ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

གླུ་དབྱངས་གླེང་བ། ༥、༦

  རྩོམ་པ་པོ:ཚ་བ་མདའ་སྨྱུགཡོང་ཁུངས:དྲྭ་ཐོགགཟིགས་གྲངས:3016ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/19 17:14:18ཚོགས་ཡར་སྤྲོད:ངེད།
    གླུ་དབྱངས་གླེང་བ། ༥、༦
                         
རྩོམ་པ་པོ། ཚ་བ་མདའ་སྨྱུག
 
བཞི།   འགལ་འདུ་ལ་གྱེས་ཕྱག་ཕུལ་བ། 
   འཛམ་གླིང་ཤར་ནུབ་ཀྱི་རིག་གཞུང་ཕལ་ཆེ་བ་ལ་མི་འདྲ་བའི་བར་ཁྱད་ཆེན་པོ་རེ་ཡོད་པ་དེ་བཞིན་དུ་རིག་རྩལ་འཁྲབ་སྟོན་གྱི་རིགས་ལ་ཡང་ཁྱད་པར་དེ་ག་རང་འདུག་སྟེ། ཕྱི་ལུས་ངག་གི་རྣམ་འགྱུར་ཁྱད་པར་བ་ཞིག་ལ་བརྟེན་ནས་ནང་གི་སེམས་དོན་མཚོན་པའམ། ཕྱི་ཡི་ཉམས་འགྱུར་ལ་བརྟེན་ནས་ནང་གི་མྱོང་རྟོག་གི་ཚད་ཇེ་མཐོར་གཏོང་བ་རང་རེའི་སྲོལ་རྒྱུན་ནམ་ཤར་ཕྱོགས་པའི་སྒྱུ་རྩལ་དང༌། ནང་གི་ཡིད་འགྱུར་གྱི་འགྲོས་དང་མཐུན་པའི་ལུས་ངག་གི་ཉམས་འགྱུར་སྟོན་པའམ། སྙིང་དབུས་ནས་དྲག་ཏུ་འཕྱུར་བའི་ཚོར་འདུའི་མགོ་མ་ནོན་པར་ལུས་ངག་གི་རང་གཟུགས་སུ་འཕོས་པ་ནི་དེང་རབས་དང་ནུབ་ལུགས་ཀྱི་ཁྱད་ཆོས་ཡིན། མདོར་ན་ཤར་ཕྱོགས་པའི་སྒྱུ་རྩལ་དེ་ཕྱི་རིམ་ནས་ནང་རིམ་ལ་ཕར་སྨིན་དགོས་པ་ཡིན་ལ། ནུབ་ལུགས་ཀྱི་སྒྱུ་རྩལ་དེ་ནང་ལོགས་ནས་ཕྱི་ལ་ཚུར་མཆེད་ཅིང་བཞུར་ཡོང་བ་ཞིག་ཡིན། དེ་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་མ་གཏོགས་ནུབ་ལུགས་ཡོད་ཚད་དེང་རབས་དང༌། ཤར་ལུགས་ཡོད་ཚད་ལ་སྲོལ་རྒྱུན་གྱིས་ཁྱབ་པ་ནི་ག་ལ་ཡོད། གསར་དར་རང་མོས་སྙན་ངག་དང༌། རང་དབང་ཞབས་བྲོ་ཞེས་པ་དེ་ཡང་སྨྱུ་གུ་དང་རྐང་ལག་གཡུག་པ་ལ་མཚམས་ཚོད་མེད་པར་རང་སྣང་གང་ཤར་གྱི་དོན་མིན། སྙན་ངག་གི་ཚིག་སྦྱོར་དང་ཞབས་བྲོའི་སྟངས་སྟབས་དེ་ཡིད་འགྱུར་གྱི་འགྲོས་དང་མཐུན་ཞིང་ཚོར་འདུའི་རམས་འདེགས་སུ་སོང་ན་དེས་ཆོག་པ་ལས། ཚིག་སྦྱོར་གྱི་སྙན་པ་དེ་ཚིག་སྦྱོར་རང་སྟེང་དང༌། སྟངས་སྟབས་ཀྱི་མཛེས་པ་དེ་སྟངས་སྟབས་རང་སྟེང་ན་རང་དབང་གིས་བསྒྲིག་མི་རུང་ཞིང་བཙལ་དུ་ཡང་མེད་ཅེས་པའི་དོན་རེད། སྤྱི་ལྡོག་ནས་བཤད་ན་དེ་གཉིས་ཀྱི་ནང་ནས་དེང་རབས་ཀྱི་སྒྱུ་རྩལ་དེ་ཚད་མཐོ་བ་སྨོས་མ་དགོས་མོད། མི་རིགས་སོ་སོའི་མཛེས་དཔྱོད་ལྟ་ཚུལ་མི་འདྲ་བ་དང༌། མི་སོ་སོའི་བློ་སྦྱོང་གི་ཚད་གཞི་མི་འདྲ་བའི་དབང་གིས་སྲོལ་རྒྱུན་གྱི་ཁྱད་ཆོས་དེའང་འདོར་ཡག་བྱེད་དུ་མི་རུང་བ་ཞིག་ཡིན། ང་ཚོའི་སྙན་ངག་གསར་པ་འབྲི་མཁན་ཚོས་སྲོལ་རྒྱུན་གྱི་སྙན་ངག་ནི་ཚིག་སྐམ་གྱི་རོལ་རྩེད་རྐྱང་པ་མ་གཏོགས་དེས་ནང་གི་སྙིང་དམར་དམར་པོ་དེ་ནམ་ཡང་སྟོན་མྱོང་མེད་ཅེས་དང༌། སྲོལ་ཞེན་པ་ཚོས་སྙན་ངག་གསར་པ་ནི་སྨྱོན་པའི་ཁ་ནས་ཐོན་པའི་བླ་བརྡོལ་བའི་གཏམ་ཡིན་པས་ཉན་ན་རྣ་བ་ཚ་བ་འབའ་ཞིག་དེའི་སྙིང་པོ་ཡིན་ཞེས་ཕན་ཚུན་རྩོད་ཅིང་ཡོད་ལ། མགོ་བདེ་ཁ་ཅིག་གིས་གསར་རྙིང་གཉིས་ཀ་སྙིགས་དོར་བཅུད་ལེན་བྱེད་དགོས་ཞེས་བར་པ་བྱེད་པའི་ཁུལ་ལ། སྙིགས་དོར་བཅུད་ལེན་བྱ་ཚུལ་འདི་ལྟར་ཡིན་ཞེས་པའི་མིག་དཔེ་ཞིག་ནི་ཁོ་ཚོས་ཀྱང་སྟོན་ཐུབ་ཀྱིན་མེད། གསར་རྙིང་བར་གྱི་འགལ་བ་དེ་ཞབས་བྲོ་ལའང་འཕྲད་ཡོད་དེ། འཁྲབ་སྲོལ་རྙིང་པ་མཐོང་སྐབས་གཞོན་ནུ་ཚོ་སྒྱིད་ལུག་ཅིང༌། འཁྲབ་སྟངས་གསར་པ་རིག་དུས་རྒན་པ་ཚོ་བློ་མི་བདེ་བར་རང་རང་གི་ས་ནས་སྡང་སྡུག་གི་མ་ཎི་བགྲང་བཞིན་བསྡད་ཡོད། ངས་བལྟས་ན་གླུ་མ་སྐལ་བཟང་མེ་ཏོག་གིས་གནད་དོན་དེ་ཐག་རྩ་བ་ནས་བཅད་འདུག་སྟེ། མོའི་འཁྲབ་སྟོན་ཀུན་ལ་སྒྱུ་རྩལ་གསར་རྙིང་གཉིས་པོ་དགྲ་གཤེད་དུ་མ་སོང་བར་ཕྱོགས་གཉིས་ཀའི་ལེགས་ཆ་ཉིང་བསྡུས་ཀྱིས་ལུས་ཟུངས་སུ་སྨིན་པའི་འབྲས་རྟགས་ལ། ལྟ་སྟངས། འཛུམ་སྟངས། འགུལ་སྟངས། གཡུག་སྟངས། གྱེར་སྟངས། འགུག་སྟངས། གྱོན་སྟངས། འདོགས་སྟངས་ཚུན་ཆད་གང་ལ་ཡང་འདིའི་ཐད་ནས་འཛམ་གླིང་དང་དུས་རབས་ཀྱི་རྗེས་མ་ཆོད་པའི་རྫབ་ཅིག་བསྟན་འདུག་སྙམ་པ་དེ་འདྲ་གཅིག་ཀྱང་བགྲང་རྒྱུ་མི་འདུག་ལ། གསར་དར་རྒྱ་དཀར་ནག་སེར་གསུམ་གྱི་ཞབས་བྲོ་ཁ་ཤས་ནི་མགོ་བོ་དྲག་ཏུ་གཡུག་ཆེས་པས་ཁྲག་ཀླད་པའི་ནང་དུ་ཤོར་མི་འགྲོའམ་སྙམ་པའི་སེམས་འཚབ་སྐྱེ་འོང་བ་དང༌། གཞས་ཚིག་ལ་སྙན་ངག་གི་ཉམས་མི་དགོས་སྐད་ཆའི་བྲོ་བ་ཙམ་ཡང་མེད་པའི་འཆལ་གཏམ་ཤ་སྟག་དང༌། དེ་ཉིད་ཁ་ནས་གྱེར་སྐབས་ཟང་ཟིང་ཁྲོད་ཀྱི་སྐད་ཅོར་ལྟ་བུ་ལས་འགུག་དང་དབྱངས་ཀྱི་རྣམ་གཞག་བྱ་ས་མེད་པ་དང༌། གྱོན་པ་ནུ་ཤུབས་ལྷེབ་ཙམ་ཞིག་དང་འདོམས་དཀྲིས་སོར་གང་ཁོ་ན་ལས་གཞན་གང་ཡང་མེད་པའི་དམར་ཧྲེང་མ་ལ། ལག་ཟུང་གིས་འདོམས་དང་ནུ་འབུར། འཕོངས་ཚོས། བརླ་ཤ་བཅས་ལ་འཕུར་འཕུར་དང་སྦར་ཉུལ་ཁོ་ན་བརྒྱབ་སྟེ། ཆེད་དུ་འཁྲིག་སྲེད་སློང་བ་ལྟ་བུའི་ཆགས་ཉམས་དམར་རྗེན་དུ་སྟོན་ཆེས་པས་འདོད་པའི་སྒྱུ་རྩལ་མ་གཏོགས་འཁྲབ་སྟོན་གྱི་སྒྱུ་རྩལ་དུ་འབོད་དཀའ་ལ། ཐ་ནའང་ངོ་ཚ་དང་འཛེམ་ཟོལ་བྱ་རྒྱུ་མང་བའི་རང་རེ་བོད་པ་ཚོའི་མིག་དང་རྣ་བ་ལ་ཡེ་ནས་མི་འཚམ་པ་དེ་འདྲ་མང༌། རང་རེའི་འཁྲབ་སྟོན་པ་ཁ་ཅིག་གིས་ཀྱང་སྔོན་ཐོན་ཡིན་ཁུལ་གྱིས་དེ་ཚོའི་ལད་མོ་ཅི་ཐུབ་བྱེད་ཀྱིན་ཡོད། སྐལ་བཟང་མེ་ཏོག་གིས་ནི་གཡམ་རྒྱུག་དེ་རིགས་ནམ་ཡང་བྱས་མེད་པར་བབ་ཆགས་གཅོམ་སྐྱུང་གི་རང་ཚུགས་སྔར་བཞིན་བཟུང་ནས་བསྡད་འདུག །དེའི་རྒྱུ་མཚན་ཡང་ཅི་ཙམ་དེང་རབས་ཅན་ཡིན་ན་དེ་ཙམ་སྔོན་ཐོན་ཡིན་པས་ཁྱབ་ཀྱང༌། ཅི་ཙམ་ནུབ་ལུགས་ཅན་ཡིན་ན་དེ་ཙམ་སྔོན་ཐོན་ཡིན་པས་མ་ཁྱབ། བོད་པའི་དེང་རབས་ཀྱི་སྒྱུ་རྩལ་དེའང་བོད་པ་རང་གི་དེང་རབས་ཅན་གྱི་སྒྱུ་རྩལ་ཞིག་ཡིན་དགོས་པ་ལས། ནུབ་ཕྱོགས་ཀྱི་དེང་རབས་ཅན་གྱི་སྒྱུ་རྩལ་དེ་ཁྱེར་འོང་ནས་བོད་པའི་མགོ་ཐོག་ཏུ་སྤོ་འཛུགས་བྱེད་དགོས་པའི་ངེས་པ་མེད་པ་འདི་མོས་ནམ་ཡང་འཁྲབ་སྟོན་གྱི་དམ་ཚིག་གི་ཚུལ་དུ་བརྩི་སྲུང་བྱེད་ཀྱིན་ཡོད་པས་རེད། དེ་བས་མོའི་འཁྲབ་སྟོན་ཁག་ལ་གྲོང་དང་གྲོང་ཁྱེར་གྱི་རྒན་དར་གཞོན་གསུམ་སུ་ཞིག་གིས་བལྟས་ཀྱང་རང་རང་ལུགས་ཀྱི་མཛེས་དཔྱོད་ཀྱི་ལྟ་བ་ལས་ཕར་མ་བརྒལ་བས་ལྟ་བདེ་ལ་ཉན་སྤྲོ་ཞིང་ཀུན་ཡིད་འཛིན་པའི་ཁྱད་ཆོས་འཛོམས་སོང་བར་སྣང༌། མཛེས་པའི་གཅེས་མ་དང༌། མུན་བརྩེ། གངས་ལྗོངས་ཞབས་བྲོ་སོགས་གར་གྱི་སྟངས་སྟབས་རྩལ་དུ་གཏོན་པའི་རིགས་གཅིག་དང༌། ཨ་སང་སང་དང༌། ངའི་ཕ་ཡུལ། རྒྱལ་རོང་བརྩེ་གཞས་སོགས་དབྱངས་ཀྱི་འགྱུར་ཁུག་རྩལ་དུ་གཏོན་པའི་རིགས་གཅིག །གཏན་དུ་དྲན་པ་དང༌། གནམ་བསྐོས་གཉེན་སྒྲིག །ངའི་མདུན་ལམ་གང་དུ་འདུག་སོགས་ནང་གི་ཡིད་འགྱུར་རྩལ་དུ་གཏོན་པའི་རིགས་གཅིག །བུ་ནག་པོ་དང༌། དགའ་རོགས་ཡུལ་དུ་འཕུར་འགྲོ། ཡར་འགུལ་ཤོག་སོགས་སྒོ་གསུམ་ཆ་མཉམ་པའི་ཉམས་འགྱུར་ཕུལ་དུ་ཕྱིན་པའི་རིགས་གཅིག་བཅས་འདུག་པ་དེ་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྣམས་སྒྱུ་རྩལ་གྱི་ཚད་ཇེ་མཐོ་དང༌། གཏིང་ཇེ་ཟབ། རྒྱ་ཇེ་ཆེར་སོང་འདུག་པ་འདིས་གཅིག་ནས་ཁོ་མོའི་འཁྲབ་སྟོན་གྱི་སྒྱུ་རྩལ་དེ་འབག་སྐུ་ལ་གསེར་ཆུ་བྱུག་པ་ལྟར་ཕྱི་ནས་ཕར་བསྐུས་པ་ཙམ་མིན་པར། མེ་རིའི་འབར་གད་ལྟར་ནང་ལོགས་སུ་ཁོང་སྙིང་འཛོམས་པོ་ཞིག་ཡོད་པའི་རྟགས་མཚན་བསྟན་པ་ཡིན་ལ། གཉིས་ནས་འཁྲབ་སྟོན་མཁན་པོས་འཁྲབ་སྟོན་བྱེད་སྐབས་མི་དགའ་དགའ་མདོག་དང༌། མི་སྡུག་སྡུག་མདོག་བསྟན་པ་ཙམ་གྱིས་མི་ཆོག་པར་སེམས་ཁོང་ན་དགའ་བ་རྣལ་མ་དང་སྐྱོ་བ་ངོ་མ་ཞིག་ཡོད་དགོས་ལ། དེའང་ནང་གི་ཚོར་བ་ཚད་མཐོན་པོར་བསླེབས་ཏེ་བསྲན་མ་ཚུགས་པར་གླུ་དབྱངས་ཀྱི་རྣམ་པས་ཁ་ནས་འཕྱུར་བ་དང༌། སྐད་བརྒྱབ་པ་ཙམ་གྱིས་ད་དུང་མི་ཚིམ་པའི་སྣང་བ་བྱུང་ཚེ་གཞི་ནས་ཡན་ལག་དང་ཉིང་ལག་གི་འགུལ་སྐྱོད་ཀྱང་རང་ཤུགས་ཀྱིས་ཐོན་འོང་བ་བཅས་ནང་ནས་ཕྱི་ལ་མཆེད་པའི་རིགས་དེ་ཚད་མཐོ་ཤོས་ཀྱི་སྒྱུ་རྩལ་ཡིན་པའི་གསལ་བཤད་བྱས་ཡོད། རྒྱལ་རོང་བརྩེ་གཞས་དང་བུ་ནག་པོ་སོགས་སྤྲོ་གར་ཁག་ལ་ལུས་ངག་འཁྲུག་ཆ་ཧ་ཅང་དོད་ཀྱང༌། གཏན་དུ་དྲན་པ་དང་ངའི་མདུན་ལམ་གང་དུ་འདུག་སོགས་སྐྱོ་གར་རྣམས་ལ་ཕྱག་རྒྱ་དང་གར་སྟབས་ཉུང་ཞིང་སྐད་ལ་ཆེད་དུ་དང་དོད་བྱས་མེད་པ་དང༌། གོས་རྒྱན་ཡང་དཀྱུས་མ་ཁོ་ནར་བྱས་འདུག་པ་འདི་དག་ལྷད་མེད་པའི་འཚོ་བའི་ཉམས་མྱོང་དངོས་མ་ཤ་སྟག་ཡིན་ཏེ། སེམས་པ་སྐྱིད་པོ་ཡོད་དུས་ལུས་ངག་གི་ཉམས་དང་བཟོ་སྟ་ལ་དང་དོད་བྱེད་པ་ཡིན་གྱི་སྐྱོ་སྡུག་གི་གནས་སྐབས་སུ་དེ་ལྟར་མི་བྱེད་པའི་ཕྱིར་རོ། །རང་རེའི་གླུ་པ་གླུ་མ་མང་ཤོས་ཤིག་ལ་ནི་སྡུག་གླུ་ལེན་སྐབས་ཀྱང་གཟབ་སྤྲོད་མིག་ཕྱིད་འགྲོ་བ་ཞིག་གྱོན་རྒྱུ་མེད་ན་ཐབས་མེད་ཡིན་འདུག་པ། མྱ་ངན་གྱི་ཉིན་མོར་ཆེད་དུ་གཟབ་འཆོར་སྤྲས་ནས་འགྲོ་མཁན་ཁོང་རྣམ་ཚོ་མ་གཏོགས་གཞན་འཇིག་རྟེན་འདིར་སུ་ཞིག་ཡོད། གླུ་ཞིག་ལེན་ན་ལག་པ་ཞིག་གཡུག་དགོས་པའི་ཁྱབ་པ་མེད་པ་འདིའང་ཤེས་དགོས་པར་འདུག་སྟེ། སྡུག་གཏམ་ཤོད་པ་དང་ངུ་བའི་སྐབས་སུ་ཕྱག་རྒྱ་དང་གར་སྟབས་བྱེད་མཁན་ཕལ་ཆེར་མཐོང་རྒྱུ་མེད་ན་སྐྱོ་གར་ཡང་དེ་དག་དང་རིགས་མཚུངས་པས་སྟངས་སྟབས་ངེས་པར་དུ་དགོས་དོན་ཅི་ཡོད། ལག་པ་གཡུག་དགོས་པའི་གལ་འགག་ཅི་ཡང་ཐུག་མ་བྱུང་ན་མ་གཡུག་ན་ཆོག་པ་ཡིན་གྱི་གཡུག་དགོས་ཞེས་སུས་ཀྱང་བཀའ་ཕབ་མེད། ཅིས་ཀྱང་གཡུག་འདོད་ན་སེམས་དོན་མཚོན་པའི་གཡུག་སྟངས་དེ་འདྲ་མ་ཤེས་ནའང་མ་མཐའ་འཁྲབ་སྟོན་པའི་ལུས་ལ་ཚང་དགོས་པའི་འཁྲིལ་ལ་ལྡེམ་པའི་གཡུག་ཉམས་ཤིག་ཨེ་ཐོན་ལྟ་དགོས་པ་ལས། གླིང་ཆེན་ཨ་ཧྥེ་རི་ཀའི་རང་བྱུང་སྲོག་ཆགས་ར་བའི་ནང་དུ་ནམ་རྒྱུན་མཐོང་རྒྱུ་ཡོད་པའི་ཆུ་སྲིན་གདུག་པ་ཅན་དེ་ཚོའི་ཁ་ལག་འགུལ་སྐྱོད་བྱེད་སྟངས་དང་འདྲ་བ་དེ་རིགས་ནི་གཡུག་པ་པོ་ངོ་མ་ཚ་ནའང་ལྟ་བ་པོ་ངོ་ཚ་འོང་བར་འདུག་གོ །སྐལ་བཟང་མེ་ཏོག་གི་གྱོན་པ་ནུབ་ལུགས་སུ་བྱས་པའི་སྐབས་སུ་ནི་བཅུ་ཟུང་ན་ཚོད་རྫོགས་པའི་གཞོན་ནུ་མ་ཞིག་གི་ལང་ཚོའི་འཇོ་སྒེག་དང༌། དེང་རབས་བུ་མོའི་རང་གཤིས་ཏེ་གློད་གྲོལ་གྱི་མཛེས་ཉམས་ཤས་ཆེ་བ་དང༌། རང་སྲོལ་གྱི་གོས་རྒྱན་སྤྲས་ནས་ཡོང་སྐབས་བརྩེ་བ་མིག་ནང་དུ་འཁྱིལ་ཞིང་དུང་བ་འཛུམ་ཀོང་དུ་སྦས་ནས་ངོ་ཚ་ཁ་སྐྱེངས་ཀྱི་ཉམས་འགྱུར་ཅི་ཡང་སྟོན་པས་རྩྭ་ཐང་འབྲོག་མོའི་མཛེས་སྡུག་ལྷང་ངེར་མངོན་ཡོང༌། ངའི་མདུན་ལམ་གང་དུ་འདུག་ཅེས་པའི་གླུ་ཆུང་དེ་ལེན་སྐབས་སེམས་པ་སྡུག་གིན་སྡུག་གིན། སྐྱོ་གླུ་ལེན་གྱིན་ལེན་གྱིན་སྐབས་སྐབས་སུ་ཁ་རྩེད་ལག་རྩེད་འདྲའང་ཕྲན་བུ་རྩེ་བཞིན་འདུག་པ་ལྷད་མེད་བྱིས་པའི་གཤིས་སྤྱོད་ནི་འདི་ག་རང་སྟེ། དགོད་སླ་ལ་ངུ་ཡང་སྐྱེན་པའི་བྱིས་ཆུང་གི་འཚོ་བ་དེ་ང་ཚོ་སུས་ཀྱང་རོལ་ཡོད་མོད། ད་ལྟ་དེར་དངོས་སུ་ལྡོག་བཞུར་བྱེད་ཤེས་པ་ནི་ཁོ་མོ་ཙམ་དུ་ཟད། ཕ་ཡུལ་དང་ཕ་མ་དྲན་པའི་དྲན་གདུང་ཆེ་ཤོས་དེ་གཉོམ་ལག་མ་རྒྱས་པའི་ཕྲུ་གུ་ཚོའི་རྒྱུད་ལ་ཡོད་པ་འདི་ལ་དམིགས་ནས་མོས་སྐབས་དེར་ཆེད་དུ་རང་གི་ན་ཚོད་ལས་ཀྱང་ཕྲ་བའི་བུ་མོ་ཆུང་ཆུང་ཞིག་གི་བཟོ་སྟ་བསྟན་འདུག་ལ། བཟོ་སྟ་ཅི་ཞིག་སྟོན་འདོད་ན་དེ་ལྟར་དུ་ཐོན་ཐུབ་པ་ནི་མོའི་ཁྱད་གཤིས་ཡིན། སྒྱུ་རྩལ་སྒྱུ་རྩལ་ཟེར་བ་དེའང་དོན་དུ་འདི་རང་རེད།  ངའི་མདུན་ལམ་གང་དུ་འདུག་ཅེས་པ་འདི་ཆུང་ས་ནས་བཤད་ན་རི་གྲོང་དུ་འཚར་ལོངས་བྱུང་བའི་ན་ཆུང་བུ་མོ་ཞིག་གློ་བུར་དུ་མི་ཚོགས་རྒྱ་མཚོའི་དབུས་ཀྱི་གྲོང་ཁྱེར་དུ་སླེབ་པའི་བུ་མོ་མོ་རང་གི་མྱོང་ཚོར་ཡིན་སྲིད་ལ། ཆེ་ས་ནས་བཤད་ན་འཛམ་གླིང་གི་གླིང་སྣེ་གསུམ་པར་འབོད་པའི་ཤར་མཐའི་མཐོ་སྒང་གི་རི་ཁུག་ན་དབེན་འཇགས་ཀྱིས་འཚོ་བ་སྐྱེལ་བཞིན་པའི་གདོང་དམར་བ་ཚོ། གྲ་སྒྲིག་དང་གདེང་ཚོད་གང་ཡང་མེད་པར་ད་ཆར་འཛམ་གླིང་ཆེན་པོའི་འཁོར་སྐྱོད་ཀྱི་ཁྲོད་དུ་ལྷུང་ནས་ཅི་བྱ་གཏོལ་དང་བྲལ་བའི་སེམས་ཁམས་དང་འཚོ་བ་མཚོན་བཞིན་ཡོད། ཡང་ན་ཕ་ཡུལ་དང་རྒྱལ་ཁབ་མེད་པའི་མི་ལྡོམ་ཁྱུ་ཞིག་རང་ས་ན་རང་དབང་གིས་འཚོ་བ་རོལ་བཞིན་པའི་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་འཁྱམས་པའི་ཟིན་ཐོ་ཡིན་ཡང་ཆོག །དེང་སང་གི་དཔྱད་བརྗོད་པ་ཚོའི་ལུགས་སུ་བྱས་ན་མོའི་གླུ་གཞས་ཁག་ལ་ཡང་འདི་ལྟ་བུའི་ཕྱི་ནང་གསང་གསུམ་གྱི་མཚོན་དོན་སྣ་ཚོགས་ཡོད་པའི་གདེང་འཇོག་བྱེད་ཆོག་ཚོད་འདུག་མོད་ཚོད་གཏམ་ལ་རྣ་བ་གཏོད་མཁན་རྙེད་དཀའ་བས་རེ་ཞིག་གླེང་བར་མི་བྱ་ཡང༌། དགའ་བའི་དུས་སུ་འབར་ཐུབ་ཅིང་སྐྱོ་བའི་དུས་སུ་ཞུ་ཐུབ་པ། སུ་དང་འགྲོགས་ཀྱང་དེ་དང་མཐུན་ཞིང་གང་དུ་བཞག་ཀྱང་དེ་ནས་བུད་ཡོང་བ། གློག་བཞུ་ཁྲ་ཆེམ་དང༌། དུ་སམུག་ལང་ལོང་གི་རམས་འདེགས་མེད་ཀྱང་སྣང་སེམས་དྲག་ཏུ་སྐྱོམ་ཐུབ་པ། ཆགས་དང་སྲེད་པའི་ཉམས་འགྱུར་ཆེད་དུ་མ་བསྟན་ཀྱང་རང་བཞིན་གཤིས་ཀྱི་མཛེས་པས་ཚོགས་དྲུག་བཟི་འཐོམ་དུ་གཏོང་བ། འཁྲབ་མཁན་ཟུར་དུ་མེད་པར་རང་ལེན་རང་འཁྲབ་གཅིག་པུ་ལ་ཡང་འཁྲུག་ཆ་ཅི་བས་དོད་པ། འཁྲབ་ཐེངས་གཅིག་རང་ལ་གླུ་དབྱངས་འཁྲབ་སྟོན་ལུགས་སུ་བྱས་ཏེ་མཉན་རྒྱུ་དང་གློག་བརྙན་འཁྲབ་སྟོན་ལུགས་སུ་བྱས་ཏེ་བལྟ་རྒྱུ་གཉིས་ཀ་ཡོད་པ་རྣམས་ནི་ཚོད་འཇོག་ཙམ་མིན་པར་རིག་རྒྱུ་སྟོན་རྒྱུ་ཡོད་པའི་མོའི་རིག་རྩལ་འཁྲབ་སྟོན་ཁག་གི་ཁྱད་ཆོས་ཡིན་ལ། གལ་ཏེ་བོད་གངས་ཅན་འདི་གླུ་དབྱངས་ཀྱི་རྒྱ་མཚོ་ཡིན་པ་བདེན་ན། གླུ་མ་སྐལ་བཟང་མེ་ཏོག་ནི་རྒྱ་མཚོ་དེའི་དབུས་གླིང་དུ་འཁྲུངས་ཤིང་མཛེས་རྩལ་གྱི་ཡལ་འདབ་བཞད་པའི་མེ་ཏོག་གི་ཚོམ་ཞིག་དང་གཉིས་སུ་མ་མཆིས་སོ། །
 
                       
·རྩོམ་ཡིག་གོང་མ:སྒྲུང་གླུ་བསོད་ནམས་ཉི་ཤར།
·རྩོམ་ཡིག་འོག་མ:གསར་རྩོམ་དམངས་གཞས།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གླུ་དབྱངས་གླེང་བ། ༣ 、༤ 2009/11/16 13:07:11
·གླུ་དབྱངས་གླེང་བ། ༡ 、༢ 2009/11/14 12:33:00
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 3:18:35 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:09:27 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:53:28 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS