ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> རིག་རྩེད།
 རྩོམ་ཡིག་ཀློག་པ།

ཀླུ་སྨྱོན་གླུ་བསྐུལ་རྡོ་རྗེའི་ཐོལ་གླུའི་མཆན་ཟིན།༡

  རྩོམ་པ་པོ:དཔལ་དགྱེས་སོགས།ཡོང་ཁུངས:ངེད་དྲ་བགཟིགས་གྲངས:2531ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/5/26 17:58:37ཚོགས་ཡར་སྤྲོད:admin

ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུའི་མཆན་ཟིན།༡

 
     སྙིང་ནས་བརྩེ་གྲོགས་ཀྱི་བདག་གི་གཞིས་ཁྱིམ་ལྟ་བུ་ཚངས་དབྱངས་དྲ་བ་དང་དྲ་བདག་ལགས། ང་རང་ཉིན་འགར་ཁ་བརྡ་དྲ་བར་གླུ་ཞིག་བླངས་ནས་བགྲོ་གླུ་འགའ་ཞིག་བསྐུར་ཡོད། འགའ་རེ་གཞི་མེད་ཀྱི་སྒྲོ་བསྐུར་འདེབས་པ་ར་ལོ་ཙཱ་བ་སོགས་རྟོག་བཏགས་འདྲ་མིན་གྱི་མཆན་བུ་བརྒྱ་དང་ལྔ་བཅུ་ནང་བཀོད་སོང་། ཁ་བརྡ་དྲ་བས་སུམ་ཅུ་ནང་བསུབ་ཀྱང་ད་དུང་བརྒྱ་དང་ཉི་ཤུ་ནང་འདུག  དེའི་ནང་ནས་བསྟན་པ་སྤྱི་ཕན་གྱི་ལྷག་བསམ་དྲི་མེད་ངེད་གཉིས་ནང་གཏམ་གླུ་རུ་བླངས་པ་དག་ཡིན། ཁྱེད་རྣམས་ཐུགས་དགྱེས་ན་དྲ་བའི་སྒྲིག་ཁྲིམས་དང་མཐུན་པ་ཚངས་དབྱངས་དྲ་ཐོག་འགོད་རོགས་གནང་བར་མཁྱེན། གལ་ཏེ་གནད་འགག་གཞན་གྱིས་འགོད་མ་བདེ་ན་ཡང་ཆོག་གོ ། ཁྱེད་རྣམས་བཞེད་དོན་འགྲུབ་པའི་སྨོན་ལམ་བཅས་ཤྲྰིས་གུས་ཕུལ། །
 
ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུ་ཞེས་བྱ་བ། །
 
ན་མ་ཤྲྰི་བཛྲ་དྷརྨྰ་པ་ལ་ཡེ། །
ལས་ཀྱི་མེ་ཏོག་ཕོག་པའི་དམ་ཚིག་མཆེད་ལྕམ། །
བརྩེ་གདུང་རྒྱུན་ཆད་མེད་པའི་རྡོ་རྗེའི་མཆེད་པོ། །
གང་ཤར་སྙན་ངག་འབྲི་བའི་ཁྲག་འཐུང་དཔའ་བོ། །
གནས་ཡུལ་ཞིང་ཁམས་ངེས་མེད་གང་དུ་ཕེབས་སོང་། །
སྨྱོན་པའི་འཇིག་རྟེན་དེ་ཡང་སྟོང་པར་གྱུར་འདུག །
བདེན་པའི་སྙན་ངག་དེ་ཡང་གོ་ཚོར་མི་འདུག །
བྱམས་བརྩེའི་གོམས་བགྲོད་འོག་ནས་འདས་པ་མིན་ན། །
ཁ་བརྡ་བྱིས་པའི་བྲོ་རར་ལན་ཅིག་ཕེབས་ཤོག །
ཆག་ཆེན་ཡབ་རྒན་མེད་པའི་ད་ལི་འདི་ཚོ། །
མི་སྨྲའི་རྟུལ་ཞུགས་འོག་ནས་ལྟོ་བ་སྐམ་པོ། །
མི་སྙན་རྒྱུ་མ་དཀར་ནག་དབྱངས་རྟ་གཟེན་མོ། །
མི་འདོད་ཁ་བརྡ་དྲ་བ་ཟ་ཟིར་ལྡིར་བྱུང་། །
ཆགས་པ་ཆོས་སུ་སྨྲས་ཀྱང་ཅི་ཡང་མི་སྐྱོན། །
སྡང་བ་གླུ་རུ་བླངས་ཡང་བདག་ལ་མི་གནོད། །
མ་རིག་མགོ་བོ་འཁོར་བའི་བྱིས་པ་དག་ལ། །
ཀ་ཁ་བརྡ་སྤྲོད་རིག་པའི་ལམ་བཟང་སྟོན་ཤོག །
བརྟན་གཡོའི་སྲོག་གི་ཀ་བ་མི་རྟག་སྙིང་པོ། །
ཟག་བཅས་སྒྱུ་མའི་གྲོང་གི་རྟུལ་ཞུགས་སྤྱོད་པ། །
སྔགས་འཆང་རིག་པ་འཛིན་པའི་སྦས་ཡུལ་འགྲིམ་པ། །
མ་མཛད་ད་ལྟ་ཉིད་དུ་གནས་འདིར་ཕེབས་ཤོག །
རཀྟ་དམར་པོའི་ཁྲག་གིས་བཟི་བ་མིན་ནམ། །
གནས་གསུམ་མཁའ་འགྲོའི་བཀའ་ཆད་ཕོག་པ་མིན་ནམ། །
གློག་འཕྲུལ་ཁྲེལ་མེད་དུམ་བུར་སོང་བ་མིན་ན། །
དྲ་མཐར་འདི་ཚོ་སོ་རེ་རྒྱག་པར་རན་འདུག །
ལྟ་བ་མཐོང་ཆེན་ཤམ་བྷ་ལ་རུ་ཕྱིན་ཀྱང་། །
གོམ་པ་ཕྲ་མོ་རང་ཡུལ་ཕྱོགས་ལ་སྤོས་ཤོག །
བྱ་སྤྱོད་མཛད་པ་སྐྱ་སེར་འདྲེས་མར་སྟོན་ཀྱང་། །
སྙན་འབྲས་བཟང་པོ་རྣམ་དཔྱོད་རིག་པ་ངོམ་ཤོག །
ཆོས་སྲིད་མཁྱེན་པའི་ལ་རྒྱའི་དཔའ་བོ་ཁྱེད་ཉིད། །
ཐུགས་བསྐྱེད་བརྟན་པོའི་སྲོག་གི་ཀ་བ་ཚུགས་ན། །
ཐུགས་རྗེ་ཆེན་པོའི་ཕྱག་གི་ཕྲིན་ལས་ཆ་ཤས། །
ཐུགས་དམ་མ་གཡེལ་ད་ལྟ་ཉིད་དུ་ཕེབས་ཤོག །
གངས་སེང་རྒྱལ་པོའི་གཡུ་རལ་གཞི་ནས་མ་ཉམས། །
གངས་ཅན་སེང་ཕྲུག་རྩལ་དྲུག་རྒྱལ་ཁ་ཐོབ་པས། །
གངས་ལྗོངས་མདུན་ལམ་གསར་བ་མཐའ་ནས་རྒྱས་པའི། །
གངས་སེང་ལྷ་དར་ཁྲ་མོ་གནམ་ལ་སྒྲེངས་ཤོག །
རྒྱུ་འབྲས་མན་ངག་བདུན་ལྡན་གོ་ཆ་བགོ་བའི། །
རྒྱལ་སྲིད་རིན་ཆེན་སྣ་བདུན་མཐུ་དཔུང་ངོམ་ཏེ། །
འཕགས་ནོར་ཡན་ལག་བདུན་ལྡན་རྐང་པ་ཚུགས་ནས། །
མི་འཇིགས་འཇིག་རྟེན་བདུན་པོ་ཞབས་ཀྱིས་ནོན་ཤོག །
རྨི་ལམ་ཟ་ཟི་ཞིག་གི་སྣང་བ་དེ་ལ། །
ཡིད་མཐུན་ལྷ་ལྕམ་ཞིག་དང་རྩེད་བར་རྨིས་ཀྱང་། །
རྨི་ལམ་སྒྱུ་མ་འདི་ལ་ཡིད་བརྟན་ཅི་ཡོད། །
གྲོགས་པོས་འཕྲིན་བཅོལ་འདི་ལ་སྤྱན་གྱིས་གཟིགས་སམ །
སྐུ་ཚེ་རིང་སྐྱིད་ཞབས་བརྟན་སྨོན་ལམ་ཞུས་ན། །
གསུང་སྙན་དགྱེས་པའི་ཕྱག་རྩོམ་ཡང་ཡང་གནང་ནས། །
ཐུགས་བསྐྱེད་དམ་བཅའི་བཞེད་དོན་ཇི་བཞིན་འགྲུབ་པའི། །
རྩ་གསུམ་རྒྱ་མཚོའི་ཤིས་པའི་མེ་ཏོག་ཐོར་ཤོག །

         
ཅེས་པའང་ཁ་བརྡ་དྲ་བ་ལ་ཟུར་ལྟ་ཞིག་བྱས་པས་རྐྱེན་དང་ཀླུ་སྨྱོན་ཧེ་རུ་ཀ་དེང་སང་དྲ་སྟེང་ལ་མི་འདུག་གང་དུ་ཕེབས་སོང་ངམ་རྐྱེན་ངན་འདྲ་བྱུང་བ་མིན་ནམ་ཞེས་སྙིང་གྲོགས་ཞིག་དང་གླེང་མོལ་བྱས་པའི་རྗེས་སུ་ཅི་དྲན་དུ་ཤྲྰི་སྨྱོན་པས་གང་ཤར་དུ་བྲིས་པ་དགེའོ། ། ༢༠༡༡ ༥ ༡༣ལའོ། །
ཁ་བརྡ་ཚང་གིས་སྤྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༤ ལ་ སྙན་ངག་​གི་གྲས་སུ་བཀོད། 
ཀླུ་སྨྱོན་ཧེ་རུ་ཀ་ལ་གླུ་བསྐུལ་རྡོ་རྗེའི་ཐོལ་གླུ་ཞེས་བྱ་བ། ཞེས་པའི་སྐོར་ལ་མཆན་ ༡༥༩ བཀོད་འདུག་པ།
ཨེ།
གཞི་མེད་སྒྲོ་འདོགས་བྱེད་པའི་བོན་གཟུགས་གཅིག །འདོད་པ་རྐུབ་ལ་སྤྲོ་བའི་རྩམ་དགའ་གཉིས། །
ཞེན་པ་སྒོར་ལ་རེ་བའི་ཟླ་མེད་གསུམ། །སྤྱན་རས་བདག་ལ་གཡར་བ་བཀའ་དྲིན་ཆེ། །
ཀླུ་སྨྱོན་ཀླུ་ཡུལ་ཕེབས་ཀྱང་ཐོན་རན་ཡིན། །ཀླུ་མོ་མཛེས་མ་ལོན་ན་ངོམ་རན་ཡིན། །
ཀླུ་འབུམ་པོ་ཏི་ཡོད་ན་འཆད་རན་ཡིན། །ཀླུ་བསྐུལ་རྡོ་རྗེའི་ཐོལ་གླུ་འདི་ཐལ་ལོ། །
ན་གཱ་ཤྲྰིས་སོ། །
ཨོྃ་སྭ་སྟི། །
ཆགས་པ་ཅན་ལ་འདོད་རྩོམ་ཀླུ་སྨྱོན་པ། །སྡུག་པ་ཅན་ལ་ཁྲག་འཐུང་ཧེ་རུ་ཀ །
ཡིག་རྨོངས་ལོག་རྟོག་བསལ་བའི་ཨ་ལགས་ཚང་། །གངས་ཅན་བསྟན་པའི་སྲོག་ཏུ་ཞབས་བརྟན་ཤོག །བོད་ཤྲྰིས་སོ། །
དཔལ་དགྱེས་རིན་པོ་ཆེ་འདི་འདི་དེང་སང་ཁ་ཇེ་བདེ་རེད། རིག་པ་ཇེ་རྣོ་རེད།
ཀྱེ་མ་ཀ་ཡེ་བདག་ལ་གསོན་དང་། །རྒྱ་བལ་གྲྭ་སར་རླུང་ལྟར་གྲགས་པའི། །
ཧེ་རུ་ཀ་པའི་རྟུལ་ཞུགས་སྤྱོད་པ། །བློ་ལྡན་ཡིན་ན་མཁྱེན་ཚོད་མིན་ནམ། །
དྲ་སྟེང་འདི་ནས་ལུས་མེད་མིང་བྱང་། །ཡང་སྤྲུལ་རྩོད་པའི་རྩམ་དགའ་རིན་ཆེན། །
གཞུང་དོན་ལས་བྱེད་ཀརྡོ་རབ་འབྱམས།།བདེ་མོ་བཞུགས་པར་དགའ་སྤྲོ་བརྟས་ཡོད། །
བྱ་རྒོད་རྒྱལ་པོས་གཤོག་ལྕག་གཡུགས་སོང་།།བན་ཕྲུག་ཁ་སེར་དམོད་ངན་བདོ་ཡང་། །
སྤོབས་པ་མཐའ་ཡས་ཐུགས་དགེས་སྨོན་པས། །སྒྱུ་ལུས་འཇིག་པའི་བར་ཆད་བསལ་སོང་། །
ཡར་སྔོན་ཟིན་བྲིས་དར་ནས་བཟུང་སྟེ། །ཁ་བརྡ་ཁ་ལག་འབྲེལ་ནས་ཚུན་ཆོད། །
སྔགས་རྒན་ཀླུ་སྨྱོན་རྔུལ་ཁྲག་ཐིགས་པ།།གནམ་ཀླད་མཛོད་སྒོར་ཆོས་སྦྱིན་གནང་འདུག །
བྱས་ཤེས་དྲིན་གཟོའི་སློབ་ཕྲུག་ཡོད་ན། །བསྟོད་གླུ་དྲན་པའི་ཕྱག་འཚལ་རི་མོ། །
བསུབ་མེད་ཕྱག་རྩོམ་ཆར་དུ་སྙིལ་ཤོག །སྙན་ངག་མཁན་པོ་འདས་པར་གྱུར་རུང་། །
སྙན་ཚིག་ལོ་རྒྱུས་ཤུལ་བཞག་བསྟན་བཅོས། །སྙན་དང་མི་སྙན་ཇི་ལྟར་བརྗོད་རུང་། །
ཀ་མད་སུམ་ཅུའི་སྤྲུལ་སྐུ་ལོས་ཡིན། །ཆོས་འབྲེལ་ཐོབ་པའི་ཀླུ་སྨྱོན་མིན་རུང་། །
ཆོས་ཅན་རྟོགས་པའི་དྲ་བ་འདི་ཚོར། །ཆོས་ཡོད་ཆོས་མེད་ཇི་ལྟར་མོད་རུང་། །
ཆོས་པ་ང་ཡིས་སེམས་ཀྱི་ཉེ་སར། །ཤྲྰིས་སོ། །
ཨེ་མ་ཧོ།
གྲོགས་པོ་རྩམ་དགའ་ལ་ངོ་སོ་བསྟོད་དོ། །བོན་ཕྲུག་ཁ་སེར་ལ་ཨ་ལན་མེད་ཀི །
ཟླ་བ་ཆོས་འཛོམས་ལ་ཡི་ག་མེད་ཀི །གཞོན་ནུ་ཟླ་མེད་ཁྱེད་སྐལ་བ་བཟང་ངོ། །
གཞོན་ནུ་ཟླ་མེད་ཀྱིས་གཏམ་སྐུལ་ཉན་ནས། །དགྱེས་རྡོར་ཤི་མེད་ཀྱང་དྲ་མཐར་ཉུལ་ཡོད། །
ཕུ་ནུའི་སྐྱིད་སྡུག་དེ་ཡིད་ལ་འཁོར་ནས། །མ་འོང་དམ་བཅའ་དེ་འཇའ་རུ་མཚུངས་ཐལ། །
སྐྱིད་སྡུག་མ་ངེས་པའི་གྲུ་ཁ་འདི་ནས། །ཕུ་ནུ་ནང་དམེ་དེ་ཤིན་ཏུ་ངན་པས། །
གཟུར་གནས་བློ་ལྡན་གྱི་དགྱེས་པ་རྡོ་རྗེས། །གཟུ་དཔང་མཁྱེན་རབ་ཀྱི་འོད་སྣང་འདི་ཀ །
ཁ་བརྡའི་གླེང་སྟེགས་འདི་གླིང་དཀར་མཚོན་ན། །ཀླུ་སྨྱོན་སེང་ཆེན་ཉིད་བདུད་འདུལ་ཕེབས་ཤུལ། །
བན་སྔགས་ཁྲོ་ཐུང་གི་ལྐོག་གཡོ་ངན་ཇུས། །ཧོར་གླིང་གཡུལ་འབྱེད་ཀྱི་གཏམ་འདི་དྲན་ཐལ། །
ད་ནི་བདག་གི་གཏམ་མགུར་འདི་ཆུ་བོ་ཞིག་ལ་མཚོན་ན་རོང་དོགས་པའི་ས་མཚམས་ཞིག་ནས་ཆུ་ཆེན་བཞུར་བ་བར་སྣང་ནས་ཐོན་པ་ལྟ་བུ་འབད་རྩོལ་གང་ཡང་མེད་པར་ཤུགས་དྲག་གི་གཏམ་མགུར་དག་གཅིག་རྗེས་གཉིས་འཐུད་ཀྱིས་ཤར་སོང་ཡང་མི་རྟག་དུས་ཀྱི་རྒྱལ་མོའི་ལོ་ཚོ་ཡིས་ཡི་ག་དེ་ཙམ་མ་གནང་བར་ཐལ། དེ་རིང་དེ་ཙམ་ཡིན། ཁྱེད་རྣམས་བདེ་མོ་གྱིས། མ་ཤི་ན་རྗེས་སུ་མཇལ་ཆོག ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ། །
དེ་རིང་འདིར་ཆེད་དུ་དྲ་གྲོགས་ཡོངས་ལ་རེ་བ་ཐུང་ཐུང་ཞིག་ཞུས་ན་འདོད།
ངེད་ཚོ་ཚང་མ་དངོས་སུ་ཐུག་མྱོང་མེད་ཀྱང་དྲ་རྒྱའི་ནང་ནས་མཇལ་བའི་་སེམས་ཐག་ཉེ་བའི་སྤུན་ཟླ་རེད། ཁ་བརྡ་ཚང་གིས་དཀའ་ངལ་ལ་མ་འཛེམས་པར་རང་རིགས་ལ་འདི་འདྲའི་གོ་སྐབས་ཡག་པོ་བསྐྲུན་ཡོད་པ་ཚང་མས་ཤེས་གསལ་རེད། ང་ཚོས་འདི་ནས་གཅིག་གིས་གཅིག་ལ་རྒྱབ་སྐྱོར་གནང་མ་ཐུབ་རུང་དོན་མེད་སྨྱོན་གཏམ་བཤད་ནས་ཡིག་རྩལ་ཡག་པོ་ཡོད་མཁན་དག་ལ་སུན་པོ་བཟོས་བསྡད་ན་ཡག་པོ་མ་རེད། སྨྱུག་མིང་ཞིག་གི་འོག་ནས་རྙོག་དྲ་བཟོས་བསྡད་ན་ཡག་པོ་མ་རེད། དེ་ཅོལ་ཆུང་རེད། ང་ཚོ་ཚང་མས་འཕྱར་གྲུ་མཉམ་འདེགས་གང་ཡོང་ཅི་ཡང་བྱས་ནས་རང་རིགས་སྐད་ཡིག་ཡར་རྒྱས་ལ་ཆེར་བཏང་མ་ཐུབ་རུང་ཞབས་འདྲེན་བྱས་ན་ག་ལ་འགྲིག མདོར་ན་་་་བོད་ཡིག་སྤྱོད་སའི་དྲ་རྒྱ་ཁ་ཤས་ཡོད་ན་ཡང་འདི་ནི་ཡག་ཤོས་ཡིན་པས་ཁྲིམས་མཐུན་ཐུགས་གཙང་ཐོག་ནས་ཕེབས་རོགས་གནང་ཞུས་སྙིང་ནས་ཞུའོ།
༄༅། །བོན་མིང་ལ་ཕུལ་བའི་གཏམ་ཡ་མནྟ་ཀའི་མེ་ལོང་ཞེས་བྱ་བ། །
ན་མོ་གུ་རུ་པདྨ་ཀ་ར་ཡེ། །
གཉུག་མའི་བདེ་གཤེགས་ཀྱི་སྣང་བ་མཐའ་ཡས། །རིགས་འདུས་རྒྱལ་ཚབ་ཏུ་གཟུགས་སྐུར་བཞེངས་པ། །
མཚོ་སྐྱེས་བླ་མ་ཉིད་སྙིང་དབུས་མཆོད་ནས། །གཟུངས་སྤོབས་བློ་གྲོས་ཀྱི་གཏེར་སྒོ་འབྱེད་ཡ། །
སངས་རྒྱས་བསྟན་པ་ཡི་སྙིང་པོ་མཐར་ཐུག །བདེན་བཞིའི་བླང་དོར་ལ་ཚུལ་བཞིན་མཛད་པ། །
དྲང་ངེས་ལྡེམ་དགོངས་ཀྱི་གནད་གསང་མཁྱེན་ན། །གསང་ཆེན་གསང་སྒྲག་ཅེས་གཞན་ན་མི་འདུག །
བྱམས་བརྩེའི་ཕྱི་ཤུན་དེ་ཁ་ཁྱེར་གནང་ནས། །ལས་འབྲས་བསླུ་མེད་ལ་རྒྱབ་འགལ་སྨྲས་ན། །
དྲང་བདེན་དཀོན་མཆོག་གི་མཁྱེན་གཉིས་ཡེ་ཤེས། །འདི་ཕྱི་བར་དོ་ལ་གསལ་སྒྲིབ་མི་སྲིད། །
རང་བྱས་ཉེས་པ་ཞིག་གཏན་ནས་མེད་ཀྱང་། །མ་ཉེས་ཁ་གཡོག་གི་རྫུན་ཐག་ནག་པོ། །
ཉེས་མེད་བདེན་ཆེན་གྱི་མགུལ་ལ་དཀྲིས་ཀྱང་། །བོན་མིང་བཤེས་པོ་ལ་ཡེ་ནས་མི་སྐྲག །
བོན་ཆོས་ཞེས་པ་འདི་གསར་ཆོས་གྲགས་ཀྱང་། །ཕ་མེས་དྲང་བདེན་ཚོ་རྒྱབ་དཔུང་བཞག་ནས། །
རྟོག་ཆོས་ལབ་རྡོལ་ལ་བློ་ཕུད་གཏོད་པ། །རྗེས་འཇུག་བོན་ལུགས་ལ་དགོས་པ་ལོས་ཡོད། །
བོན་མིང་བན་རྫུན་གྱི་སྐྱ་མིན་སེར་མིན། །གཞི་མེད་སྒྲོ་བཏགས་ཀྱི་ཁ་སྨྲས་ཉེས་པ། །
ལས་འབྲས་རྟེན་འབྲེལ་ལ་མི་འཇིགས་དཔའ་བོ། །ཕུ་ནུ་ཁྱོད་འདྲ་ཞིག་སྲིད་ན་དཀོན་ཐལ། །
ཤ་ཁྲག་རུས་རྒྱུད་དེ་གཅིག་ལས་མཆེད་ཀྱང་། །ཤ་འཁོན་ལན་ཆགས་ཀྱི་ཆགས་སྡང་རྨོངས་པ། །
ཤ་ཉེ་བོན་བུ་ཡི་ཚོར་འགྱུའི་ཕྲག་དོག །ཤ་ཚ་སྙིང་ཉེ་རུ་ཁ་ཡག་མ་ཤོད། །
ཉེས་མེད་དམ་བཞག་གི་ཀླད་རྒྱ་མ་དཀྲུགས། །བདེན་ཆེན་སྡུག་སྦྱར་གྱི་ཉེན་བརྡ་མ་གཏོང་། །
བོད་ཆོས་སྐྱིད་སྡུག་གི་གཏམ་རྒྱུད་རིང་མོ། །དུས་གསུམ་འབྱུང་འགྱུར་གྱི་བགྲོ་གླེང་གནང་ཤོག །
ཁ་བརྡའི་དྲ་བ་འདི་སྤྱི་ཕན་ཡིན་ཡང་། །ཁྭ་ཏའི་ཨག་སྐད་བཞིན་དོན་མེད་མང་ན། །
ཁ་མཁས་ནེ་ཙོ་ཁྱེད་དགེ་སྡིག་མེད་རུང་། །ཁ་ཁོག་གཡོ་སྒྱུ་འདིས་བདག་ལ་མི་གནོད། །
ཞི་ལའི་ཆོས་བཤད་དེ་རྣ་བར་མི་འགྲོ། །ལོང་བས་ལམ་སྟོན་དེ་ཡིད་ལ་མི་འཕྲོད། །
གསང་ཆེན་རྒྱུད་སྡེ་ལ་དད་པ་ཡོད་ན། །གབ་སྦས་གསང་རྒྱ་ལ་ཐུགས་དོགས་མི་དགོས། །
རང་སེམས་དྭངས་གཙང་གི་མེ་ལོང་ངོས་སུ། །ཕྱི་ཐག་ཁྲེལ་ཡོད་ཀྱི་གཟུགས་བརྙན་གསལ་བས། །
ཆོས་བརྒྱད་ཆགས་སྡང་གི་དམོད་ངན་མི་དགོས། །རྒྱལ་དང་རྒྱལ་སྲས་ཀྱིས་མི་ཁྲེལ་ངེས་སོ། །
དུས་ངན་སྙིགས་མ་ཞེས་བྲང་རྡུང་མི་དགོས། །ཁ་སེར་རྐུབ་སེར་ལ་ཁྱད་པར་མི་འདུག །
སྐྱ་སེར་བན་བོན་ལ་དབྱེ་བསལ་མེད་པར། །རང་ཆོས་གྲུ་བཞི་འདི་དཔུང་གིས་འདེགས་རེམས། །
འཁོར་བའི་འདུག་ཆོས་ཞེས་ཁྱོད་ཀྱིས་སྒྲུབ་ནས། །མྱང་འདས་གསང་ཆེན་ལ་སྒྲོ་བཀུར་བཏང་ན། །
རང་གཤིས་མི་འགྱུར་གྱི་ཡིད་བཞིན་ནོར་བུ། །མི་འདོད་ཐལ་དོང་དུ་གཡུག་པ་མིན་ནམ། །
འཁོར་པའི་ལན་ཚྭ་འདི་ཁ་ལ་མ་རེག །མྱང་འདས་ཡོན་ཏན་ཡང་རྣ་བས་མ་ཐོས། །
རང་མཐོང་བ་གླང་གི་རྟུལ་ཞུགས་འཛིན་པས། །བོན་བན་ཤན་འབྱེད་ཀྱི་ཤེས་རབ་མེད་ཐལ། །
རང་སྣང་ཀྲོག་ཀྲོག་གི་མགོ་བོ་སྒྱེལ་ནས། །གངས་སེང་རྒྱལ་པོ་ལ་འགྲན་འདོད་བྱས་ཀྱང་། །
ཀརྨ་རྐུན་མ་ཚོ་རྒྱབ་དཔུང་ཁྲིད་པ། །ཡར་དཔེ་ལྟ་ས་ཞིག་གཏན་ནས་མ་རེད། །
མི་དབང་རིན་ཆེན་ལ་རིན་ཐང་ཡོད་པས། །མི་ངན་ཁྱེད་ཚོ་ཡིས་དཔེ་སྟོན་མི་དགོས། །
མི་ཚེ་ཤོག་དཀར་ཀྱི་ལྡེབས་སུ་བཤམས་ཡོད། །མི་རིགས་ལ་རྒྱ་འདི་བདེན་དཔུང་ཆེ་ཨང་། །
རི་བོ་སྤྲིན་ཆེན་ཡིས་མནན་པ་འདྲ་བའི། །རྨི་ལམ་ཟང་ཟིང་གི་སྣང་བ་ཞིག་ལ། །
གནམ་ས་གོ་འབྱེད་ཀྱི་བདེན་གཏམ་དྲི་བཟང་། །ཞི་བདེའི་རྒྱ་མཚོ་ལ་ཁྱབ་པར་རྨིས་སོང་། །
ཆོས་སྲིད་ཟུང་འབྲེལ་གྱི་དབུ་མའི་ལམ་བཟང་། །མི་འདོད་དོལ་འདྲེ་འདྲ་ཡིན་ན་མ་གཏོགས། །
ཆེ་རྒུ་འཛམ་གླིང་གི་དེད་དཔོན་ཚང་མས། །སྤྱི་མཐུན་ཞི་བདེ་ལ་བརྩོན་པར་མཐོང་ངམ། །
བན་བོན་བདེན་རྫུན་ལ་རྩོད་པ་མིན་ཀྱང་། །ལས་འབྲས་བསླུ་མེད་ཀྱི་བདེན་མཐའ་རིང་མོ། །
ངོ་ལྐོག་ཀུན་མཚུངས་ཀྱི་སྙན་ངག་རི་མོ། །སོར་བཅུའི་འདབ་མ་ཡིས་རྡོ་འབུམ་བརྐོས་ཡོད། །
བྱམས་བརྩེ་དྲང་བདེན་གྱི་ལ་རྒྱ་ཡོད་ན། །ཤ་ཁྲག་རུས་འདྲེས་ཀྱི་སྤུན་ཟླ་ཚང་མ། །
སྐྱིད་སྡུག་མཉམ་མྱོང་གི་གླུ་དབྱངས་བླངས་དང་། །མི་ལུས་རིན་ཆེན་གྱི་འབྱུང་གནས་དེ་ཀ །
སོར་བྱང་སྔགས་སྡོམ་གྱི་ཉམས་ལེན་མ་ཤེས། །ཕྱག་རྫོགས་དབུ་མ་ཡི་གནད་གསང་མ་གོ །
གནའ་དེང་རིག་རྩལ་གྱི་གནད་འགག་མ་རྟོག །མུན་ནག་མདའ་འཕེན་གྱི་ཁ་ཕོ་མ་ཆེ། །
ཁ་བརྡ་དྲ་བ་ཡི་འདུ་ར་ཁྲ་མོར། །གསང་རྒྱ་བོད་ཡིག་གི་མིང་ངན་འོག་ནས། །
བན་བོན་ནང་དཀྲུག་གི་ལ་སྟོད་བུ་མོ། །བོན་མིང་ཁྱེད་ཚོ་ལ་ཞེན་པ་ལོག་ཐལ། །
བན་བོན་རྩོད་པ་དེ་ཁྱོད་འདྲའི་མི་ཤེས། །ཁ་ངན་སྨྲ་བ་ཙམ་ཁྱོད་ཚོར་ཡོད་ཀྱང་། །
ལུང་རིགས་ན་ཚོད་ཀྱི་སྐལ་བ་ཕྲ་བས། །ཁ་མཆུ་མི་གཏོང་བའི་རེ་སྐུལ་ཐལ་ལོ། །
བོན་མིང་ལ་ཤྲྰི་སྨྱོན་པས་ཤར་མར་བྲིས་པ་དགེའོ། །
རྩམ་དགའི་གསུངས་ལ་ཡི་རང་དང་རྒྱབ་སྐྱོར་ཡོད། དེ་བཞིན་ནོ།
གྲོགས་ཀུན་པོ་བདེ་མོ་ཕེབས་བཞག་ཀྱང་། །ཀླུ་སྨྱོན་པ་ཨེ་ཐོན་བསམ་ནས་ཡོང་། །
མིག་ཤར་ཅིག་ཁ་བརྡར་བལྟས་མོད་ཀྱང་། །ཁོ་མེད་ནས་ཁོ་ཐག་ཆོད་དེ་ཐལ། །
རང་སྣང་གང་ཤར་རི་མོ། །ཚོགས་མགུར་ཤར་ཅིག་བྱས་ཀྱང་། །
ལ་སྟོད་བུ་སུག་རྐུན་མས། །རྐང་པ་ཚ་སྐུམ་བྱས་སོང་། །
ལ་སྟོད་བུ་མོའི་ངོ་ལ། །ཕ་བསད་དགྲ་རུ་བལྟས་ཡོད། །
གཞོན་ནུ་ཟླ་མེད་ཚོ་ལ། །དཔལ་དགྱེས་རྡོ་རྗེ་འཇིགས་བྱེད། །
བདུད་བཞིའི་དགྲ་ལས་མ་རྒྱལ། །རྒྱལ་བ་དགྱེས་ཐབས་མེད་པའི། །
མ་གྱུར་འགྲོ་བ་འདི་རྣམས། །ཀྱེ་མ་སྙིང་རེ་རྗེ་ཡ། །
རང་སྣང་རྣམ་དག་ངོ་ན། །གཉུག་མའི་སྟོན་པ་བདེ་གཤེགས། །
གཤེན་བོན་གཡུང་དྲུང་སྟོན་པ། །གཅིག་དང་ཐ་དད་མི་འདུག །
རྟོན་བཞི་གོ་ལོག་མེད་ན། །བསྟན་དགྲ་ཕྱི་ན་མི་འདུག །
ཆགས་སྡང་དུག་གིས་མ་བཟི། །བན་བོན་ཁྱད་པར་མེད་དོ། །
འཇིག་རྟེན་མི་ནག་ཁ་རྩོད། །
ཀླུ་སྨྱོན་ཚང་གི་རྣ་བས་མི་གོ་ནོ། །ངེད་ཚོའི་རི་སྡེ་གོང་མའི་ནང་གི །
ཨ་ཁུ་བཀྲ་ཁོ་ཞེས་པའི་ལོ་ལོན་དེར། །གཅིག་པ་གཅིག་རྐྱང་རེད་འདུག་དཀོན་མཆོག་གསུམ། །
ཀླུ་སྨྱོན་ཚང་གི་མིག་གིས་མི་རིག་ནོ། །ཁོ་བོའི་གནས་ཚང་དབྱིན་ཇིས་རྒན་མོའི། །
སེར་ཐོ་སུག་ཐུང་ཅན་གྱི་ཁྱི་འདི་དང་། །གཅིག་པ་གཅིག་རྐྱང་རེད་འདུག་ཡུམ་དུམ་པ། །
ཀླུ་སྨྱོན་གན་གིས་ཁ་ཞིག་མི་གྲགས་ནོ། །དྷ་སའི་སྲང་ན་ཁེར་འདུག་བྱས་པའི། །
རྒྱ་གར་རྒད་པོ་སྤུ་ཁ་ཅན་དེ་དང་། །གཅིག་པ་གཅིག་རྐྱང་རེད་འདུག་ཨ་མའི་ཤ། །
ཧ་ཧ་ཧ་དེ་རེད་ལ།.
དྲ་གྲོགས་བོན་ལགས་ལ་ཞུ་རྒྱུ། སྐུ་ཉིད་ཡང་ཁ་བརྡ་ནང་གི་དྲ་གྲོགས་གཞན་དག་ལྟར་བགྲོ་གླེང་བྱེད་རྒྱུ་དང་། ཚིག་རྒྱག་བྱེད་རྒྱུ། ཀུ་རེ་རྩེ་རྒྱུ། ད་དུང་ཚིག་མཚོན་འདེབས་རྒྱུ་སོགས་ལ་དགའ་བ་ཞིག་ཡིན་བཟོ་འདུག་པས། གཞན་གྱིས་ཀྱང་ཁྱེད་ལ་དེ་ལྟར་བྱེད་ནི་རེད། དེ་ཁྱེད་ལ་མཚོན་ན་འཚོ་བའི་ཆ་ཤས་ཞིག་ཏུ་བརྩི་རྒྱུ་ཡིན་པའི་ཡིད་ཆེས་ཡོད། འོན་ཀྱང་སྐུ་ཉིད་ཀྱི་བོན་ཞེས་པའི་དཀོན་མཆོག་གི་ཡ་གྱལ་ཞིག་གི་མིང་འཁུར་་ཡོང་པ་དང་། དེ་བཞིན་དུ་ཆོས་ལུགས་ཞིག་གི་སྤྱི་མིང་འཁུར་ཡོང་པ་འདི་ནི་ཡག་པོ་ཞིག་ཏུ་མི་མཐོང་། ཕ་རོལ་བོས་སྐུ་ཉིད་ལ་བགྲོ་གླེང་གནང་པའི་དབང་དུ་བཏང་ན་ཡང་་སྐུ་ཉིད་ཀྱིས་མིང་གི་ནུས་པས་སྤྱི་ཚོགས་ལ་གོ་བ་སྤྲོད་སྟངས་གཞན་ཞིག་འབྱུང་སྲིད་པས། སྙུག་མིང་གཞན་ཞིག་བེད་སྤྱོད་བཏང་ན་ཡག་ས་རེད། འདི་ནི་གསལ་འདེབས་ཙམ་ཡིན། ངས་དེ་སྔ་ཁྱེད་དང་མཉམ་དུ་ཕན་ཚུན་སྐད་ཆ་ཡག་སྡུག་ཡང་བཤད་མ་མྱོང་མོད། འདིའི་ནང་དུ་ཆོས་ལུགས་བར་གྱི་སྐད་ཆ་རྙོག་དྲ་ཚ་བོ་ཡོང་རྐྱེན་གཅིག་ནི་སྐུ་ཉིད་ཀྱིས་མིང་འདོགས་སྟངས་ཀྱི་སྟེང་ནས་ཀྱང་ཡོང་གི་མེད་དམ་སྙམ། གཞན་ཞིག་གིས་བོན་དང་བོན་ཟེར་ནས་བཤད་ན་སྐུ་ཉིད་ལ་མ་གནོད་ན་ཡང་། བོན་ལ་དད་ལྡན་གྱི་གདུལ་བྱ་གྲངས་ལས་འདས་པའི་སྣང་ངོར་བདེ་བོ་ཞིག་ཏུ་འགྱུར་མི་སྲིད་པས། སྐུ་ཉིད་ཀྱི་མིང་གི་འདོགས་སྟངས་དེ་བརྗེ་པོ་བརྒྱབ་ན་ཡག་ས་རེད་དྲན། ཐུགས་རྗེ་ཆེ།
ཆོས་པ་རྣམས་ཀྱིས་བདེ་བའི་དོན་དུ་ཟབ་ཟབ་ཆོས་ཀྱི་རྒྱ་མཚོ་འཐུང་།།
གྲོང་པ་རྣམས་ཀྱིས་བདེ་བའི་དོན་དུ་ན་ཆུང་བུ་མོའི་པད་མ་སྲུབས།།
གཉིས་ཀ་འབྲོག་པའི་གཡག་རྒན་ནང་བཞིན་སྐྱེ་རྒ་ན་འཆིའི་ཁྲལ་ཁུར་ནས།།
སེར་སྐྱ་ཐམས་ཅད་གཅིག་ལས་གཅིག་ངལ་འཆི་བདག་སྒོ་ཁ་སྙེགས་ནས་འགྲོ།།
གང་གི་གསུང་ལ་བསྟོད་པའི་སྙན་པའི་ཚིག་དང་། །གདེངས་འཇོག་ཆེ་བའི་བཅད་ལྷུག་ངག་རྩལ་སོགས་། །མཁས་པ་དུ་མས་གསུང་གིས་བསྐུལ་ལགས་སོ། །ཀླུ་སྨྱོན་མཁའ་འགྲོའི་མལ་ནས་བཞེངས་སུ་གསོལ། །གྲྭ་གྲོགས་མཆེད་པོ་རྣམས་གྱི་དྲན་གདུང་དང་། །དྲྭ་གྲོགས་བན་བོན་སྨྱོན་པའི་སྐྱོ་གླུ་ཡིས། །ཁ་མིན་གདུང་པའི་དབྱངས་ཀྱིས་དེང་བསྐུལ་ལོ། །ཀླུ་སྨྱོན་མཁའ་འགྲོའི་མལ་ནས་གཤེགས་སུ་གསོལ། །
ཨོ་ཡ་ཡ་ཡ།
བྱུང་རྒྱལ་སྨྲ་དགའ་ཡི་ཁ་བརྡའི་དྲ་བར།།མཛེས་མ་ཚེ་སྐྱིད་ལ་བཙན་གཉེན་སྒྲིག་ཀྱང་། །
དགེ་སློང་ཀླུ་སྨྱོན་དེ་དེ་འདྲ་མ་ཡིན། །དོན་མེད་གཏམ་གླེང་དེ་འུར་ཀི་མ་འདུག །
འཁོར་བ་སྡུག་བསྔལ་ལ་ཐུགས་ཀྱིས་སུན་ནས།།འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་ལོག་པའི། །
སྙན་ངག་མཁན་པོ་དེ་དབེན་རིར་བྲོས་ཐལ།།ཐུགས་དམ་གོང་འཕེལ་ལ་ཡི་རང་ཞུའོ། །
དེས་ན་ཤྲྰི་སྨྱོན་ཡང་ཆོས་བརྒྱད་བྲེལ་བའི།།མི་ཁོམ་མི་ཉན་པའི་དུས་ཁོམ་དབེན་ཡང་། །
གུ་ཡངས་བློ་བདེ་ཡི་ཀློང་རྒྱ་ཁྲོལ་ནས།།ཉིན་ཞག་གཅིག་གཉིས་ལ་རེ་སྒུག་བྱས་ཡོད། །
བོན་ལ་གཞི་མེད་ཀྱི་གཤེ་གཤེ་བཏང་ཐལ། །རྩམ་དགའ་འདོད་དགའ་ཚོས་རོགས་དན་གནང་ཡང་། །
སྨྱོན་པའི་འཇིག་རྟེན་ལ་ཞེན་པ་བཞི་བྲལ། །མ་སྒོམ་རང་བབས་ཀྱི་འོག་འདོན་ཡོད་ཀི །
དྲི་མེད་ལྷག་བསམ་ཁྱོད་ཐུགས་གཙང་དཀར་པོས། །སྔ་འགྱུར་བསྟན་པ་ཐུགས་ཁྲལ་གནང་བ། །
དམ་པའི་རང་གཤིས་ཞིག་མངོན་པ་ཡིན་མོད། །བྱས་ཟིན་ལས་ངན་ལ་བཟློག་ཐབས་ཅི་ཡོད། །
དྲི་མེད་ཞིང་སྐྱོང་ལ་རྒྱབ་དཔུང་ཆེ་བ། །རྒྱལ་ཁབ་བཅོ་བརྒྱད་ཀྱི་གླ་ཕོག་ཟ་མཁན། །
ས་དགེ་བཀའ་རྙིང་ལ་འདི་འདྲ་དཀོན་པས། །སྨྱོན་པ་ང་འདྲ་ཡིས་ཁ་ལ་མི་ཉན། །
གྲོགས་པོ་ནང་མ་ཞིག་མཆོག་ཉིད་ཡིན་ན། །ཞྭ་རྩོད་གཅོད་པ་ཡི་གནམ་ལྕགས་རལ་གྲི། །
དྲི་མེད་ཞིང་སྐྱོང་ཁ་གཡར་མ་གནང་། །དད་པ་དག་སྣང་གི་རྣོ་སོ་ལད་ཡོང་། །
དགེ་བཤེས་མཁན་པོ་ཚོས་ཁ་ཏ་བཏང་ཡང་། །སྡིག་བཤེས་དྲ་འབུ་ཡིས་འགོས་ནད་བགོས་ཀྱང་། །
ཤི་གསོན་བར་དོ་ལ་ངོ་ལྐོག་མཚུངས་པའི།།མཁན་ཆེན་དགྱེས་རྡོར་ལམ་སྟོན་མི་དགོས། །
དགྲ་བོ་ལ་སྟོད་ལ་དགོངས་དག་ཞུ་ཆོག།གྲོགས་པོ་ཀླུ་སྨྱོན་ལ་ཞབས་བརྟན་བསྒྲུབ་ཆོག །
བན་བོན་གཡུལ་འཁྲུག་གི་འདོད་པ་མེད་ཀྱང་།།བ་རྐུན་རའི་སུག་གི་དོགས་སློང་བྱས་ཐལ། །
རེ་ཞིག་དྲ་གྲོགས་ཀུན་བདེ་མོ་བཞུགས་ཡ། །ཞེ་མཐུན་རུས་པ་ཞིག་ནང་དུ་འཁྲུངས་ན། །
ངོ་མཚར་རིག་མཛོད་དུ་ཕེབས་བསུ་ཞུ་ཆོག །སྙིང་གཏམ་དྲོན་མོ་ཚོ་དེ་ན་བཤད་ཡོད། །
ཨ་ཕ་མཁན་ཆེན་དགྱེས་པ་ཡི་རྡོ་རྗེས། །ཨ་ཇོ་ཀླུ་སྨྱོན་ཁ་བརྡ་རུ་འབོད་པའི། །
ཨ་ལ་ཐ་ལའི་ཐོལ་གླུ་ཞིག་བླངས་ཀྱང་། །ཨ་ཁ་ད་དུང་ཧེ་རུ་ཀ་མི་འདུག །
དགྱེས་རྡོར་ཀླུ་གཏོར་མཉམ་དུ། །རྒྱ་མཚོའི་ཕ་རོལ་བསྐྲད་པ། །
གཞོན་ནུ་ཟླ་མེད་ཁྱེད་འདྲ། །སྲིད་ན་འགྲན་ཟླ་མེད་པ། །
ནང་མཐུན་ཆིག་སྒྲིལ་བྱེད་པ། །ལ་སྟོད་བུ་མཆོག་འདི་འདྲ། །
བོད་ལ་དཀོན་པའི་བུ་ལོ། །ཆོས་འཁོར་ཚང་གི་ཁྱད་ཆོས། །
ང་ནི་བན་བོན་གཉིས་ལ། །ཁྲ་ཆུང་མིག་གཉིས་འདྲ་འདྲ། །
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཨ་བུ་བློ་བཟང་ཆོས་གྲགས། དྲི་བ་དེ་ནི་དྲི་མེད་ལྷག་བསམ་ངེད་གཉིས་ཀྱི་གསང་བརྡ་ཞིག་རེད། གོ་དཀའ་ནི་རེད། ཞྭ་རྩོད་གཅོད་པ་ཡི་གནམ་ལྕགས་རལ་གྲི། །དྲི་མེད་ཞིང་སྐྱོང་ལ་ཁ་གཡར་མ་གནང་། །དད་པ་དག་སྣང་གི་རྣོ་སོ་ལད་ཡོང་། །ཟེར་རྒྱུ་བོ་རྟེན་འབྲེལ་འཕྲོ་ཅན་དུ་བཞག་ནི་མིན་ཡང་འདི་རྒྱས་སྤྲོས་ཤིག་བྱས་ན་ཡང་ཟིན་བྲིས་འདི་ཁ་བརྡ་ཚང་གི་སྒོ་རྒྱབ་དགོས་ཐུག་རྒྱུ་རེད། ། དེ་ཙམ་ཡིན།གང་ཤར་སེམས་ཀྱི་རི་མོ། །
ཨེ་མ་ཧོ། །
ཀ་དག་ལྷུན་གྲུབ་ཀྱི་རང་བྱུང་ཡེ་ཤེས། །ཁ་སྦྱོར་བདུན་ལྡན་གྱི་འོད་གསལ་སྙིང་པོ། །
ག་བུར་དབང་པོ་ཡི་འོད་སྣང་ཇི་བཞིན། །ང་ཚོ་འགྲོ་དྲུག་ལ་ཡེ་དག་མཉམ་ཉིད། །
ཀྱེ་མ་ཧོ། །
ཀཿ་ཐོག་བླ་བརྒྱུད་ཀྱི་དྲི་མེད་ཞིང་སྐྱོང་། །ཀཾ་ཚང་སྤྲུལ་བརྒྱུད་ཀྱི་ཏཱ་ཡི་སི་ཏུས།
ཀ་ལྷུན་ཕྱག་རྫོགས་སོགས་ཁ་ལ་ཁྱེར་ཡང་།།ཀ་ཁའི་ལ་རྒྱ་ལ་དཀའ་ལས་གནང་ཐལ། །
བོན་པོའི་རྟོག་ཆོས་ལ་རེ་བ་མི་ཆེ། །བན་གྱི་རྩོད་ཆོས་ལ་དྭོགས་པ་མི་ཆེ། །
བན་བོན་ཁ་ཁྱེར་ལ་དབྱེ་བསལ་མེད་པ། །ནང་ཆོས་རྣམ་དག་ཅིག་མིན་པར་སྨྲའོ། །
ཨ་ལགས་ཀླུ་སྨྱོན་ལ་ལ་རྒྱ་ཡོད་ན།།དྲི་མེད་ལྷག་བསམ་ནས་སྤྱན་འདྲེན་བཞུགས་གསོལ།
མེ་ཏོག་དཀར་པོ་ཡིས་ཞེ་སྒུག་མཆོད་ཕྱག།ཁ་ངན་སྟག་སྨྱོན་གྱིས་ཡི་རང་བྱས་འདུག།
པདྨ་གེ་སར་ཡང་གཞི་ནས་ཕེབས་སོང་། །བླ་མ་བློ་བཟང་ལ་དྭོགས་པ་ཤར་འདུག །
ལ་སྟོད་བོན་རྫུན་ལ་ཞེ་འཁོན་ཆེ་བས། །དགྱེས་རྡོར་ཉམ་ཆུང་ང་ད་ནི་བུད་འགྲོ། །
དགེ་བསྐོས་རྒྱག་པ་ཡིས་བཀའ་སྐྱོན་འོག་ནས།།མི་འདོད་ཁ་བརྡ་ལ་གྱེས་བརྡ་བཏང་སྟེ། །
ཨ་ཁུ་དགེ་རབ་ལ་བདེ་མོ་ཞུ་བཞིན། །རྡོར་རིན་གྲོགས་པོ་ལ་ཁ་བྲོ་ཞུའོ། །
གང་ཤར་རྣམ་རྟོག་གི་རི་མོ་ཞིག་ཤྲྰིས་སོ། །
ཧ ཧ
བྷན་ལ་ཏེན་རོ་ལ་བདག་པོ་མེད། །ཀླུ་སྨྱོན་པ་ཤི་ན་རོ་བདག་འདུག །
ཤྲྰི་སྨྱོན་པས་ཀི་སྒྲ་དི་རི་རི། །ཁ་དལ་མེད་ཁ་བརྡ་ཐ་ལ་ལ། །
༄༅། ། རྨི་ལམ་དབང་ཕྱུག་དཔལ་དགྱེས་པ་རྡོ་རྗེ་ལ་ཕུལ་བ་བརྡ་གླུ་སྒྱུ་མའི་རོལ་མོ་ཞེས་བྱ་བ།
ན་མོ་གུ་རུ། །དྲན་པ་རྣམ་བཀོད་ཀྱི་སྲོག་མཁར་དབུས་སུ། །མཁྱེན་རབ་ཡེ་ཤེས་ཀྱི་སྒྲོན་མེ་སྦར་བའི། །བླ་མ་ཟླ་བཞིན་མའི་ཐུགས་རྗེའི་ཕྱག་རྒྱ། །དཔྱིད་ཐིག་དབྱེར་མེད་ཏུ་འཇུག་པར་ཞུའོ། །གཞན་དྲིང་མི་འཇོག་པའི་མཁྱེན་རྒྱ་ཡངས་ཤིང༌། །རྨི་ལམ་འོད་གསལ་ལ་མངའ་དབང་བསྒྱུར་བའི། །དགྱེས་པ་རྡོ་རྗེ་ཡི་གསང་བའི་བརྡ་སྐད། །གྲོགས་མེད་ལྷག་བསམ་གྱིས་དཀྲོལ་བར་དཀའ་འོ། །མཛེས་པའི་བོངས་ཚོད་ལ་ཕྲ་སྤོམ་བྱེད་པའི། །དབྱིངས་ཕྱུག་མཁའ་འགྲོ་དེ་དབྱིངས་སུ་གཟིམ་ཡང༌། །ཤར་ ཕྱོགས་རྟ་བདུན་གྱི་འོད་སྣང་སྤྲོས་ན། །བདེ་ཆེན་ནོར་བུ་ཡི་གཟི་བྱིན་འབར་ཡོང༌། །ཀུན་རྟོག་རྒྱ་མཚོ་དེ་གཡོ་བའི་སྐབས་སུ། །གྱ་གྱུའི་རྦ་རླབས་རེ་འབྱུང་བ་ཆོས་ཉིད། །དམ་པར་ཟུར་ཟ་ཡི་མདའ་འཕེན་མིན་ཀྱང༌། །དམན་པའི་བག་ཆགས་དེ་མཐུག་པ་ལགས་སོ། །འཁོར་བའི་ཕྱི་ཚིས་ཀྱི་བྲེལ་བ་ཚ་བོ། །ལས་ངན་ཁོ་བོ་ལ་དགོས་སྡུག་མིན་ཀྱང༌། །ཆུ་བོ་གྱེན་ལྡོག་ལ་ངལ་བ་ཆེ་བས། །ད་དུང་རང་ས་ནས་ལན་བརྒྱར་འཁོར་རྒྱུ། །དགྱེས་རྡོར་ཞལ་ལུང་དེ་དབྱིག་འཁྲུངས་ལགས་ན། །སྐྲ་སེར་རྒན་མོ་ཚོར་བསོད་ནམས་ཆེ་ཡང༌། །ལྷག་བསམ་སོལ་བ་ཡི་རང་མདོག་དྲི་མེད། །ནག་པོ་ཁོ་ན་ལས་འགྱུར་རྒྱུ་མི་འདུག །གནས་བརྟན་འདུལ་འཛིན་གྱིས་ཁ་གཙོག་གནང་ན། །བསྟན་པའི་མིག་ལྟོས་ལ་གནོད་པ་ཆེ་བས། །གཡེར་ཁའི་དྲིལ་ཆུང་གིས་མཛེས་པའི་རུས་རྒྱན། །རྨི་ལམ་དབང་ཕྱུག་ལ་མཛའ་བ་མིན་ནམ། །དགག་བྱ་གཞི་དག་གི་སྤྲོས་བྲལ་རྣལ་འབྱོར། །ཞི་ཁྲོ་གང་སྤྲུལ་ལ་རང་བྱན་ཚུད་པས། །བཟང་ངན་ཕྱམ་མེ་བའི་གཞན་དོན་སྤྱོད་པ། །སྔ་ཐག་གཅོད་པ་དེ་བདག་ལ་མི་འོས། །དུག་ལྔའི་ལྗན་ལྗིན་གྱིས་གང་བའི་འཁོར་བ། །སྔ་ཕྱི་གང་ཞིག་ལ་བལྟས་ཀྱང་མི་གཙང༌། །དག་མཉམ་དབྱེར་མེད་ཀྱི་ལྟ་དགོངས་ཟབ་མོ། །སྔ་འགྱུར་སྔགས་པ་ཚོའི་ནོམ་སྐལ་ཁོ་ན། །ལྷ་ཆོས་བདུན་ལྡན་གྱི་མན་ངག་ཟབ་མོ། །བདེ་ཆེན་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །མཁས་བླུན་བར་མ་ཀུན་འཇུག་པ་བདེ་བས། །བླུན་ཀྱང་ཁེ་ཉེན་ལས་འདས་འདི་ལེགས་སོ། །ལྟ་སྒོམ་མཐོན་པོ་དེ་བདག་གི་ཡུལ་མིན། །བསྟན་སེལ་སྡེ་འཁྲུག་རེ་ཞི་འཇམ་བསམ་ཡང༌། །དམན་པ་ཁྱོད་འདྲ་ཞེས་ཞེ་གཅོད་ཚིག་ངན། །རྣ་བའི་འཛེར་མ་རུ་ལྷག་པས་ཐབས་ཟད། །ཆེན་པོའི་བཀའ་ལུང་ནི་མ་བརྟགས་བྱ་བ། །ཅངས་ཀྱིས་བབ་པ་ལ་གྱེན་ལྡོག་མི་འདུག །བསམ་དཀར་ཚིག་འཇམ་དེ་སྡེ་གཟར་ཟེར་ན། །ལྷག་བསམ་དར་དཀར་དེ་འབུལ་ཡུལ་སུ་རེད། །ཞྭ་ཐོབ་རྩོད་སྙོག་གི་འདམ་རྫབ་མཐུག་པོ། །ཀཾ་ཚང་ཀ་ཐོག་གི་སྒེར་ནོར་གནང་གི། །དམ་ཉམས་ཁྲིམས་རལ་གྱི་ས་སྟེང་གང་ཚེ། །ང་ཚོ་དག་པ་ཞེས་སྡོད་ས་ཨེ་ཡོད། །སྦལ་བ་རྨ་ཅན་དེ་གནས་གཅིག་མི་སྡོད། །བོད་བརྒྱུད་ནང་བསྟན་གྱི་ཁྲོན་པ་ཆུང་གི། །དམ་གྲིབ་མི་གཙང་པས་ཆོས་མིག་སྒྲིབ་ན། །དམུས་ལོང་ཐང་སྟོང་གི་སྤྱོད་ཚུལ་མངོན་ཡོང༌། །ཐག་སྣེ་འབྲེང་མཐུད་ཀྱི་ཐབས་ལ་འབད་ནས། །ཀརྨ་ཡང་སྤྲུལ་གཉིས་ཐུགས་སྣང་མཐུན་ཞིང༌། །ཀཿཐོག་ནང་འཁྲུག་དེ་གཙང་མ་བྱུང་ན། །བསྟན་པའི་སྤྱི་དོན་ཞིག་འགྲུབ་པ་རེད་སྙམ། །ལས་རླུང་རྐྱེན་ངན་གྱིས་རླུང་ནག་ཁྲོད་དུ།།བསླུ་རུ་མི་ཚུགས་པའི་དམ་བཅའ་མི་འདུག །གངས་ལྗོང་མཁས་གྲུབ་ཀུན་དབྱིངས་ནས་བསྐུལ་ལོ། །བསྟན་འཛིན་ཐུགས་མཐུན་གྱི་འཕྲིན་ལས་སྒྲུབས་ཤིག །དགྱེས་པ་རྡོ་རྗེ་ཡི་རྒྱང་གཟིགས་མ་གནང༌། །རྨི་ལམ་དབང་ཕྱུག་གི་རྫུ་འཕྲུལ་ངོམ་ལ། །རྟེན་འབྲེལ་གཏོ་བཅོས་ཀྱི་རིམ་གྲོ་གསུང་དང༌། །རྨ་བཅོས་ཁྱི་སྐྱག་ཀྱང་ཨེ་འཛོམས་བལྟ་ཆོག །ལོག་ལམ་བརྡེག་འཆོས་ཀྱི་དེང་དུས་འགྲོ་བ། །ལེགས་ཉེས་གོ་ལྡོག་ལ་ཕན་པ་མེད་ཀྱང༌། །སྲས་བཅས་རྒྱལ་བ་ཡི་དགྱེས་པའི་མཆོད་སྤྲིན། །སྨོན་འཇུག་གཉིས་ལྡན་ཞིག་འགྲུབ་པར་ཤོག་ཅིག །ཅེས་དགྱེས་པ་རྡོ་རྗེའི་བཀའ་ལན་མཐོང་འཕྲལ་དྲི་མེད་ལྷག་བསམ་གྱིས་གང་དྲན་ཤར་ མར་བྲིས། །
༄༅། །མཁས་དབང་དམ་པ་ལྷག་བསམ་དྲི་མེད་ཀྱི་བཀའ་ལན་ཚངས་དབྱངས་མགུར་མ་ཞེས་བྱ་བ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །ཨེ་མ་སྟོང་ཆེན་གྱི་ཕྱག་རྒྱ་ཡང་དག །འོད་གསལ་སྙིང་པོ་ཡི་སངས་རྒྱས་ཡེ་ཤེས། །རང་རིག་དབྱེར་མེད་ཀྱི་ཁབ་ཏུ་སོན་པས། །ཚངས་དབྱངས་མགུར་མ་ཞིག་ལེན་ན་འདོད་ཐལ། །དད་བརྩོན་ཤེས་རབ་ཀྱི་སྐལ་བ་ལྡན་ན། །མགོ་ནག་མགོ་སེར་ལ་ཁྱད་པར་མི་འདུག །དྲི་མེད་ལྷག་བསམ་གྱི་ཕྱག་རྒྱ་ཆེན་པོ། །མ་གཉིད་རྨི་ལམ་དེ་ཁྱེད་ལ་འཆར་འོང་། ། དྲི་མེད་མཁྱེན་རབ་ཀྱི་ལྷག་བསམ་རྣམ་དག །ཞི་བདེ་འཛམ་གླིང་གི་འཚོ་བའི་སྲོག་ཤིང་། ། བསྟན་སེལ་སྡེ་འཁྲུག་གི་ཞི་འཇམ་ཡོང་ཐབས། །བཀས་བསྐུལ་རོལ་དབྱངས་ཀྱི་བརྡ་གླུ་དཀྲོལ་ཡ། །ཡིད་བཞིན་ནོར་བུ་ཡི་དགོངས་བཞེད་དམ་པ། །ཀ་རྫོགས་དགོན་ཆེན་སོགས་ཐུགས་མཐུན་ཁྲིམས་གཙང་། །བཀའ་བརྒྱུད་ནང་འགལ་དག་དམ་ཚིག་ཉམས་གསོ། ། ས་སྐྱའི་རང་རྒྱལ་ལ་དག་ཐེར་ཚད་མ། ། དགེ་ལུགས་གསར་རྙིང་པས་དོལ་འདྲེ་རྒྱང་ཕུད། །བན་བོན་རིས་མེད་ལ་གཅིག་ཏུ་འདུན་ཀྱང་། །སྙིགས་ལྔའི་ལྗན་ལྗིན་གྱི་མི་གཙང་དྲི་མ། །དག་གཙང་དྭངས་མ་ལ་བསྒྱུར་ཐབས་དཀའ་སོང་། །བོད་བརྒྱུད་ནང་བསྟན་ལ་དྲི་མེད་ལྷག་བསམ། །ཟླ་བ་གཞོན་ནུ་ལ་གཟིམ་པ་མེད་པས། །སྤྱན་མེད་འབྱོར་ལྡན་འདྲ་རྟེན་འབྲེལ་འགྲིག་ན། །མཁྱེན་རབ་མིག་ཟུང་དེ་ལྷུན་གྱིས་གྲུབ་ཡོང་། །ཤར་ཕྱོགས་དབང་ཕྱུག་གི་སྐར་མ་ལྔ་བ། ལྷོ་ཕྱོགས་རྟ་བདུན་གྱི་གྲོགས་སུ་ཁུག་ན། །བྱང་ཕྱོགས་མུན་ནག་གི་བསྟན་སེལ་གཡུལ་འཁྲུག ། ནུབ་ཕྱོགས་བདེ་ཆེན་དུ་འགྱུར་བ་ཆོས་ཉིད། །ཐབས་མཆོག་བདེ་ཆེན་གྱི་རིགས་སྔགས་ཟབ་མོ། །གསེར་རྩི་སྡེབ་སྦྱོར་ཀྱི་མན་ངག་མཁྱེན་ན། །ས་རྡོ་སོལ་བ་ལ་ཁྱད་པར་མི་འདུག །འདོད་ཡོན་ལམ་འཁྱེར་འདི་ཀུན་ལ་མཛའ་བ། །དམ་ཚིག་མདོ་རྒྱས་སོགས་ཞིབ་ཏུ་གཟིགས་དང་། །འཁོན་འཛིན་དམ་རལ་གྱི་རྒྱ་མཚོ་ཆེན་པོར། །བཅུ་ཕྲག་ལོ་འཁོར་ལ་རྦ་རླབས་དྲག་པོ། །གཡོ་འཁྲུགས་ལས་ངན་འདི་འཇམ་ཐབས་དཀའ་བ། །མིག་སེར་ཟུར་ཟ་ཡི་འཆལ་གཏམ་མིན་ཡང་། །དགོན་གྲོང་བཟང་ངན་གྱི་སྐྱག་ཤན་ཞུགས་ནས། །འཁོར་འཛིན་སྐྱེ་བོ་ལ་བཟང་ངན་ཁྱད་པར། །ལྟ་སྒོམ་སྤྱོད་འབྲས་ལ་དག་ཐེར་གནང་འཚལ། ། དུག་ལྔར་སྤྱོད་པ་དེ་སྔ་འགྱུར་མ་ཡིན། །བདེན་བཞི་འགལ་བ་ཚོ་གསར་འགྱུར་མ་ཡིན། །དུག་གསུམ་རང་མཚན་དེ་སྤང་བ་ཡོད་ན། །བདེན་གཉིས་ལམ་བཟང་ལ་ཁྱད་པར་མི་འདུག །ཀཿ་ཐོག་ཀཾ་ཚང་ལ་ཁྱད་པར་མེད་ཀྱང་། །དྲི་སི་བཀའ་རྙིང་ལ་ཞེན་ཆགས་ཆེ་བས། །དུང་དཀར་སེར་འཛིན་གྱི་དམ་མཁྲིས་ནད་ངན། །བཅོས་པའི་སྨན་མཆོག་དེ་བདག་ལ་དཀོན་ཐལ། ། རྨི་ལམ་ལུང་བསྟན་ཞིག་བདག་ལ་ཡོད་པ། །ཨོ་རྒྱན་པད་འབྱུང་ལ་བཅོས་མིན་དད་པ། །ལྟར་སྣང་ཆོས་པ་ཚོ་ཚར་གཅོད་ནུས་ན། །བསྟན་སེལ་སྡེ་འཁྲུག་དེ་ངང་གིས་ཞི་འགྲོ། ། སྨོན་ལམ་འདོན་ཚོགས་སོགས་བཟང་བར་ཡིན་མོད། །དམ་བཅའ་བགྲོ་གླེང་གི་བརྟག་དཔྱད་མེད་ན། །རང་མགོ་རང་སྐོར་གྱི་ཞི་ལས་ཆོས་བཤད། །དམུས་ལོང་བྱི་བ་ཡི་ཕྱག་རྒྱ་ཆེན་པོ། །དྲི་མེད་ལྷག་བསམ་གྱི་དཀར་པོ་ཆིག་ཐུབ། །བྱང་ཆུབ་སེམས་མཆོག་ལ་རྟག་ཏུ་འབད་ན། །ཕྱི་ནང་ཀུན་མཚུངས་ཀྱི་བོད་བརྒྱུད་ནང་བསྟན། །མདོ་སྔགས་དབྱེར་མེད་ཀྱི་ཉམས་ལེན་གཙང་མ། ། ཆོས་མཆེད་ནང་འཁྲུག་གི་དུག་ཁྲག་རིལ་མ། །གངས་དཀར་འོ་མཚོ་ལ་ཁྱབ་པར་མི་སྲིད། །ཕྱོགས་རེ་མཚེའུ་དག་ཆེ་སྣང་འཆར་ཡང་། །ཁྲོན་བུ་རུས་སྦལ་རྣམས་རང་སྣང་ང་རྒྱལ། ། སྦལ་བ་རྨ་ཅན་ཡང་དེ་ག་ནང་བཞིན། །ལས་འབྲས་བསླུ་མེད་དེ་ཁྱད་ཆོས་ཆེ་བས། །དེ་འབྲེལ་དེ་དག་ཚོ་ཉམས་པ་ཙམ་ལས། །སྤྱི་མཐུན་འགྲོ་བ་ལ་ཅི་ཡང་མི་གནོད། །རྒྱལ་དང་རྒྱལ་སྲས་དག་དབྱིངས་ལས་བསྐུལ་ནས། །བསྟན་པའི་སྤྱི་དོན་ཞིག་སྒྲུབ་པའི་དམ་བཅའ། །ཇི་བཞིན་འགྲུབ་པ་ཡི་སྨོན་འདུན་གསོལ་འདེབས། །ཁ་མིན་སྙིང་དཀྱིལ་ནས་ཁྱེད་ལ་བྱས་ཡོད། ། བདག་ནི་རྨི་ལམ་གྱི་བདེ་སྐྱིད་རོལ་ནས། །གསེར་མདོག་ལྕང་ལོ་ཅན་འཁོར་གྱིས་བསྐོར་ཞིང་། །ཞིང་ཁམས་དམ་གཙང་གི་ཉེ་འཁོར་འདི་ལས། །ཁྱི་སྐྱག་དར་གཡོག་ཚོར་རེ་བ་མེད་ཐལ། །བསྟན་འཛིན་བསྟན་བཤིག་གི་ས་མཚམས་དག་མ། །ཐུགས་མཐུན་ཁྲིམས་གཙང་འདི་དམ་པའི་སྙིང་ནོར། །སྲས་བཅས་རྒྱལ་ཀུན་ལ་མཆོད་སྤྲིན་འབུལ་བ། །ཚོགས་གཉིས་ཡོངས་རྫོགས་ཀྱི་རྒྱུ་རུ་གྱུར་ཅིག །
ཅེས་པའང་དྲི་མེད་ལྷག་བསམ་གྱི་ཐུགས་བསྐྱེད་ཟབ་རྒྱས་ཀྱི་བསྐུལ་མ་ལ་བརྟེན་པ་ལྟ་བུས་རྐྱེན་ལས་གང་དྲན་ཐོལ་བྱུང་དུ་སྐད་ཅིག་དེ་ཉིད་ལ་ཤྲྰི་སྨྱོན་པས་བྲིས་པ་དགེའོ། །
ཀླུ་སྨྱོན་མ་རིག་མི་སྨྱོན་འགའ་ཞིག་གིས། །གཞི་མེད་ཉེས་འཛུགས་བྱས་པ་ཅི་ཡིས་ནོངས། །
ཆུང་ཆུང་ཆེ་རུ་མ་གཏོང་དྲ་གྲོགས་ཚོ། །མེ་སྟག་ཆུང་ཡང་རྩ་ཕུང་བརླགས་ལྟར་རོ། །
ལ་སྟོད་བུ་དང་པདྨ་གེ་སར་ལགས། ད་མ་འཁོན་ཡ། གངས་རིའི་ལྗོངས་ཀྱི་བསྟན་སྲིད་སྤྱི་ལ་ཕན་ཐོགས་པ་ཞིག་ཡོད་ན་དགྱེས་རྡོར་ཁ་ཙམ་མིན་པར་ཁྱོད་ཚོས་དམར་གསད་གཏོང་ཡང་ངེས་པར་ཆོག་མོད། ཡིན་ན་ཡང་ཁྱོད་ཚོ་ཚིག་ཅི་བཤད་པ་དག་རང་ཚུགས་མ་ཐུབ་པ་ཞིག་རེད་ཡ། དཔེར་ན། པདྨ་གེ་སར་གྱི་བསྟོད་སྨད་དང་། ལ་སྟོད་བུ་ཁྱོད་ཀྱིས་འདས་ད་བཤད་པ་ཚོ་སོམས་དང་། ད་ཐང་ཡང་ང་ནི་བོན་པོ་ཡིན་ཀྱང་རུང་མིན་ཀྱང་རུང་བོད་ཀྱི་ཆོས་ལུགས་ཐམས་ཅད་ལ་དག་སྣང་ཡོད་མཁན་ཞིག་ཡིན།ཞེས་བཤད་པ་དོན་ལ་ཡོད་ན་རྩེད་མོས་རྔ་མ་འཁྱོག་དོན་གཏན་ནས་མེད་མོད། བོན་དང་ཁྱོད་ཀྱིས་གཞོན་ནུ་ཟླ་མེད་ལ་བསྟོད་པ་ཟེར་བ་དེ་ཡང་གད་མོ་ཤོར་ས་ལས་གཞན་མི་འདུག  ཟླ་མེད་ཁོ་ནི་དོན་ལ་རྒན་པོ་ཤ་རྒྱགས་ཆེ་ནས་རང་གཡོག་རང་གི་མི་ཐུབ་པའི་བན་རྒན། ཐ་ན་ཡར་བཞེངས་པའི་ཚེ་ཡང་གཡག་ཁྲད་རྟུག་དྲི་ཉིལ་ལེ་དལ་བུས་ལས་བཞེངས་མི་ཐུབ་པའི་གྲྭ་རྒན་ཞིག་ཏུ་འདོད་ཐལ།  ཁྱོད་སོང་ཞིག་ཅེས་ང་མི་འགྲོ། །དོན་དེ་ལས་ཆེ་ཞིག་གཞན་ན་ཡོད།་་་་་་
ཨ་རོགས་བོན་དང་དགྱེས་རྡོར།།ཧ་ཅང་གྲུབ་མཐའ་སྨོད་ན།།
ཨ་མཆོད་གྲོང་ཆོག་པ་ངས།།ཧ་ལམ་རྔ་སྦུབ་རྡུང་རྒྱུ།།
ས་ཆེན་རྐང་པས་མནན་ནས།།ཤ་ཆེན་ཚིལ་མར་རྗེས་ལ།།
ལ་ཆེན་མ་བརྒལ་ཤུལ་མེད།།ར་ཆེན་བསད་པ་གྲངས་མེད།།
ཡ་མགལ་སོ་ཀྱོག་བར་ནས།།འ་ཆུང་པོ་ཏི་འདོན་བཞིན།།
ཟ་ཟིའི་སྣང་བ་ཕྲ་མོས།།ཞྭ་མོ་ཟུར་ལ་གྱོན་ནས།།
ཝ་མོ་འདུར་བའི་ཤུལ་ལ།།ཛ་དྲག་དྲག་སྔགས་བདོ་བཞིན།།
ཚ་ཚ་རྦོད་པ་དང་བཅས།།ཙ་རིའི་ཕར་བརྒྱབ་གཡུག་རྒྱུ།།
མ་རིག་འཁྲུལ་འཁོར་ཟེར་ནས།།བ་སོའི་ཕྲེང་བ་བཟུང་རུང་།།
ཕ་རྒོད་དམ་པའི་ཞལ་གདམས།།པ་པུར་བཞག་ན་ཨེ་འགྲིག།
ན་སོ་རྒས་ཀྱིན་རྒས་ཀྱིན།།ད་ནི་ཞེ་སྡང་ཇེ་ཆེ།།
ཐ་མལ་སྣང་ཞེན་བར་ནས།།ཏ་ཐ་ག་ཏ་བརྗེད་འདྲ།།
ཉྭ་སུག་རླུང་དང་འགྲོགས་ནས།།ཇ་ཁ་ཆང་ཁ་འགྲིམ་ནས།།
ཆ་ལུགས་ཆོས་གོས་འོག་ནས།།ཅ་ལག་ཡོད་ཚད་མ་སྟོན།།
ང་འདྲ་ཁྱེད་འདྲ་དག་ལ།།ག་ལེ་ཨ་མཆོད་ཟེར་ལས།།
ཁ་ནས་ཆེན་པོར་མ་འབོད།།ཀ་ཁའི་མགོ་རྔ་ཤེས་ཙམ།།
ཀ་ཁའི་མགོ་མཇུག་ལྡོག་ནས།།ཁ་ཚིག་བསོར་མོ་ཞིག་གིས།།
ག་ལེར་བོན་དང་དགྱེས་རྡོར།།ང་ཡིས་གྲོགས་སུ་བཀུག་ཆོག
ཅ་ལག་སྦོམ་པོ་མེད་ན།།ཆ་ལུགས་གྲུབ་རྟགས་ཅི་སྟོན།།
ཇ་ཡུན་གཅིག་གི་རིང་ལ།།ཉ་འདྲའི་བུ་མོས་གཡུག་འགྲོ།
ཏ་རིན་བླ་ཆེན་དག་ལ།།ཐ་མལ་བཙོ་ཞགས་མ་འཕེན།།
ད་ལྟའི་ཧམ་བཤད་དེ་དག།ན་རག་དམྱལ་བར་མི་འགྲོ།
པ་པོ་གཤིན་རྗེའི་རྒྱལ་བོ།།ཕ་རོལ་ཕྱོགས་ན་བཞུགས་སྐད།།
བ་གླང་མགོ་བོ་ཅན་པས།།མ་ལུས་ཞགས་པས་འཇུ་འགྲོ།
ཙ་ར་ཁྲིམས་སར་སླེབས་ན།།ཚ་གྲང་དམྱལ་ཁམས་འགྲིམ་དགོས།།
ཛ་ཡའི་གསུངས་བཞིན་མེད་ན།།ཝ་ཡི་སྤྱོད་པས་མི་ཕན།།
ཞྭ་མོ་དམར་པོ་གྱོན་ནས།།ཟ་སྒོ་གྲོང་ཆོག་ཉུལ་བར།།
འ་རྒ་ཟེར་ནས་འབོད་དུས།།ཡ་ཡ་ཟེར་ནས་རྒྱུགས་དགོས།།
ར་ལང་ཆ་ལང་སྤྱོད་པས།།ལ་མོར་ཕར་འཐེན་ཚུར་འཐེན།།
ཤ་རྐང་རུས་པ་རྡུང་ནས།།ས་སྟེང་རིས་མེད་མ་སྒྲོགས།།
ཧ་ཅང་རྩེད་མཚར་ཅན་པ།།ཨ་མདོ་ཡུལ་གྱི་དགེ་བས།།
ཨ་མཆོད་བོན་དང་རྡོ་རྗེར།།ཧ་ཅང་དགྱེས་ཕྱིར་སྤྲིངས་སོ།།
ཨ་མདོའི་ཨ་ལགས་ཟླ་མེད། །ཨ་མཚར་རྩེད་མོ་གསུངས་པ། །
ཨ་ཁ་བོན་དགྱེས་མི་ཤེས། །ཨ་ཁུ་དགྱེས་རྡོར་དགྱེས་ཐལ། །  འདིའི་འཕྲོ་གླུ་སྐུལ་རྡོ་རྗེའི་ཐོལ་གླུའི་གླེང་མོལ་མཆན་ཟིན་༢པར་གསལ།
·རྩོམ་ཡིག་གོང་མ:ཡར་དུང་གི་གཞས་གསར། ང་ཚོའི་ཁུར་པོ་གཅིག་ཡིན།
·རྩོམ་ཡིག་འོག་མ:གླུ་བསྐུལ་རྡོ་རྗེའི་ཐོལ་གླུའི་མཆན་ཟིན།༢
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གླུ་བསྐུལ་རྡོ་རྗེའི་ཐོལ་གླུའི་མཆན་ཟིན།༢ 2011/5/26 18:07:54
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 11:17:15 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:48:24 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:17:53 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS