཇིག་རྟེན་ཁམས་ན་རང་རེས་མ་ཤེས་པ་དང་མ་ མཐོང་བ་ཅི་འདྲ་ཞིག་འདུག་ལྟོས་དང་ཅུང་ཟད་བསམ་བློ་གཏོང་ཤེས་པ་ཞིག་ཡིན་ན་རང་ མཚང་རང་གིས་མཐོང་བ་ལ་དཀའ་ལས་ཅི་ཡང་མེད་དོ།།

གཉིས་པ། ནང་གི་ཁོར་ཡུག་སྲུང་སྐྱོབ་ནི།   ཕྱིའི་ས་ཆུ་རི་ཀློང་སོགས་འཇིག་རྟེན་གྱི་ཁམས་འདི་ནི་སེམས་ཅན་རྣམས་ཀྱི་ནང་གི་ སེམས་དང་ཤིན་ཏུ་འབྲེལ་བ་ཆེ་སྟེ།སེམས་བཟང་ངན་གྱི་དབང་གིས་རི་ལྗོངས་ཀྱི་ཉམས་ དང༌།རྩྭ་ཤིང་མེ་ཏོག་སོགས་ཀྱི་སྐྱེ་འཕེལ་དང༌།ཟས་ཀྱི་བཅུད་དང༌།སྨན་གྱི་ནུས་པ་ དང༌།གཏེར་གྱི་ཐོན་ཁུངས་དང༌།འབྲུའི་སྨིན་ཚུལ་སོགས་ལ་ཤུགས་རྐྱེན་ཆེན་པོ་འབྱུང་བ་དང༌།ད་དུང་དེ་བས་ཀྱང་གཏིང་ཟབ་པ་ཞིག་གི་ཐོག་ནས་བཤད་ན་ནི་ནང་གི་སེམས་ ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་མ་བྱས་ན་ཕྱི་རོལ་ནས་སྲུང་སྐྱོབ་བྱས་ཀྱང་དོན་ ཆེན་པོ་མེད་ཚུལ་ཡང་བཤད་རྒྱུ་ཡོད།གཞན་ཡང་འདོད་པ་ཆེ་ཞིང་ཆོག་མི་ཤེས་པའི་སེམས་ འདི་ལ་ཚོད་འཛིན་ལེགས་པོ་ཞིག་མ་བྱུང་ན་མིའི་སེམས་སུ་འདོད་རྔམ་གྱི་མེ་འབར་བ་ ན་རང་གིས་རང་ཉིད་ཀྱང་ཚོད་འཛིན་བྱེད་མི་ཐུབ་པར་ཁོར་ཡུག་ཐམས་ཅད་བརླག་པར་ འགྱུར་བས་ཁོར་ཡུག་སྲུང་སྐྱོབ་ཀྱང་དང་པོ་སེམས་ཀྱི་ཐོག་ནས་མགོ་རྩོམ་དགོས་པ་ ཡིན་ནོ།།               འདི་ཉིད་དཔལ་དགྱེས་པ་རྡོ་རྗེས་འོས་སྦྱོར་གནང་བའོ།



 

·རྩོམ་ཡིག་གོང་མ:དཔལ་དགྲ་ལྷའི་ཚངས་དབྱངས་དྲུག་འགྱུར།
·རྩོམ་ཡིག་འོག་མ:མི་ཡུལ་ན་འཕྱོ་བའི་ན་ཟུག
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྣལ་འབྱོར་བ་ཆོས་དབྱིངས་རྡོ་རྗེའི་གསོལ་འདེབས་ཀྱི་མཆན་བུ། 2011/6/23 9:32:59
·བོད་ལ་དྲ་ཚིཊ་ཉུང་སྐྱོན་ལས་མང་སྐྱོན་མེད། 2011/5/15 12:01:41
·བླ་རུང་དང་འབྲེལ་བའི་གཏམ། 2011/5/13 21:29:33
·ཨ་མཚར་མཚར་དགུའི་བདུན་པ། 2010/12/8 18:08:10
·ཨ་མཚར་མཚར་དགུའི་དྲུག་པ། 2010/11/24 9:10:38
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 12:13:00 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:54:51 [来自: 112.5.248.152]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:54:40 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 98 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS