གྲངས་འཁྱགས་ཁ་བས་བཏུམས་པའི་གངས་འདབས་ནས།།
ཨ་སྔོན་ཡངས་མོ་ལྟ་བུའི་ཐུགས་དགོངས་ལུས།།
དབུ་སྐྲ་གངས་ལས་དཀར་བའི་ཕ་ལོས་སེམས།།
ཡུལ་མཐའ་གཞན་ན་འཁྱམ་པའི་བུ་ཆུང་ངས།།
གངས་རི་མཐོན་པོ་མཐོང་དུས་ཨ་ཕ་དྲན།།
ཙག་དང་བསེར་བས་གཙེས་པའི་སྦྲ་འདབས་ནས།།
སྤྲི་ལྡན་འོ་མཚོ་ལྟ་བུའི་བྱམས་བརྩེ་ལུས།།
སྐྲ་ལོ་དུང་ལས་དཀར་བའི་མ་ལོས་སེམས།།
མཞན་ཡུལ་ས་མཐར་འཁྱམ་པའི་བུ་ཆུང་ངས།།
དྭངས་གསལ་མཚོ་མོ་མཐོང་དུས་ཨ་མ་དྲན།།
རི་ཆུ་ནགས་གསུམ་སྟོང་གི་ཕ་རོལ་ནས།།
དྲི་མེད་ཆུ་སྤྲུན་ལྟ་བུའི་འདང་བརྩེ་ལུས།།
ཕ་ས་གཡང་གི་ཞིང་ལ་དུངས་བའི་སེམས།།
རྒྱང་རིང་ཡུལ་མཐར་འཁྱམ་པའི་བུ་ཆུང་ངས།།
ཡངས་པའི་མཁའ་དབྱིངས་མཐོང་དུས་ཕ་ཡུལ་དྲན།།
གཡང་ར་སྒོ་བཞི་ཡན་པའི་རྩྭ་ཐང་ནས།།
ཁུ་བྱུག་གསུང་སྙན་ལྟ་བུའི་གླུ་སྐད་ལུས།།
ཆུང་འདྲིས་བརྩེ་བའི་གྲོགས་ལ་འཁྲེང་བའི་སེམས།།
ཁེར་རྐྱང་ས་མཐར་འཁྱམ་པའི་བུ་ཆུང་ངས།།
ཕྱུགས་གླུ་སྙན་མོ་ཐོས་དུས་རྩེ་གྲོགས་དྲན།།