ནམ་མཁའི་སྤྲིན་དཀར་བུ་མོ།།
བྲེལ་བྲེལ་བྱང་ལ་མ་གཤེགས།
བྱང་ཐང་ཁ་རྒྱ་ཆེ་ཡང༌།།
གྲང་ངར་འཁྱག་པའི་ཡུལ་རེད།།
ལྷགས་རླུང་བསིལ་བུའི་མདུང་རྩེས།།
གཟུགས་པོའི་མགོ་ལུས་རྐང་རྩེ།།
དུམ་བུ་བརྒྱ་ལ་གཏུབ་འགྲོ།
སོས་བདེ་གུ་ཡངས་ངང་ནས།།
རང་ཡུལ་ཕ་ས་ཕྱུག་མོ།།
སེམས་ཀྱིས་བདག་པོ་རྒྱོབ་དང༌།།
ལས་དང་བསོད་ནམས་དབང་གིས།།
བདེ་དགའི་ཉི་མ་ཤར་ཡོང༌།།
ནམ་མཁའི་སྤྲིན་དཀར་བུ་མོ།།
དག་ཞིང་འགྲོ་བའི་གསོས་སུ།།
སྦྲང་ཆར་བདུད་རྩི་ཕོབ་དང༌།།
དབྱར་གྱི་མཚོ་མོ་རྒྱས་ཡོང༌།།
ལ་ལུང་རྩི་དང་མེ་ཏོག།
ཞིང་ཐང་ལོ་ལེགས་སྐྱ་རྒྱས།།
བསོད་ནམས་ལྷ་ལ་འགྲན་ཆོག །
སོས་བདེ་གུ་ཡངས་ངང་གིས།།
རང་ཡུལ་ཕ་ས་ཕྱུག་མོ།།
སེམས་ཀྱིས་བདག་པོ་རྒྱོབ་དང༌།།
ལས་དང་བསོད་ནམས་དབང་གིས།།
བདེ་དགའི་ཉི་མ་ཤར་ཡོང༌།།
ནམ་མཁའི་སྤྲིན་དཀར་བུ་མོ།།
བདེ་བདེའི་གནས་འདིར་བཞུགས་དང༌།།
གཞུངས་རིང་བུ་དང་བུ་མོས།།
ཇི་སྲིད་མཆོད་པ་འབུལ་ཆོག།
དཀར་གཙང་བཀྲ་ཤིས་དར་དཔྱངས།།
མར་ཆུར་ཞོ་འོའི་གསེར་སྐྱེམས།།
ལྷ་ཤུག་བསང་རྒྱ་བཤམས་ཡོད།།
སོས་བདེ་གུ་ཡངས་ངང་གིས།།
རང་ཡུལ་ཕ་ས་ཕྱུག་མོ།།
སེམས་ཀྱིས་བདག་པོ་རྒྱོབ་དང༌།།
ལས་དང་བསོད་ནམས་དབང་གིས།།
བདེ་དགའི་ཉི་མ་ཤར་ཡོང༌།།