ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
 རྩོམ་ཡིག་ཀློག་པ།

ཙོང་ཁའི་སྲས་མོ། ངའི་མ་སྐྱེས་ཨ་མ།

  རྩོམ་པ་པོ:དན་ཏིག་བན་ཕྲུགཡོང་ཁུངས:མཚོ་གཟིགས་གྲངས:2186ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/7/8 16:42:29ཚོགས་ཡར་སྤྲོད:admin
ཙོང་ཁའི་སྲས་མོ།
ཕྱིར་དྲན་ཁྲོད་ཀྱི་ངའི་མ་སྐྱེས་ཨ་མར་ཕུལ་བ།
                                དན་ཏིག་བན་ཕྲུག  
ཤར་ཕྱོགས་སྤྲིན་པ་དཀར་བོ།།
ལྷོད་ཀྱི་ལྷོ་ལ་ལྡང་བྱུང་།།
མ་སྐྱེས་ཨ་མའི་ཞལ་རས།།
ཡིད་ལ་ཡང་ཡང་འཁོར་བྱུང་།།
ཉི་མ་ནུབ་ལ་བཞུད་དུས།།
མཚམས་སྤྲིན་དམར་པོའི་ཀློང་ནས།།
སྐད་སྙན་མ་སྐྱེས་ཨ་མས།།
གཞས་ཤིག་གྱེར་ན་དགའ་ཨང་།།
སྙིང་གི་མ་སྐྱེས་ཨ་མ།།
ངེས་མེད་གཞན་ཡུལ་འགྲིམས་སོང་།།
ཅང་མེད་ས་མཐའི་བུ་ལོ།།
སྡུག་དང་སྐྱོ་བའི་མནར་འགྲོ།།
ན་ནིང་དབྱར་ཁ་ཞིག་ལ།།
སྐད་སྙན་ལྷ་བྱ་ཁུ་ལོས།།
དུང་བའི་གཞས་ཤིག་གྱེར་བཞིན།།
རྒྱ་རྫོང་ནགས་ལ་སླེབས་བྱུང་།།
ད་ལོ་སྟོན་གྱི་དུས་སུ།།
རྒྱ་རྫོང་ནགས་ཀྱི་འཇོལ་མོས།།
གང་ཞིག་ཡིད་ལ་དྲན་བཞིན།།
མིག་མཐའ་མཆི་མའི་བརླན་ཐལ།།
འཇིག་རྟེན་མི་ཡིས་ཁམས་འདི།།
རྩེད་ཡུལ་དགོད་ཡུལ་ཡིན་ཡང་།།
མ་སྐྱེས་ཨ་མ་དྲན་ན།།
ཡིད་སེམས་སྐྱོ་བའི་མནར་འགྲོ།།
དཔྱིད་ཀྱི་བསིལ་རླུང་འཇམ་པོས།།
གདོང་ལ་རེག་རེག་བྱས་སོང།།
མ་སྐྱེས་ཨ་མའི་ལག་པས།།
རེག་པ་ཡིན་ན་བསམ་བྱུང་།།
དབྱར་གྱི་ལྷ་བྱ་ཁུ་ལོས།།
ལྷང་ལྷང་གསུང་སྙན་སྒྲོགས་བྱུང་།།
མ་སྐྱེས་ཨ་མའི་གྱེར་བའི།།
གཞས་ཤིག་ཡིན་ན་བསམ་བྱུང་།།
སྟོན་ཟླ་བརྒྱད་པའི་དུས་ཀྱི།།
བཅོ་ལྔའི་ལྷ་ཟླ་དཀར་བོ།།
བཞིན་མཛེས་མ་སྐྱེས་ཨ་མའི།།
ཞལ་རས་ཡིན་ན་བསམ་བྱུང་།།
དགུན་ཟླ་བཅུ་བའི་མཁའ་ནས།།
འབབ་པའི་ཁ་བ་དཀར་བོ།།
མ་སྐྱེས་ཨ་མའི་བཅངས་པའི།།
བརྩེ་བ་ཡིན་ན་བསམ་བྱུང་།།
འཇིག་རྟེན་ས་ཡི་ཁམས་འདི།།
འཇིག་པའི་དུས་ཤིག་ཡོད་ཀྱང་།།
ཁྱོད་ལ་བཅངས་པའི་བརྩེ་བ།།
འགྱུར་མེད་སེམས་ན་གནས་ཡོད།།
ཐོག་མར་སྙིང་གཏམ་བརྗོད་ཀྱང་།།
མཐའ་མར་དྲན་པའི་བཟི་བ།།
ལྷ་ཡི་བྱིན་བརླབས་མིན་ན།།
བདུད་ཀྱི་ཆོ་འཕྲུལ་ལོས་ཡིན།།
ཉི་མ་ནུབ་ལ་བཞུད་དུས།།
ཟླ་བ་མཁའ་ནས་ཤར་ཐལ།།
དྲན་པའི་སྙིང་གི་ཚིག་གསུམ་།།
ཟླ་བ་ལྷ་མོར་བསྐུར་ཡོད།།
དལ་འབབ་རྨ་ཀླུང་རིང་མོ།།
བཞུར་ནས་ཚར་རྒྱུ་ཡོད་ཀྱང་།།
ཁྱོད་རང་དྲན་པའི་མིག་ཆུ།།
བཞུར་ནས་ཚར་རྒྱུ་མི་འདུག།
མི་རྟག་དུས་ཀྱི་འཁོར་ལོ།།
འགྱུར་བའི་དུས་སྐབས་མགྱོགས་ཀྱང་།།
འགྱུར་མེད་བརྩེ་བའི་དམ་བཅའ།།
ནམ་ཡང་འགྱུར་རྒྱུ་མི་འདུག།
བདུ་རྩི་ཆང་གི་བཟི་ན།།
དུང་བའི་དུས་ཤིག་ཡོད་ཀྱང་།།
ལྷད་མེད་བརྩེ་བའི་བཟི་ན།།
དུང་བའི་དུས་ནི་མི་འདུག།
དུག་ལྡན་མེ་ཏོག་མཛེས་ཀྱང་།།
ལྷ་རྫས་བྱེད་མཁན་མི་འདུག།
ཁྱོད་ཀྱི་ཞལ་རས་མཛེས་བ།།
སུས་ཀྱང་འཕྲོག་ནི་མ་ནུས།།
བཅོ་ལྔའི་དུང་ཟླ་དཀར་བོ།།
དྭངས་གསལ་མེ་ལོང་ཡིན་ན།།
ནགས་ཕྱོགས་རི་བོང་འཛིན་པ།།
ཁྱོད་ཀྱི་གཟུགས་བརྙན་ཨེ་ཡིན།།
འཁོར་བ་སྡུག་གི་མཚོ་མོར།།
བརྩེ་བའི་ཉ་མོ་རང་འཁོར།།
ལྷན་ཅིག་འཛོམས་པའི་དུས་ལ།།
འཁྱུག་རྩལ་བྱེད་འདི་སྐྱིད་ཨང་།།
ལྷད་མེད་བརྩེ་བའི་ཞིང་ན།།
གཞོན་ནུ་ཕོ་མོ་རང་རྩེན།།
ལྷང་ལྷང་དགོད་སྒྲའི་བར་ནས།།
སྙིང་གཏམ་བརྗོད་འདི་སྐྱིད་ཨང་།།
དོ་ནུབ་མཁའ་མཁའི་དབྱིངས་ནས།།
འབབ་པའི་སྦྲང་ཆར་ཟིལ་མ།།
མ་སྐྱེས་ཨ་མའི་མིག་ནས།།
བཞུར་བའི་སྤྱན་ཆབ་ཨེ་ཡིན།།
ཟླུམ་གཟུགས་ས་ཡི་ཁམས་འདི།།
འཇིགས་པའི་བསྐལ་བ་མཆིས་ཀྱང་།།
བརྩེ་དུང་རྡོ་ཡི་གོར་མོ།།
གས་ཆག་ཤོར་རྒྱུ་མི་འདུག།
གྱང་ཁའི་རྩ་ཡི་ཉག་མ།།
འཁོར་ཕྱོགས་རླུང་ལ་བཅོལ་ཡང་།།
ནང་སེམས་སྤྲིན་པ་དཀར་བོ།།
ནམ་ཡང་ཁྱོད་ལ་འཁོར་ཡོད།།
མཚོ་ཆེན་ཁྲི་ཤོར་རྒྱལ་མོ།།
ཡ་ཆུང་སེམས་པ་ཡིན་ན།།
མཚོ་སྙིང་མ་ཧཱ་དེ་ཝ།།
སྙིང་གི་དྲན་ཤིང་ཁྱོད་ཡིན།།
ལུས་ལ་གྲི་ཡིས་བསྣུམ་ན།།
དམར་བོ་ཁྲག་ནི་བཞུར་ཀྱང་།།
སྙིང་གི་རྨ་ཁའི་གསང་ནས།།
བཞུར་བའི་ཁྲག་ནི་མ་མཐོང་།།
དངུལ་གྱི་མཚོ་མོ་སྟེང་ལ།།
གསེར་གྱི་ཉ་མོ་འཁོར་རུང་།།
བརྩེ་བའི་ཕོ་བྲང་ནང་ན།།
མ་སྐྱེས་ཨ་མ་མི་འདུག།
ང་རང་འཚོ་སའི་གཞིས་ཁྱིམ།།
སྨུག་པོ་ལྡོང་གི་ཡུལ་ཡིན།།
ཁྱོད་རང་དྲན་པའི་འཕྲིན་པ།།
ཞི་བདེ་ལྷ་བྱར་བསྐུར་ཡོད།།
རྒྱ་སྡེ་བརྒྱུད་ལམ་ཉུལ་དུས།།
དགའ་བའི་གྲོགས་ནི་མ་ཡོད།།
མ་སྐྱེས་ཨ་མ་དྲན་ན།།
ཡིད་སེམས་བཟོད་ཐབས་མི་འདུག།
ད་ནངས་མོན་ནས་སླེབས་པའི།།
སྐད་སྙན་ལྷ་བྱ་ཁུ་ལོའི།།
སྙན་པའི་གསུངས་དབྱངས་ཐོས་ན༎
ཡིད་སེམས་གདུང་བའི་མནར་འགྲོ།།
འཁོར་བ་དམྱལ་བའི་ཁམས་ན།།
སྐྱིད་པའི་དུས་ནི་མི་འདུག།
ང་དང་མ་སྐྱེས་ཨ་མ།།
འཛོམས་པའི་དུས་ཤིག་མི་གདའ།།
ཁ་སང་ཉི་མའི་གྲོང་གི།།
མ་སྐྱེས་ཨ་མ་ངེད་གཉིས།།
མཛེས་པའི་རྩྭ་ཐང་སྟེང་ནས།།
སྙིང་གཏམ་བརྗོད་འདི་སྐྱིད་ཨང་།།
དོ་ནུབ་ཟླ་འོད་འོག་གི།།
གྲོགས་མེད་ཁེར་འདུག་བུ་ལོས།།
མ་སྐྱེས་ཨ་མ་དྲན་ན།།
མིག་མཐའ་མཆི་མའི་བརླན་འགྲོ།།
སྐྱིད་པའི་སྡེ་གྲོང་སྐྱ་བོ།།
ཆུང་འདྲིས་རྩེད་ར་ཆུང་ཆུང་།།
སྙིང་སྡུག་སེམས་ཀྱི་བུ་མོ།།
དུང་བའི་སྙིང་གཏམ་བརྗོད་ས།།
དབྱར་ཟླ་དྲུག་པའི་རྩེད་ར།།
སྙན་མོ་གཞས་ཆུང་འཁོར་ས།།
མ་སྐྱེས་ཨ་མའི་གྱེར་བའི།།
གཞས་ནི་ཐོས་རྒྱུ་མི་འདུག།
ལོ་དང་ཟླ་བའི་འཁོར་བསྐྱོད།།
གཙང་བའི་རྒྱུན་དང་འདྲེས་སོང་།།
མ་སྐྱེས་ཨ་མའི་ཞལ་འཛུམ།།
སེམས་ནས་ཡལ་རྒྱུ་མི་འདུག།
ཕྱིར་དྲན་དུང་བའི་བཞུ་མོ།།
སེམས་ཀྱི་ཟབ་སར་བཀུག་ན།།
སྙིང་གཏམ་ལྕགས་ཀྱི་མདའ་མོ།།
ཞེན་དང་བསམས་པར་ཕོག་གི།།
ཁ་བའི་འདབ་མ་དཀར་བོ།།
ང་ཡི་སེམས་ལ་བབས་བྱུང་།།
མ་སྐྱེས་ཨ་མའི་བསྐུར་བའི།།
སེམས་འཕྲིན་ཡིན་ན་བསམས་བྱུང་༎
སྦྲང་ཆར་ཟིལ་མའི་དངོས་གྲུབ།།
ང་ཡིས་སེམས་ལ་གཏོར་བྱུང་།།
མ་སྐྱེས་ཨ་མའི་བཞུར་བའི།།
མིག་ཆུ་ཡིན་ན་བསམ་བྱུང་།།
རྒྱ་རྫོང་ནགས་ཀྱི་ཁུ་བྱུག།
གསུང་སྙན་སྟོང་གི་བདག་མོ།།
སྙིང་སྡུག་མ་སྐྱེས་ཨ་མ།།
ཡ་ཆུང་སེམས་ཀྱི་དྲན་ཤིང་།།
འགྱུར་མེད་སྙིང་གི་དམ་བཅའ།།
སེམས་ཀྱི་རི་མོར་བྲིས་ཡོད།།
ནང་སེམས་མཐུན་པའི་བརྩེ་བ།།
མ་སྐྱེས་ཨ་མར་བཅངས་ཡོད།།
དོ་ནུབ་ཟླ་བའི་འོད་དཀར༎
ནམ་རྒྱུན་ལས་ཀྱང་གསལ་ཡང་༎
དྲན་གདུང་སེམས་ཀྱི་མུན་པར༎
འོད་སྣང་གསལ་རྒྱུ་མི་འདུག།
ལྷན་གཅིག་འཛོམས་པའི་དུས་ལ༎
སྙིང་གཏམ་བརྗོད་རྒྱུ་མ་བྱུང་།།
སོ་སོར་གྱེས་བའི་ཉིན་མོར།།
སྙིང་གཏམ་སེམས་ན་ཉར་ཡོད།།
མཛེས་བའི་སྤང་ལྗོངས་སྔོན་མོར།།
རབ་མཛེས་མེ་ཏོག་འཁྲུང་སོང་༎
མ་སྐྱེས་ཨ་མའི་བདག་ལ༎
གནངས་པའི་ལེགས་སྐྱེས་ཨེ་ཡིན།།
ཐུར་ཏུ་དཔྱངས་པའི་ལྕང་ལོ།།
རླུང་བུའི་ལྷབ་ལྷུབ་གཡོ་འདི།།
སྙིང་གི་མ་སྐྱེས་ཨ་མའི༎
རིང་བའི་སྐྲ་ལོ་ཨེ་ཡིན།།
རྟ་ནོར་ལུག་གི་འབའ་སྒྲས།།
རི་ལུང་ཐང་གསུམ་ཁྱབ་ཀྱང་༎
ལུག་རྫི་མ་སྐྱེས་ཨ་མ།།
རྗེས་ན་མཐོང་རྒྱུ་མི་འདུག༎
ཉི་ནུབ་སྲོད་ཀྱི་དུས་སུ།།
ཙོང་ཁའི་རི་རྒྱུད་ཉུལ་བའི།།
གྲོགས་མེད་ཁེར་རྐྱང་བུ་ངས།།
སྙིང་སྡུག་སེམས་ནས་དྲན་བྱུང་༎
ཟླ་འོད་མག་མོག་ཁྲོད་ནས༎
གར་འགྲོ་རང་དབང་བྲལ་བའི།།
ཅང་མེད་འཁྱམ་པོའི་བུ་ངས།།
མ་སྐྱེས་ཨ་མ་དྲན་བྱུང་།།
དྲོད་འཇམ་ཉི་འོད་ཀློང་གི༎
སྤང་ལྗོངས་སྔོན་མོའི་སྟེང་ན།།
རྫི་གླུ་དབྱངས་ལ་འགུག་པ།།
ང་ཡི་སྙིང་སྡུག་ཨེ་ཡིན།།
ཕྱིར་དྲན་ལོ་ཟླའི་ཀློང་ནས༎
མ་སྐྱེས་ཨ་མ་དྲན་བྱུང་།།
དྲན་པའི་མིག་ཆུའི་བཞུར་རྒྱུན།།
རྨ་ཀླུང་རིང་མོར་འདྲེས་ཡོད།།
སྡེ་གྲོང་སྐྱ་བོའི་ན་ཟླ།།
དགའ་སྐྱིད་དཔལ་ལ་རོལ་ཀྱང་།།
གཟུགས་མཛེས་མ་སྐྱེས་ཨ་མ༎
གྲས་སུ་མཐོང་རྒྱུ་མི་འདུག།
ཨ་སྔོན་མཐོན་པོའི་དབྱིངས་ན།།
ལམ་ལམ་འཚེར་བའི་རྒྱུ་སྐར༎
མ་སྐྱེས་ཨ་མའི་བསྟན་པའི༎
མིག་བརྡ་ཡིན་ན་བསམ་བྱུང་།།
སྲ་མཁྲེགས་བྲག་གི་རི་བོ།།
གནམ་ལྕགས་ཐོག་མདའི་བཤིགས་སོང་།།
འགྱུར་མེད་སྙིང་གི་བརྩེ་བ།།
གས་ཆག་ཤོར་རྒྱུ་མི་འདུག།།
འདང་ཆེན་རྩེད་རོགས་ལོ་ལོར།།
མ་ཐུག་ཡུན་རིང་འགོར་སོང་།།
དྲན་པའི་བཟི་བའི་བུ་ལོས།།
མིག་ཆུ་ས་ལ་འཐོར་བྱུང་།།
ནུབ་བཞུད་ཉི་མའི་འོག་གི༎
དགོ་དགོ་བཞོ་དབྱངས་གྱེར་བའི།།
སྡེ་ཆེན་མ་སྲུ་མཐོང་ན།།
སྙིང་སྡུག་སྙིང་ནས་དྲན་གི༎
རྫ་རི་སྨུག་པོའི་ཁྲོད་ནས།།
སིང་སིང་གཞས་ཤིག་གྲགས་བྱུང་།།
སྐད་སྙན་མ་སྐྱེས་ཨ་མའི།།
གྱེར་བའི་གཞས་ནི་ཨེ་ཡིན།།
སྨག་རུམ་སྟུག་པོའི་མཚན་མོར།།
རླུང་ཆེན་འུར་འུར་ལྡིང་བྱུང་།།
ཉམ་ཆུང་སྨྱུག་འཛིན་བུ་ལོས།།
མ་སྐྱེས་ཨ་མ་དྲན་བྱུང་།།
འདུས་བའི་མཐའ་མ་བྲལ་བ།།
འཁོར་བའི་ཆོས་ཉིད་ཡིན་ཀྱང་།།
དགའ་བའི་མི་དང་བྲལ་བ།།
ཡ་ཆུང་སེམས་ཀྱི་སྡུག་བསྔལ།།
གང་ཞིག་ས་མཐའ་འགྲིམ་དུས།།
གང་གིས་གཟུགས་པོ་མ་མཐོང་།།
གང་ནས་གྱེར་བའི་གཞས་དེས།།
གང་དེའི་ཡིད་སེམས་བཀུག་བྱུང་།།
བུ་ངའི་སེམས་ཀྱི་བདག་མོ།།
སྙིང་སྡུག་མ་སྐྱེས་ཨ་མར།།
བརྩེ་བའི་ཞིང་ཁམས་འདི་ནས།།
ལྷན་གཅིག་འཛོམས་ན་དགའ་ཨང་།།
སྡུག་གི་མཚོ་མོར་བརྗོད་པས།།
འཇིག་རྟེན་འཁོར་བ་འདི་ན།།
ང་དང་དགའ་མའི་བརྩེ་བར།།
རང་དབང་མེད་འདི་སྐྱོ་ཨང་།།
ལྷུང་ལྷུང་རྨ་ཀླུང་སྔོན་མོ།།
ཟབ་ཟབ་རྒྱ་མཚོར་འདྲེས་ཐལ།།
སྐྱོ་སྐྱོ་མིག་ཆུའི་ཕྲེང་བ།།
ཁྲོམ་ཁྲོམ་ས་ལ་བཞུར་བྱུང་།།
ཞལ་མཛེས་སྙིང་སྡུག་བུ་མོར།།
མ་ཐུག་ཡུན་རིང་འགོར་སོང་།།
ཅང་མེད་ཁེར་འདུག་བུ་ལོ།།
ཡིད་སེམས་དྲན་པའི་བཟི་ཐལ།།
རྒྱ་ལྕང་ལོ་མའི་སྟེང་ནས།།
བྱིའུས་གསུང་སྐད་སྒྲོགས་བྱུང་།།
མ་སྐྱེས་ཨ་མའི་བདག་ལ།།
བསྐུར་བའི་སྙིང་གཏམ་ཨེ་ཡིན།།
མ་སྐྱེས་ཨ་མ་དྲན་ནས༎
དྲན་པ་ཆང་གི་གསོས་ཡང་།།
བཏུང་བའི་བཟི་ཁའི་ཁྲོད་ནས།།
གསང་གཏམ་ཕྱི་ལ་ཤོར་ཐལ།།
རྫ་མགོར་སྤྲིན་པ་འཁོར་དུས།།
རྫ་འདབས་སྨུག་པའི་གཡོག་ཐལ།།
རྫ་རིའི་ཁྲོད་ཀྱི་བུ་ལོ།།
སེམས་པ་སྐྱོ་བའི་མནར་ཐལ།།
ཨ་ཅེ་ཟླ་བ་བ་ལྷ་མོ།།
མཛེས་བའི་གར་ལ་རོལ་ཐལ།།
དཀར་གསལ་ཟླ་འོད་འོག་གིས།།
བུ་ལོས་སྙིང་སྡུག་དྲན་བྱུང་།།
ཡ་གིའི་རི་གསུམ་རྩེ་ནས༎
སྙན་པའི་གཞས་ཤིག་གྱེར་ཐལ༎
ཅང་མེད་ས་མཐའི་བུ་ལོས།།
མ་སྐྱེས་ཨ་མ་དྲན་ཐལ།།
རབ་བརྗིད་གངས་རི་དཀར་པོ།།
ཉི་འོད་དྲོན་མོའི་ཞུ་ཐལ།།
ཞལ་མཛེས་མ་སྐྱེས་ཨ་མ།།
ཉམས་ཆུང་བུ་ལོར་བྲལ་ཐལ།།
དགུང་གི་ཟླ་བ་ཁེར་འགྲོ།།
སྤྲིན་པ་ལེབ་མོའི་གཡོག་ཐལ།།
དྲན་གདུང་ཡིད་ཀྱི་མཚོ་མོར།།
སྡུག་གི་སྨུག་སྤྲིན་འཐིབ་ཐལ།།
ས་གཞི་པད་མའི་སྟེང་ལ༎
བརྩེ་བའི་མེ་ཏོག་འཁྲུངས་ཀྱང་༎
ང་དང་དགའ་མའི་བརྩེ་བ།།
སད་དང་སེར་བས་བཅོམ་ཐལ༎
ཚ་གདུགས་ཉི་འོད་ཀློང་གི།།
ཞེན་ཆགས་ཅང་མེད་བུ་ལོས༎
མ་སྐྱེས་ཨ་མ་དྲན་ན༎
ལུས་པོ་ཁོག་འདར་རྒྱག་གི༎
ཟླ་འོད་མེད་པའི་དོ་ནུབ༎
རླུང་བུས་སྒོ་མོ་ཕྱེ་བྱུང་༎
སྙིང་སྡུག་མ་སྐྱེས་ཨ་མས༎
ཕྱེ་བའི་སྒོ་ནི་ཨེ་ཡིན༎
ཉི་འོད་མེད་པའི་སྔ་དྲོར།།
གཞིས་ཁྱིམ་དྲོན་མོ་ནང་ནས༎
དུ་བ་རྐང་གཅིག་རྔུབ་དུས༎
མ་སྐྱེས་ཨ་མ་དྲན་བྱུང་༎
སྤང་ལྗོངས་སྔོན་མོའི་སྟེང་ན༎
སེར་ཆེན་མེ་ཏོག་མི་འདུག།
ང་རང་འཚོ་སའི་ཡུལ་ན༎
མ་སྐྱེས་ཨ་མ་མི་འདུག།
ཕྱི་རོལ་རླུང་ཆེན་གཡུག་དུས།།
ཁྱིམ་ན་དྲོད་ཁོལ་མི་འདུག།
མ་སྐྱེས་ཨ་མ་དྲན་ནས༎
སེམས་པ་འཁྱག་གི་བསྡམ་ཐལ༎
སྙིང་སྡུག་མ་སྐྱེས་ཨ་མ།།
མ་དག་སེམས་ནང་ནོར་བུ༎
བུ་མོ་གཞན་ཡུལ་འགྲིམ་ན༎
ན་ཆུང་ཡིད་སེམས་སྐྱོ་གི༎
རྒྱ་སྡེའི་སྟོང་སྐོར་ཡུལ་འདི༎
སེམས་མཐུན་སྙིང་གཏམ་བརྗོད་ས༎
ཅང་མེད་ཁེར་རྐྱང་བུ་ལོས༎
དྲན་པའི་མིག་ཆུ་ཐོར་ཐལ༎
སྙིང་སྡུག་མ་སྐྱེས་ཨ་མ༎
གསང་བའི་སྙིང་གཏམ་བརྗོད་ས༎
གནས་སའི་ཁ་ཐག་རིང་ཡང་༎
སེམས་དང་བསམ་པ་འདྲེས་ཡོད༎
མཐོན་པོ་བྲག་རིའི་རྩེ་ནས༎
སྤྲིན་ནག་ལང་ལོང་འཁྲིགས་བྱུང་༎
ཤག་ཤག་ཆར་བའི་ཁྲོད་ཀྱིས༎
བུ་ལོ་རྫ་ནས་ལུས་ཐལ།།
འཇིག་རྟེན་ས་ཡིས་ཁམས་ལ༎
མི་འགྱུར་བརྩེ་བ་དར་ཀྱང་༎
སྣང་མཐུན་དགའ་བའི་མི་ལ༎
བྲལ་དགོས་བྱུང་ན་སྐྱོ་ཨང་༎
ད་ནངས་ཉི་མ་ཤར་དུས༎
སྐྱ་ཀ་ཁྲ་མོ་གྲགས་བྱུང་༎
མ་སྐྱེས་ཨ་མ་ཡུལ་འདིར༎
སླེབས་པའི་སྔོན་བརྡ་ཨེ་ཡིན༎
ལོ་ཟླའི་འཁོར་བསྐྱོད་ཀློང་ནས༎
མ་སྐྱེས་ཨ་མར་བྲལ་ཡང་༎
ལྷང་ལྷང་དགོད་སྒྲ་སྙན་མོ༎
སྡེ་ཆེན་གྲོང་ནས་ལུས་ཐལ༎
སྙིང་གཏམ་བཤད་འདོད་ཡོད་དུས༎
མ་སྐྱེས་ཨ་མ་མི་འདུག།
སེམས་གཏམ་ཡིག་ངོར་ཕབ་ཀྱང་༎
སུ་ལ་བསྐུར་དགོས་མི་ཤེས༎
དོ་ནུབ་ང་ཡི་སེམས་ཀྱི༎
འཇིག་རྟེན་ཁྱོད་ཀྱི་འཁྱེར་ཡང་༎
དོན་ཀྱི་ས་ཡིས་ཁམས་འདི༎
སུས་ཀྱང་འཁྱེར་རྒྱུ་མི་འདུག།
བལ་གྱི་ཁ་ཆུ་འཇམ་ཡང་༎
སྲང་གི་ཚོང་རྫས་ཙམ་ཡིན༎
ཁྱོད་ཀྱི་གཤིས་རྒྱུད་འཇམ་པ༎
ཡ་རབས་བུ་མོའི་རྒྱན་ཡིན༎
ལོ་དང་ཟླ་བའི་འཕོ་འགྱུར༎
སྟོན་གྱི་ནམ་ཟླ་འཁྲིགས་འཁྲིགས༎
ང་དང་དགའ་མའི་དམ་བཅའ༎
མི་འགྱུར་སེམས་ན་གནས་ཡོད༎
ནང་སེམས་ཆོན་རྐུན་འདྲ་བོ༎
རྐང་འཇབ་ལག་འཇབ་ངང་དུ༎
དྲན་པའི་སྨུག་སྤྲིན་ཀློང་ནས༎
དགའ་ལོའི་ཕྱོགས་ལ་ཆས་ཐལ༎
མདང་གི་རྨི་ལམ་ཞིང་ནས༎
མ་སྐྱེས་ཨ་མར་མཇལ་ཡང་༎
ད་ནངས་ཉི་ཤར་རྩེ་ལ༎
མ་སྐྱེས་ཨ་མ་མི་འདུག།
ཞེན་ཆགས་བུ་ལོའི་སེམས་པ༎
མ་སྐྱེས་ཨ་མར་འཁོར་ཡང་།།
དྲན་གདུང་ཡིད་ཀྱི་མཚོ་མོར༎
གསང་བའི་སྙིང་གཏམ་སྦས་ཡོད༎
མ་སྐྱེས་ཨ་མ་དྲན་ནས༎
རི་གསུམ་རྩེ་མོ་བསྙེགས་ཡོད༎
རྒྱང་རིང་ཕྱོགས་ལ་བལྟ་དུས༎
ལང་ལོང་སྨུག་སྤྲིན་འཐིབ་འདུག།
སེམས་མཐུན་མ་སྐྱེས་ཨ་མར༎
གསེར་དངུལ་རྒྱན་ཆ་མེད་ཀྱང་༎
ལྷད་མེད་གཤིས་རྒྱུད་འཇམ་པོས༎
ང་ཡི་ཡིད་སེམས་བཀུག་འགྲོ༎
རི་དང་གཙང་བོ་བརྒལ་དུས༎
ལུས་པོ་ཨ་ཐང་ཆད་འགྲོ༎
མ་སྐྱེས་ཨ་མ་དྲན་ན༎
ཡིད་སེམས་ཆད་རྒྱུ་མི་འདུག།
ཡིད་མཐུན་སྙིང་གི་བུ་མོ༎
ཡ་ཆུང་སེམས་ཀྱི་དྲན་ཤིང་༎
བྲལ་བའི་ལོ་ཟླའི་ཀློང་ན༎
བུ་ལོ་གདུང་བའི་མནར་ཡོད༎
དོ་ནུབ་མུན་པའི་ཀློང་ན༎
ཟླ་བའི་འོད་སྣང་མི་འདུག།
མག་མོག་འཁོར་བའི་ཀློང་ནས༎
བུ་ངས་སྙིང་སྡུག་དྲན་བྱུང་༎
བརྩེ་བའི་ཁ་སེམས་མཐུན་ས༎
སྙིང་གི་དགའ་ས་ཁྱོད་ཡིན༎
ཕྱིར་དྲན་ལོ་ཟླའི་ཀློང་ནས༎
ཕྱིར་མིག་ཁྱོད་ལ་འཕང་ཡོད༎
མ་ཡེ་སྙིང་གི་དགའ་མ༎
ཞལ་མཛེས་སེམས་ཀྱི་བདག་མོ༎
སྒྱུ་མའི་རྨི་ལམ་ཞིང་ནས༎
ང་ལ་འཛུམ་ཞིག་སྟོན་རོགས༎
ཀྱེ་མ་སྣང་མཐུན་མཛའ་མོ༎
ཡིད་འཕྲོག་མ་སྐྱེས་ཨ་མ༎
སྐྱིད་པོ་སྡེ་ཆེན་གྲོང་ནས༎
ང་ལ་ལན་གཅིག་མཇལ་རོགས༎
ཆེན་པོ་ས་ཡིས་ཁམས་ལ༎
རང་དབང་བརྩེ་དུང་དར་ཤོག།
གཞོན་ནུ་ཕོ་མོའི་བརྩེ་བ།།
བར་ཆད་མེད་པའི་སྨོན་ལམ༎
ཁ་བ་གངས་རིའི་ལྗོངས་འདིའི༎
ན་གཞོན་བུ་དང་བུ་མོའི༎
མི་འགྱུར་བརྩེ་བ་རིང་མོ༎
བསྐལ་བརྒྱའི་བར་ཏུ་བརྟན་ཤོག།
གཅིག་སེམས་གཅིག་ལ་མཐུན་པས༎
ང་དང་མ་སྐྱེས་ཨ་མ༎
སྐྱིད་པོ་སྡེ་ཆེན་གྲོང་ནས༎
ལྷན་ཏུ་འཛོམས་པའི་སྨོན་ལམ༎
·རྩོམ་ཡིག་གོང་མ:ཨེ་ཝྃ་རྡོ་རྗེ་དང་ཧྰུྃ་བྷྲྰུྃ་གྱི་འཁྲུངས་སྐར་ལ་བཀྲ་ཤིས་ཞུ།
·རྩོམ་ཡིག་འོག་མ:ཀརྨ་པ་ཞྭ་དམར་པའི་ཞབས་བརྟན། །
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྣ་འཛོམས་དམངས་གཞས། 2015/4/18 11:12:04
·རྟ་གཡག་ལུག་གསུམ་གྱི་གཏམ་རྒྱུད། 2014/4/18 10:54:55
·མཛའ་གླུ། 2013/4/17 16:10:17
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༤ 2012/9/26 22:09:46
·ཆབ་མདོའི་དམངས་ཁྲོད་ཀྱི་གླུ།༣ 2012/9/17 20:59:09
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 3:22:56 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:14:17 [来自: 112.5.248.152]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:14:15 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS