ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

སེམས་ཁྲལ་ལྷག་མའི་སྐད་ཆ།

  རྩོམ་པ་པོ:མྱི་བུ།ཡོང་ཁུངས:དྲ་ཐོགགཟིགས་གྲངས:1859ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/9/3 9:27:25ཚོགས་ཡར་སྤྲོད:admin

སེམས་ཁྲལ་ལྷག་མའི་སྐད་ཆ། 

མྱི་བུ།
    ཉེ་བའི་ལོ་འདི་འགའི་རིང་ལ་ཁམས་ཕྱོགས་ཀྱི་ཡུལ་བྱེ་བྲག་པ་འགའ་རེ་དང་ལྷག་ཏུ་དཀར་མཛེས་རྫོང་གི་སློབ་གསོའི་ཁོར་ཡུག་གི་ཁྲོད་ན་འདི་འདྲའི་སེམས་ཁྲལ་ལྷག་མའི་སྐད་ཆ་ཞིག་སྐྱི་བསེར་རླུང་བུ་དང་འགྲོགས་ནས་རྒྱུ་བཞིན་འདུག་ཅིང་། ར་མདའ་མེད་པའི་སྐད་ཆ་ལྷག་མ་དེ་ནི་འདི་ལྟ་སྟེ། དཀར་མཛེས་རྫོང་མཁར་ཉག་རོང་རོ་༼ཉག་རོང་རྫོང་ནས་ཡིན་པའི་མི་མང་པོས་དཀར་མཛེས་རྫོང་མཁར་ན་ཁང་བ་སོགས་ཉོས་ཏེ་གཞིས་ཆགས་ཡོད་པ་དག་ལ་གོ༽ཡིས་བཀང་ཐལ་ཞེས་དང་། ཡང་དཀར་མཛེས་སློབ་གྲྭར་མཚོ་སྔོན་རོ་༼དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དང་། ཁམས་བྱང་མཐོ་རིམ་སློབ་གྲྭ་སོགས་སུ་མཚོ་སྔོན་ནས་ཡིན་པའི་དགེ་རྒན་མང་པོ་ཡོད་པ་དག་ལ་གོ༽ཡིས་བཟུང་ཐལ་ཞེས་པའི་སྐད་ཆ་འདི་རིགས་བཤད་མཁན་དག་རེད། སྐད་ཆ་འདི་རིགས་བཤད་མཁན་གྱི་མི་དག་ནི་དཀར་མཛེས་རང་ས་ཡི་དགེ་རྒན་འགའ་རེ་༼གོང་གི་སློབ་གྲྭ་དེ་གཉིས་ན་སྐད་ཆ་འདི་ལྟ་བུ་བཤད་མཁན་མང་པོ་ཡོད༽དང་ལྷག་ཏུ་ས་གནས་འདིའི་ཤེས་ལྡན་པ་ཡིན་མདོག་སྟོན་མཁན་དག་རེད། ཡིན་ནའང་གོང་གི་སྐད་ཆ་དེ་རིགས་བཤད་མཁན་གྱི་མི་རྣམས་ཀྱིས་ཚབས་ཤིན་ཏུ་ཆེ་ཞིང་བསམ་བློ་ཞིག་མི་གཏོང་རང་གཏོང་གི་གནད་ཀ་ཞིག་ཧ་གོ་གི་མེད་པ་ཤ་སྟག་རེད། སྐད་ཆ་འདི་རིགས་བཤད་མཁན་གྱི་ནང་ན་བླུན་པོ་ཆུ་སྣ་གར་ཁྲིད་ཅན་དང་། རི་བོང་ཅལ་འདྲོགས་པ། ཡང་ན་ཁྱི་རྒན་གྱིས་ཤེས་ནས་ཟུག་ན་ཁྱི་ཕྲུག་གིས་མ་ཤེས་པར་ཟུག་མཁན་གྱི་ངོ་དགའ་སྤྲེལ་ལད་ཅན་ཡང་ཤིན་ཏུ་མང་པོ་ཞིག་མངའ། སྤྱིར་ན་རིགས་གཅིག་གི་སྤུན་ཟླ་ལ་འདི་ཁམས་པ་དང་། གན་དབུས་གཙང་པ། དེ་ཨ་མདོ་པ་ཞེས་ལོགས་སུ་བཀར་རྒྱུ་ཞིག་དང་སོ་སོར་དབྱེ་རྒྱུ་ཞིག མཐོ་སར་བཞག་ནས་ཐོད་པས་གཏུག་རྒྱུ་ཞིག་དང་དམའ་སར་གཡུག་ནས་རྡོག་པས་བརྫི་རྒྱུ་ཞིག་ཏུ་གཏན་ནས་མི་འོས་མོད། ཡིན་ནའང་ཨ་མ་མ་གཏོགས་ངོ་མ་མཐོང་ཞིང་ཐབ་ཀ་མ་གཏོགས་བྲག་མ་རིག་པའི་ཕྱི་རྫིག་རྫིག་དང་ཁོག་སྟོང་སྟོང་གི་བསམ་བློའི་གོ་རྟོགས་དམའ་ཞིང་རིག་གནས་ཀྱི་ཆུ་ཚད་ཞན་པ། ཡིན་མིན་དཔྱོད་པའི་ཤེས་རབ་དང་བྲལ་ལ། བདེན་པ་བརྩི་བའི་མི་གཞི་ཡང་མེད་པ། གཟུ་བོར་གནས་པའི་སྤོབས་པ་སོགས་དང་བྲལ་པས་མི་དེའི་རིགས་ལ་མཚོན་ན་རིགས་རུས་དང་ས་ཕྱོགས་འཐེན་རྒྱུ་ནི་བཅོས་ཐབས་མེད་པའི་ནད་རྙིང་ཞིག་ཅི་ལ་མིན་ཨང་། བཅོས་ཐབས་མེད་ཅིང་རྙིང་ཞེན་དང་མཁྲེགས་འཛིན། བློ་དོག་དང་མིག་ཐུང་། ཀླད་རྙིང་དང་ནད་རྙིང་ཅན་གྱི་མི་དེའི་རིགས་ ༼དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དང་། ཁམས་བྱང་མཐོ་རིམ་སློབ་གྲྭ་གཉིས་སུ་མང་པོ་མཐོང་རྒྱུ་ཡོོད༽ནི་སྤྱི་ཚོགས་སྟེང་དུ་ཆེས་བྲིན་པའི་རྒྱུག་ཁྱི་དག་རེད། ཏག་ཏག་མི་དེ་རྣམས་ནི་མི་རིགས་སློབ་གསོ་དང་ལ་རྒྱ་ཁོག་དཔུང་སོགས་ཁ་ནས་གླེང་མཁན་ཁོ་ན་ཡིན་ཏེ། དོན་གྱིས་རང་དོན་འབའ་ཞིག་ལས་དྲན་རྒྱུ་ཅི་ཡང་མེད་པའི་ཧམ་པ་ཅན་གྱི་སྤྱང་ཁུ་དང་། སྤྱི་ཚོགས་འདི་ཡི་གད་སྙིགས། མི་རིགས་སློབ་གསོའི་ནག་ཉེས་པ། སྒང་བ་བོད་ཀྱི་ཞབས་འདྲེན་ཏེ་དགེ་རྒན་ཞེས་པའི་མཚན་ཉིད་དང་ཡོངས་སུ་བྲལ་བའི་སྡིག་རྒན་རང་རེད། ལ་རྒྱ་ཞེས་པ་ནི་ཁ་ནས་བརྗོད་རྒྱུ་ཞིག་མིན་པར་རུས་པའི་གཏིང་ལ་ཟུག་དགོས་པ་དང་རྩའི་སྦུབས་ལམ་ནས་བར་མེད་དུ་རྒྱུ་དགོས་པ་ཞིག་ཡིན་པར་འདོད།༼ན་གཞོན་དཔྱད་བརྗོད་པ་མེ་ལྕེའི་ཚིག༽གལ་ཏེ་འཛམ་གླིང་འགྱུར་ལྡོག་གི་གནས་བབ་དང་ཕྱི་ནང་རིག་གནས་ཀྱི་འཕེལ་ཕྱོགས་མཁྱེན་པ་དང་། བོད་པའི་སྤྱི་ཚོགས་སུ་རུལ་སུངས་ཀྱི་སྣང་ཚུལ་དང་བཀག་སྐྱིལ་གྱི་ལམ་ལུགས་དངོས་སུ་རིག་ཅིང་མྱངས་བ་དང། མི་ཚེ་ཧྲིལ་བོར་ལྕགས་སྨྱུག་དང་ལྷན་དུ་ཟད་པར་གྱུར་བའི་དབུལ་བོ་རྣམ་དཔྱོད་ཅན་དགེ་འདུན་ཆོས་འཕེལ། གསར་གཏོད་དང་ལ་རྒྱ། སྤོབས་པ་དང་ཡིད་ཆེས་སོགས་ཀྱི་སྙིང་སྟོབས་ཀྱིས་རྒྱུན་བསྐྱངས་ཏེ་སྒང་བ་བོད་འདི་རྨོངས་གཉིད་ལས་དཀྲོག་མཁན་ནམ་ཡང་ན་བོད་འདི་ལ་རང་གི་ཚེ་སྲོག་གི་ཉེན་བརྡ་ཐོག་མར་གཏོང་མཁན་གྱི་རྩོམ་རིག་གསར་བའི་ དེད་དཔོན་དུ་འབོད་པའི་དཔལ་དོན་གྲུབ་རྒྱལ། ཆབ་སྲིད་ཀྱི་བློ་མིག་ཤིན་ཏུ་ཡངས་ཤིང་སྲིད་འགྱུར་ལ་རྣ་བ་ཀུན་ལས་རིང་བ། མི་རིགས་ལ་བློ་སེམས་རྨང་ནས་དཀར་བའི་བོད་མི་གསར་བརྗེ་པ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག ཕྱི་ནང་གི་ཆབ་སྲིད་ལམ་ལུགས་དང་དཔལ་འབྱོར་གནས་བབ་དག་ལ་མིག་རྒྱང་རིང་བས་མིག་དཔེར་བལྟས་ཏེ་བོད་པའི་ལོ་རྒྱུས་སུ་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཐེངས་དང་པོར་སློབ་གཉེར་ལ་འགྲོ་མཁན་དེ་དག་གི་བུ་རྫི་རུ་གྱུར་བའི་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་ལྟ་བུ་སོགས་དེང་རབས་ཀྱི་ཤེས་ཡོན་ཅན་རྣལ་མ་འགའ་རེ་ཡང་བསྐྱར་འབྱུང་བའི་དབང་དུ་བཏང་ན་ཡང་དཔྱོད་ཤེས་སྐམ་ཞིང་མི་གཞི་རུལ་ལ། གཤིས་ཀ་འཁྱོག་ཅིང་སྒལ་ཚིགས་མེད་པའི་མི་དེ་རིགས་ཀྱིས་ལྐོག་ཞུའི་ཐབས་དང་ཞྭ་མོའི་རིག་གནསབསྐོན་པ་སོགས་ལ་བརྟེན་ནས་ལྔ་ལམ་དུ་མི་བརྫང་པའི་ངེས་པའང་གང་ན་ཡོད། རྒྱུ་མཚན་ནི་དེང་སྐབས་བོད་ཀྱི་བསམ་བློ་བ་ཆེན་མོ་རུ་བསྔགས་པའི་སྐུ་ཞབས་ཞོགས་དུང་༼ ནང་ཆོས་ཟབ་མོ་འཆི་ཞགས་འཕེན་པ་རིགས་ཞེན་ཆེ་བའི་དན་རྟགས་རེད། །ཅེས་པའི་བསྟོད་པའི་མེ་ཏོག་ཕུལ་མཁན་སྟོན་པ་ཏཱ་ལའི་བླ་མ་ཉིད། །དེ་མིན་བོད་ཀྱི་བླ་སྤྲུལ་ཀུན་གྱིས་ཁྱེད་ཉིད་བསྟན་པའི་དགྲ་བོར་བརྩི། །ཕྲན་གྱི་སེམས་དང་བསམ་པའི་ངོགས་ན་ཁྱེད་རང་བསྟན་འཛིན་སྐྱེས་བུ་ཞིག ། ཨ་རིག་དགེ་མཐོང༌གི་ཚིག༽དང་ཐེའུ་རང་སོགས་གཙོ་བྱས་པའི་དེང་གི་ཤེས་ཡོན་ཅན་རྣལ་མ་དག་ལའང་དེ་དག་གིས་ཚད་ལས་འདས་བའི་མི་གཞི་དམའ་འབེབས་དང་ཁྱད་གསོད། དད་ལོག་དང་གཏོར་བཤིག་མཁན། ཁྱི་ཕྲུག་སྙིང་ལ་རྗེ་བོ་དང་གླེན་རྒན། ལྟས་ངན་དང་ལྟ་ལོག་གི་སྡིགས་དམོད་ནིི་ཆར་བ་འབབ་འབབ་དང་ཆུ་བོ་བཞུར་བཞུར་བྱེད་བཞིན་འདུག་པས་སོ། ཤེས་བྱའི་གནས་ཐམས་ཅད་ལ་རྣམ་དཔྱོད་བློ་གྲོས་རྩལ་གྱིས་ནང་བྱན་ཆུད་ཅིང་། མི་འཇིག་སྤོབས་པ་ཆེན་པོས་བླུན་རྨོངས་ཀྱི་དུས་རབས་ཤིག་ཏུ་སེང་གེ་དང་སྟག་མོ་བཞིན་སྔུན་ནས་སྔུན་དུ་མཆོངས་ཤིང་། སྲོག་ལ་བབས་ཀྱང་མི་རིགས་དང་འགྲོ་མིའི་བདེན་དོན་གྱི་ཆེད་དུ་སྙིང་སྟོབས་བསྐྱེད་དེ། འཕྱ་སྨོད་དང་ཁྱད་གསོད། ལྟ་ལོག་དང་ལྟས་ངན། ངན་དམོད་དང་མནར་གཅོད། ཕྲག་དོག་དང་ན་ཟུག་གི་ནགས་ཚལ་སྟུག་པོའི་ཀློང་ནས་སྟག་མོ་བཞིན་ཕྱིར་ལ་མཆོང་བཞིན་གཡུ་འབྲུག་བཞིན་འཁྱུག་རྩལ་ངོམས་བཞིན་ཕེབས་མྱོང་བའི་མཁས་ཆེན་རླབས་ཆེན་དེ་དག་མཐའ་ནས་མཐའ་རུ་བསྐྲད་དེ་མཐར་མིས་མི་མཐོང་སར་གཤིན་རྗེའི་འཕྲང་ལ་གཡུག་མཁན་དག་ཀྱང་རང་རེའི་ཆོས་སྲིད་ཟུང་འབྲེལ་གྱི་ཐོན་འབྲས་སྟེ་ཀ་ཤོད་ཉི་མ་རྒྱལ་མཚན་ལྟ་བུའི་ནང་མི་ནང་སྟོངས་ཚོ་མ་ཡིན་ནམ། དེའི་ཕྱིར་ངས་བོད་ཡུལ་ལུང་པ་འདི་ནས་བླ་སྤྲུལ་རྫུན་མ་དང་སྐུ་དྲག་ཀླད་མེད་ཚོའི་སྐྱག་རྫུན་ལས་སྐད་ཆ་དྲང་མོ་ཞིག་བཤད་ས་མེད་པ་ཤེས་ཤིང་ཤེས་ནས་ཀྱང་ཡུན་རིང་འགོར་སོང་། ངས་མི་རིགས་སློབ་གྲྭ་འདི་ནས་དགེ་རྒན་མང་ཆེ་བས་ཁ་དང་ལག་པ་གཉིས་ཀྱིས་རྒྱབ་འགལ་གྱི་བྱ་བར་རྩོམ་པ་ལས་དྲང་མོ་དྲང་རྐྱང་གི་སེམས་པ་གཅེར་བུར་ཕུད་དེ་སེམས་ཀྱི་ན་ཟུག་ལྷུག་ལྷུག་ཏུ་བརྗོད་པའི་དགེ་རྒན་ཤིན་ཏུ་ཉུང་བའང་སྔ་མོ་ནས་ཤེས་ཡོད། ངས་ད་དུང་བོད་ཀྱི་ཡུལ་འདི་ནས་བླ་མ་དང་སྤྲུལ་སྐུ་རྣམས་ཀྱི་འབད་མེད་ལྷུན་འགྲུབ་ཀྱི་རྒྱུ་འབྱོར་བ་དབྱར་གྱི་མཚོ་མོ་ལྟར་རྒྱས་པའི་རྒྱུ་བསྐྲུན་མཁན་གྱི་དཔག་བསམ་འཁྲི་ཤིང་ནི་རྒྱུ་མཚན་མེད་པར་དད་པ་བྱེད་མཁན་གྱི་མི་མང་མང་ཚོགས་རྣམས་ཡིན་པའང་ཤེས་ཡོད། གནས་འདི་ནས་དཔྱོད་ཤེས་རྒྱང་འབོད་དང་གནམ་ས་གོ་འབྱེད། ཤར་དུང་རི་དང་དགེ་ཆོས་ཀྱི་སྐོར། བདག་དཔེ་ཚོགས་དང་ཕྱི་རྒྱལ་གྱི་སློབ་གསོའི་སྐོར། མདའ་དང་འཕང་། ཁྲག་ཡིག་དང་བོད་མི་གསར་བརྗེ་པ། ཡ་ཧུ་དཱ་པའི་མི་རིགས་ཀྱི་སྐོར་གྱི་མི་དོན་དང་སྲིད་ཆོས་ལ་འབྲེལ་བའི་རིན་ཐང་གཞལ་དུ་མེད་ཀྱི་དཔེ་དེབ་ལ་བལྟས་ན་ཡང་སེམས་ཁྲལ་ལྷག་མའི་རིགས་དེ་དག་གིས་ཞོགས་དུང་གི་རྒྱུག་ཁྱིི་དང་ནང་ཆོས་ཀྱི་དགྲ་ཟླ། དགེ་ཆོས་སྨྱོན་པའི་རྗེས་འབྲངས་སུ་རུ་འབོད་ཅིང་ཚད་ལས་འདས་ཤིང་བློ་ངོར་མི་ཤོང་བའི་དམའ་འབེབས་བྱས་ལ། མ་གཞིར་བོད་ཡུལ་འདི་ནས་དེ་ལྟར་བརྗོད་པའང་དར་མེད་པ་ཞིག་ཀྱང་མ་རེད་དེ། ངའི་སེམས་སུ་ང་དང་ང་ལྟ་བུའི་བསམ་མེད་མི་ཆུང་ཆུང་དག་ལ་ཡང་འདི་ལྟ་བུའི་ནག་ཉེས་ཀྱི་ཞྭ་མོ་རི་འདྲ་བ་ཞི་བཀལ་འོང་ན། དགེ་ཆོས་དང་རང་གྲོལ། ཕུན་དབང་དང་པཎ་ཆེན་སོགས་ལ་ཅི་ཁག་སྙམ་ནས་ཡིད་སེམས་འཁྱག་སིབ་བེར་གྱུར་སོང་ལ། དབྱར་ཁ་ཡིན་ཡང་གྲང་བའི་ཚོར་བ་ཞིག་ཤུགས་ཀྱིས་སྦྱིན་བྱུང་། ཞོར་དུ་བདག་ལ་ཆེས་ཡ་མཚར་ཞིང་ཡིད་སྐྱོ་བའི་ཚོར་སྣང་ཁྱད་པར་བ་ཞིག་སྦྱིན་འོང་པ་ནི་མཐོང་ཐོས་མྱོང་བ་དང་རིང་དུ་གནས་པའི་ཡ་མ་ཟུང་གི་དགེ་རྒན་འགའ་རེས་ཞོགས་དུང་ཞེས་པ་ནི་ཟ་རྒྱུ་ཞིག་ཏུ་ངོས་འཛིན་མཁན་ཡང་ཡོད་པར་བསམ་ན་དགོད་བྲོ་ཞིང་ངུ་འདོད་པ་ཞིག་མ་རེད་དམ། འདི་འདྲའི་ཚ་ཚ་འུར་འུར་གྱི་མི་བོ་ཆེ་ཁོང་ལ་ཡིད་སྨོན་དང་དགའ་གུས། བསམ་གཞིག་དང་རྒྱབ་སྐྱོར་བྱེད་རྒྱུ་སོགས་ལྟ་ཅི། ཐ་ན་མི་བོ་ཆེ་ཁོང་གི་མཚན་ཙམ་ཡང་རྣ་ཐོས་སུ་གྱུར་མེད་ན་དེ་འདྲའི་མི་ནི་ངོ་མབཟའ་བཏུང་འབའ་ཞིག་དོན་གཉེར་བའི་སྤུ་མེད་པ་ཡི་ཕག་དང་ཁྱད་ཅི་ཡོད་ཨང། ཡང་སེམས་ཁྲལ་ལྷག་མ་བྱེད་མཁན་གྱི་མི་འགའ་ཞིག་གིས་ཞོགས་དུང་ཞེས་པའི་མི་བོ་ཆེ་འདིའི་བརྩམས་ཆོས་ཀྱི་མིང་བྱང་གང་ཡང་བགྲང་མི་ཤེས་པ་མ་ཟད། ད་དུང་སྐུ་ཞབས་ཁོང་ནི་ཆོས་ལུགས་མི་མཁོ་བར་འཆད་མཁན་ཡིན་གྱི་བོད་མི་ཀླད་སྟོང་འཆལ་བོ་ཞིག་ཡིན་ནི་རེད་ཅེས་བོད་མི་དམངས་ཀྱི་སྤྱི་དགྲ་ཡིན་པར་བསྒྲུབ་མཁན་ཡང་ཤིན་ཏུ་མང་པོ་ཡོད་པ་དག་རིག་ན་བོད་འདི་ཨ་གསར་དང་ལད་ཟློས་ལ་དགའ་ཞིང་ཨུ་ཚུགས་དང་མཁྲེགས་འཛིན་ཆེ་བས་མ་ཡིན་ནམ་སྙམ།
  སྤྱིར་ན་རང་གིས་མི་ཤེས་པ་ཞིག་ལ་འདྲ་མིན་གྱི་གདེང་འཇོག་དང་ཕྱོགས་ཞེན་གྱི་སྐད་ཆ་བཤད་ན་ནི་རང་ཉིད་རང་གིས་དམའ་འབེབས་བྱེད་ནི་རེད། དགྱ་ནག་གི་མཁས་པ་དབྱི་ཏ་ཧྥུ་ཡིས་བཤད་པ་བཞིན་རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ། རླབས་ཆེན་གྱིི་མི་སྣ་དག་བྱུང་ཡང་དེར་བརྩིབཀུར་དང་དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་མི་རིགས་དང་རྒྱལ་ཁབ་ནི་རེ་བ་མེད་པའི་མི་རིགས་དང་མདུན་ལམ་མེད་པའི་རྒྱལ་ཁབ་ཅིག་ཡིན་ཞེས་བརྗོད་པའི་སྐད་ཆ་འདི་ང་ཚོ་ལ་མཚོན་ན་སེམས་ཀྱི་རྨོངས་བ་འཇོམས་པའི་སྨན་ནམ་མན་ངག་ཅིག་ཅིས་མ་ཡིན། ཡང་གཅིག་བཤད་ན་སེམས་ཁྲལ་ལྷག་མའི་སྐད་ཆ་བཤད་མཁན་གྱི་མི་སྟེ་དགེ་རྒན་དེ་དག་གིས་ཤོ་དང་མྰ་ཅྰང་མ་གཏོགས་མགོ་མཇུག་ཚང་བའི་སློབ་ཁྲིད་ཅིག་ཀྱང་བྱེད་མི་ཤེས་བ་སུ་ལ་མི་གསལ་ཨང་། དེ་དག་ཐ་སྙད་དཀའ་མོ་རེ་དང་ཚིག་དུམ་གྱོང་བོ་རེར་འཕྲད་ཚེ་གོ་རྟོགས་ཤིན་ཏུ་དམའ་ཞིང་བདེན་པར་སྨྲ་བའི་སྙིང་སྟོབས་ཞན་པ་དང་འགྱོད་བཤགས་བྱེད་པའི་འདུ་ཤེས་བྲལ་བ། ཚ་འདྲི་གཏོང་བའི་སྤོབས་པ་སོགས་དབེན་པས་འབྲེལ་མེད་ལོག་བཤད་བརྒྱ་ཐམ་པ་དངདོན་མེད་འཁྱོག་བཤད་སྟོང་ཐམ་པ་མི་བྱེད་པའི་ངེས་པའང་གང་ན་ཡོད། ད་དུང་སློབ་མ་ཚོས་དཔེ་དེབ་དང་འབྲེལ་བ་མེད་པའི་འདྲི་ཚིག་རེ་དྲིས་ན་དེ་དག་གིས་འདི་ཁྱོད་ཚོས་ད་དུང་ཧ་གོ་ནི་མ་རེད་ཟེར། དོན་ངོ་མ་ཧ་གོ་གི་མེད་མཁན་དེ་སུ་ཞིག་ཡིན་ནམ། ངེས་པ་དོན་གྱིས་སློབ་སྦྱོང་བྱེད་དགོས་པ་དེ་སློབ་མ་ཡིན་ནམ་དགེ་རྒན་ཡིན། ཡང་ན་
  ཉིས་སྟོང་བཅུ་གཅིག་ལོའི་ཟླ་ལྔ་བའི་ཚེས་Xཡི་ཉིན་ཞིག་གི་ཕྱི་དྲོའི་ཚོགས་ཐུན་ཞིག་གི་སྐབས་སུ་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་Yལགས་ཀྱིས་ཁྱད་གསོད་ཅེས་པའི་མིང་ཚིག་འདི་ལ་འགྲེལ་བཤད་བྱེད་པའི་སྐབས་སུ་ཁྱད་པ་དང་གསོད་པ་ཞེས་ཐག་གིས་བཅད་དེ་བཤད་པ་དང་རྟ་བདུན་དབང་བོ་ལ་འགྲེལ་བ་བྱེད་སྐབས་ཀྱང་ཉི་མ་ནི་རྟ་བདུན་གྱི་དབང་བོ་ལྟ་བུ་ཡིན་པའི་རྒྱུ་མཚན་གྱིས་ཉི་མ་ལ་རྟ་བདུན་དབང་བོ་ཞེས་བརྗོད་དོ་ཟེར། འདི་ནི་བོད་ཡིག་དགེ་རྒན་ཞིག་གིས་ལོ་ངོ་གསུམ་ལ་སྦྱངས་བའི་ཡོན་ཚད་རེད། འདི་ནི་བོད་ཡིག་དགེ་རྒན་ཞིག་གིས་ལོ་ངོ་ཉི་ཤུ་ཙམ་ལ་གསོག་པའི་སློབ་གསོ་ཡི་ཉམས་མྱོང་རེད། བོད་ཡིག་དགེ་རྒན་Lལགས་ཀྱིས་ཀྱང་བོད་རྒྱལ་མཐའ་མ་ཨུ་དུམ་བཙན་པོ་སྟེ་མིང་གཞན་དུ་གླང་དར་མ་ཞེས་འབོད་པ་དེ་ནི་གདོན་འདྲེ་ཞིག་གི་རྣམ་ཤེས་ཡིན་པ་དང་ཁོང་ལ་ཕྱོགས་ཀུན་ནས་མཛད་རྗེས་ཏིལ་འབྲུ་ཙམ་ཡང་མེད་པར་བརྗོད་སོང་བ་མ་ཟད། ད་དུང་རྒྱལ་པོ་དེའི་མགོ་ལ་རྭ་རིང་བོ་ཞིག་དངོས་སུ་སྐྱེས་ཡོད་ཚུལ་ལབ་བཞིན་འདུག འདི་ཡང་བོད་མི་ཞིག་གིས་བོད་མི་ངོ་མ་ཞིག་གི་རིན་ཐང་ངོས་མ་ཟིན་ཞིང་དགེ་རྒན་ཞིག་གིས་ལོ་རྒྱུས་རྣལ་མ་ཞིག་མ་རྟོགས་པའི་ནག་ཉེས་སུ་ཅིའི་ཕྱིར་བགྲངས་མི་ཆོག་གམ། ད་དུང་བོད་ཡིག་གི་སློབ་ཁྲིད་འགྲན་སྡུར་ཞིག་གི་སྟེང་ནས་བོད་ཡིག་དགེ་རྒན་Bལགས་ཀྱིས་སྒྲ་སྦྱོར་བམ་གཉིས་ཞེས་པ་དེ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་བྱུང་བའི་ཆོས་གཞུང་ཞིག་ཡིན་པར་བརྗོད་པ་སོགས་ལ་བལྟས་ན་དེ་དག་གིས་ལོ་རྒྱུས་ཤེས་ཀྱིན་ཡོད་མེད་དང་རྒྱུན་ཤེས་ཤེས་ཀྱིན་ཡོད་མེད་སོགས་ཀྱང་ག་ལེར་ཤེས་མི་ཡོང་ངམ། དཔེ་དེ་དང་དེ་ལྟ་བུས་ཀྱང་ནམ་རྒྱུན་ཆེ་མདོག་སྟོན་མཁན་གྱི་མི་དེ་དག་གི་རང་མདོག་སྟོན་པའང་མ་ཡིན་ནམ། ཁོག་པ་རྩྭ་དང་གཡོ་སྒྱུའི་བཀང་ཞིང་སེམས་ལ་རྒྱུ་དང་འབྱོར་བ་ལས་བསམ་རྒྱུ་དང་དྲན་རྒྱུ་ཅི་ཡང་མེད་པའི་དགེ་རྒན་དེ་དག་ལ་འགན་ཁུར་གྱི་འདུ་ཤེས་མེད་ཅིང་སྒེར་དོན་བསྒྲུབ་རྒྱུ་མོད་པས་གནང་བ་ཞུ་མཁན་ཡང་གོང་གི་སེམས་ཁྲལ་ལྷག་མའི་སེམས་ཅན་ཏེ་དགེ་རྒན་དེ་དག་ལས་མ་འདས། གནད་དོན་དེ་དག་གི་སྟེང་ནས་ཀྱང་མི་དེ་ཚོའི་མི་གཞི་དང་འབྱུང་སྤུས། དྲང་གཏམ་བརྗོད་པའི་སྤོབས་པ་དང་སློབ་མ་ལ་ཤ་ཚ་གི་ཡོད་མེད་སོགས་མང་པོ་མང་པོ་ཞིག་ཧ་མི་གོ་འམ།དེ་དག་ནི་རང་གིིས་མི་ཤེས། གཞན་ལ་མི་འདྲི་བའི་རིགས་ཐ་ཤལ་བ་རེད་ལ། དེ་དག་ནི་བསམ་བློ་གུ་དོག་ཅིང་དཀྱེལ་ཡངས་མེད་པ་དང་། ལྟ་བ་རྙིང་ཞིང་མཁྲེགས་འཛིན་ཆེ་བ་རང་རེད། མི་དེ་དག་གིས་སློབ་དེབ་རྐྱང་རྐྱང་བསྐྱར་ཟློས་དང་ཡང་ཟློས་བྱས་པ་ལས་༼དཔེ་ངོས་ཆིག་རྐྱང་བ་ལ་བྱང་ཆ་མི་ལྡན་པའི་དགེ་རྒན་ཡང་ཤིན་ཏུ་མང་པོ་ཡོད༽དུས་རབས་དང་མཐུན་པའི་བསམ་བློའི་དགོངས་དོན་མི་རྟོགས་ལ་རྟོགས་པའི་བློ་མིག་ཀྱང་ཁྱོན་ནས་ཡོད་པ་མ་རེད། གྱང་ཁའི་རྩྭ་དང་མཚུངས་བའི་མི་དེ་དག་དཔོན་ལ་འཕྲད་ན་ཞུམ་ཞུམ་ཞིག་དང་། གལ་ལ་ཐུག་ན་འཁུམ་འཁུམ་ཞིག རྒྱུན་གྱི་དུས་ལ་ཀྲོག་ཀྲོག་ཅིག་རེད། དེའི་ཕྱིར་དགེ་རྒན་དེ་དག་ནི་ཕྱི་གསེར་གྱིས་བརྒྱན་ཡང་ནང་རྩྭ་རེད་ཅེས་ཁོ་བོས་སྨྲའོ།།
   ཡང་ཉིན་འགའི་སྔོན་ལ་དཀར་མཛེས་རང་ས་ནས་ཡིན་ཞིང་ལོ་ངོ་ཉི་ཤུ་ཡས་མས་ལ་ཁོ་བོ་དང་ཤིན་ཏུ་ནས་མི་འཚམ་པའི་སློབ་གསོ་རྐྱང་རྐྱང་གི་བྱ་བ་སྒྲུབ་མྱོང་མཁན་གྱི་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་བོད་ཡིག་དགེ་རྒན་Lལགས་ཀྱིས་ཁོ་རང་ཉིད་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ནས་དཀའ་ཁག་མི་ཉུང་བ་ཞིག་ལ་འཕྲད་མྱོང་ཟེར་བར་མ་ཟད། ཁོ་བོས་དགེ་རྒན་གྱིས་ཀྱང་མི་ཤེས་པའི་གནད་དོན་དང་འདྲི་གཞི་གང་མང་ཞིག་སློབ་མས་དྲི་བའི་ཚེ་ན་མི་ཤེས་ཞེས་གཏན་ནས་བརྗོད་མི་རུང་ཟེར་བར་ངས་མྱུར་དུ་དེའི་རྒྱུ་མཚན་དྲིས་པ་ན། དགེ་རྒན་དེས་གལ་ཏེ་ཁྱོད་ཀྱིས་སློབ་མ་ལ་མི་ཤེས་དང་ཧ་མི་གོ་ཞེས་ལན་གདབ་རྒྱུ་ཡིན་ན་གཞུག་ཕྱོགས་སློབ་མ་ཚོས་ཁྱོད་ལ་བརྩི་བཀུར་མི་བྱེད་ཐག་ཆོད་ཡིན་ཟེར། ངས་མྱུར་དུ་དེ་ལྟར་རྫུན་བཤད་ན་སློབ་མའི་མདུན་ལམ་དང་འབྱུང་སྤུས། མི་གཞི་སོགས་ཕྱོགས་མང་པོ་ཞིག་ལ་གནོད་པ་དང་ངན་ཤུགས་ཚབས་ཆེན་ཐེབས་ངེས་ཡིན་པ་དང་དགེ་རྒན་གྱིས་སློབ་ཁྲིད་བྱེད་པ་དེ་སློབ་མའི་བརྩིབཀུར་ཁོ་ན་ཐོབ་ཆེད་མིན་པའི་སྐོར་བརྗོད་པ་དང་དགེ་རྒན་ཞིག་ཡིན་ཕྱིན་ལྷག་ཏུ་དཔེ་ཆར་བལྟ་དགོས་ཚུལ་སོགས་བརྗོད་སྐབས་དགེ་རྒན་དེས་ཡང་བསྐྱར་ཁྱོད་ཚོ་ལོ་ཆུང་དག་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་མེད་པས་ཅང་ཧ་གོ་ནི་མ་རེད་ཅེས་པའི་སྐད་ཆས་མཇུག་བསྡུས་སོང་། ཀྱེ་མ། སློབ་མའི་བརྩིབཀུར་ཁོ་ན་ཐོབ་ཆེད་སློབ་མ་ལོག་ལམ་དུ་འཇུག་ཅིང་རྫུན་གྱི་འཁོར་ལོ་བསྐོར་ཏེ་མི་རིགས་སློབ་གསོ་རྐང་འོག་ཏུ་བརྫི་བཞིན་པའི་བྱ་སྤྱོད་འདི་རིགས་ཀྱི་དགེ་རྒན་ཁོ་རང་ལ་ཤེས་རིག་ཡོན་ཏན་གྱིས་ཕྱུག་པས་ཨེ་རེད། བསམ་བློའི་རྒྱགས་ཕྱེའི་དབེན་པས་མི་ཤེས་ཤེས་ཁུལ་དང་མ་ཡིན་ཡིན་ཁུལ། མི་ནུས་ནུས་ཁུལ། མི་རིག་རིག་ཁུལ་བྱེད་པ་འདི་ཡང་དགེ་རྒན་ཁོ་རང་ལ་སྤྱི་ཚོགས་ཉམས་མྱོང་གིས་ཕྱུག་པས་ཨེ་རེད། མི་ཤེས་ཤེས་ཁུལ་བྱེད་ན་མཚང་དང་ཤེས་བ་ཁོག་ཏུ་བཅུག་ན་མཚང་ཞེས་པའི་ཡིག་བྱང་ཆེན་པོ་ཞིག་བཟོས་ཏེ་དགེ་རྒན་དེ་དག་གི་སྐེ་ལ་འདོག་དགོས་ཚོད་རེད། དགེ་རྒན་དེ་དག་གིས་སྐར་ལྔའི་དར་དམར་ཚང་གི་བརྗེད་ཆུ་འཐུང་དྲག་པས་དམར་པོ་ཁྲག་གིས་བརྫིས་པའི་རང་རེའི་བོད་ཀྱི་ལོ་རྒྱུས་སུ་བྱུང་བའི་ལོ་རྒྱུས་དག་རིང་ནས་བརྗེད་ཅིང་། ལྷག་དོན་བོད་པ་ཚང་གི་ཉེ་རབས་ལོ་རྒྱུས་སུ་བྱུང་བའི་ལོ་རྒྱུས་དག་བརྗེད་ཀྱིན་འདུག གནའ་དེང་རབས་ཀྱི་བསམ་བློའི་འཚོ་བཅུད་བསྩོལ་བའི་རིག་པའི་དཔའ་བོ་དག་གི་མཛད་རྗེས་ཀྱང་རྨང་ནས་བརྗེད་དང་། མི་རིགས་འདིའི་བདེ་སྡུག་གི་ཆེད་དུ་རང་གི་གཅེས་པའི་ཚེ་སྲོག་ཕུལ་མྱོང་བའི་དཔའ་བོ་དང་དཔའ་མོ་དག་ཀྱང་རིང་ནས་བརྗེད་ལ།རང་ཉིད་སྨྲ་ཤེས་དོན་གོའི་མི་བུ་ཡིན་པ་བརྗེད་འགྲོ་གི་རེད། ད་དུང་རང་ཉིད་བོད་སྐད་བཤད་ཅིང་བོད་ཡིག་འཁྲིད་མཁན་གྱི་དགེ་རྒན་ཞིག་ཡིན་པའང་རྨང་ནས་བརྗེད་དེ་བོད་སྐད་ཡིག་གི་སློབ་ཁྲིད་སྐབས་སུའང་འོ་དྲི་དང་རྩམ་དྲི་མ་ཡལ་བའི་བོད་སྐད་དག་མོ་ཞིག་ཀྱང་མི་ཤོད་ན །

  ད་དུང་དགེ་རྒན་དེ་དག་གིས་ཆེ་མདོག་ཁ་བོ་ཞིག་སྟོན་བཞིན་འགོ་ཁྲིད་འགོ་བ་ཚོས་མཐོང་ས་རིག་ས་ནས་སློབ་མ་ཚོའི་གཞུག་ནས་དེད་དེ་སློབ་མ་ཚོ་ཕྱུགས་བཞིན་འཚོ་སྐྱོང་བྱེད་ལ་འགོ་ཁྲིད་མགོ་སྟོང་ཚོས་མི་རིག་ས་དང་མི་གོ་ས་ནས་དགེ་རྒན་དེ་དག་གང་ལ་འགྲོ་བ་དང་ཅི་ཞིག་བྱེད་པ་སོགས་སློབ་མ་རྣམས་ལའང་གསལ་ཆ་མེད་པ་ཞིག་མ་རེད། ཀླད་པ་བརྗེད་ཆུས་བཀྲུས་ཤིང་འགོ་མིང་ཁུར་བའི་མགོ་སྟོང་སྐོར་ཞིག་གིས་ཚོགས་འདུའི་སྐབས་སུ་གཏམ་ཅི་ཞིག་བཤད་དགོས་པ་མི་ཤེས་ཤིང་རང་གི་འདུག་སྟེགས་གང་ཡིན་པ་ཤེས་མཁན་ཚོས་ནམ་ཡང་མཚོན་བྱེད་གསུམ་གྱི་དགོངས་པ་སོགས་བགྲངས་ཤིང་དེ་ཚོས་༼དོན་གྱིས་ཁོ་ཚོས་ཀྱང་མཚོན་བྱེད་གསུམ་གང་དག་ཡིན་པ་ཤེས་མིི་ཤེས་གཉི་ག་འདུ༽ཆེ་མདོག་ཁ་བོ་སྟོན་པའི་དགེ་རྒན་དག་ད་གཟོད་མིག་ནང་འཇོག་པས་སེམས་ཁྲལ་ལྷག་མའི་རིགས་ཅན་གྱི་ཕུང་གསུམ་པ་དག་གང་ལ་སོང་ན་དེ་རུ་བྲིན། སློབ་མ་རྣམས་ལའང་དགེ་རྒན་དེ་དག་གི་སློབ་གསོ་ངན་པའི་ནད་ངན་དང་སྤྱོད་པ་འཆལ་བའི་གོམས་གཤིས་དེ་དག་འགོས་ནས་དགེ་རྒན་ཡོད་ས་ནས་དཔེ་ཆར་བལྟ་ཞིང་དགེ་རྒན་མེད་ས་ནས་དཔེ་ཆར་མི་བལྟ་བའི་གོམས་གཤིས་ངན་པ་ཞིག་ཆགས་ཡོད། དེའི་ཕྱིར་ཕུང་གསུམ་པའི་དགེ་རྒན་དེ་རིགས་ནི་དོན་གྱིས་སྟོངས་བའི་མིང་གི་ལྷག་མ་ཙམ་ཞིག་ལས་ཅི་ཡང་མ་རེད། ཡིན་ནའང་ནམ་ཡང་སེམས་ཁྲལ་ལྷག་མའི་སྐད་ཆ་བཤད་མཁན་ཏེ་དཀར་མཛེས་རྫོང་མཁར་ཉག་རོང་རོ་ཡིས་བཀང་ཐལ་ཞེས་དང་། ཡང་དཀར་མཛེས་སློབ་གྲྭར་མཚོ་སྔོན་རོ་ཡིས་བཟུང་ཐལ་ཞེས་པའི་སྐད་ཆ་འདི་རིགས་བཤད་མཁན་གྱི་མི་དག་ནི་དཀར་མཛེས་རང་སའི་མི་ཡིན་ཞིང་དེ་དག་གིས་དཀར་མཛེས་རྫོང་ལ་ཉག་རོང་རོ་དང་མཚོ་སྔོན་རོ་ཡིས་བཀང་བ་ཤེས་ཅིང་མཐོང་གི་འདུག་ནའང་བདག་ཆེས་ཡིད་སྐྱོ་ཞིང་བྲེད་ཤ་ལངས་བ་ཞིག་ལ། དཀར་མཛེས་རྫོང་གི་ས་ཆ་ཐམས་ཅད་དགྱ་དམག་གིས་བཟུང་ཞིང་སློབ་གྲྭ་སོ་སོར་སྨད་དགྱ་༼ནང་ལོགས་ནས་ཡོང་བའི་དགྱ་མིའི་དགེེ་རྒན་དང་དམག་མི༽ཡིས་བཀང་ནས་ཡོད་པ་མཐོང་གི་མེད་ན་སྐད་ཆ་དེ་རིགས་བཤད་མཁན་དང་བསམ་བློ་དེ་རིགས་གཏོང་མཁན་གྱི་ཕུང་གསུམ་པ་ཚོའི་མིག་རྒྱང་ནི་ཇི་འདྲའི་ཐུང་ཞིང་བློ་རྒྱ་ནི་ཇི་འདྲའི་དོག་པ་ལ་ཨང་། དེ་ལས་ལྡོག་སྟེ་འདི་བ་ཚང་གིས་བརྗེད་ཆུ་བླུད་དྲགས་པའི་དགྱ་དམག་རྣམས་རིག་དུས་སེམས་ཁྲལ་ལྷག་མའི་སྐད་ཆ་བཤད་མཁན་གྱི་མི་དེ་དག་ལ་དྲན་རྒྱུ་དང་བསམ་རྒྱུ་གཞན་ཅི་ཡང་མེད་པར་དགའ་ཀྲོག་ཀྲོག་དང་འཛུམ་ཤིག་ཤིག་གིས་འདུར་བཞིན་ཡོད་པ་འདི་ཅི་ཡིན་ནམ། ད་དུང་དེ་དག་གིས་ཁ་ནས་ཁ་བཏོན་འབྲུག་གྲགས་གྲགས་དང་ཁོག་ལ་ངན་གྱི་སྤྲིན་འཁྲིགས་འཁྲིགས་བྱེད་ཀྱིན་ཡོད་པ་མིན་ནམ། བོད་པ་ཕལ་ཆེར་བ་ནི་མ་གཞི་ནས་བློ་རྩ་དང་དད་པ་བརྟན་པོ་མེད་པའི་རྒྱགས་ན་ཆོས་དྲན་ཞིང་ལྟོགས་ན་བརྐུ་དྲན་པའི་རང་གཟུགས་དང་རང་མདོག་སྟོན་མཁན་གྱི་རྗེས་ལུས་ཤིག་མ་ཡིན་ནམ།

  ཡང་ཕྱིར་འདང་རེ་བརྒྱབ་ན་སེམས་ཁྲལ་ལྷག་མའི་སྐད་ཆ་བཤད་མཁན་གྱི་མི་དེ་དག་ལའང་ཁག་མི་འདུག་སྟེ། གོང་དུ་བཤད་ཟིན་པ་ལྟར་དེ་དག་གིས་ཨ་མ་མ་གཏོགས་ངོ་མ་མཐོང་ཞིང་ཐབ་ཀ་མ་གཏོགས་བྲག་མ་རིག་པས་རེད་ལ། དེ་དག་གིས་རང་ས་གྲུ་བཞི་མ་གཏོགས་ཅི་ཡང་མི་ཤེས་ལ་ཕྱི་ཡི་འཇིག་རྟེན་གྱི་གནས་ཚུལ་སོགས་ཤེས་འདོད་ཀྱི་བློ་ནི་མོ་གཤམ་གྱི་བུ་ལྟར་ཡོད་མི་སྲིད་པ་མ་ཡིན་ནམ། དེའི་ཕྱིར་དགེ་རྒན་དེ་དག་ནི་རྣམ་ཤེས་དང་བྲལ་བའི་རོ་རེད་ཅེས་སྨྲ་བར་འདོད། གཞན་ཡང་སློབ་མ་ཚོ་ལ་སློབ་ཁང་ཞེ་ན་མུན་ནག་བཙོན་ཁང་ལྟ་བུ་ཞིག་ཏུ་འདོད་པ་དང་། དཔེ་དེབ་ཅེ་ན་ཁུར་བོ་ལྗིད་མོ་ཞིག་ཏུ་བསམ་པ། དགེ་རྒན་ཟེར་ན་བདུད་རྒན་ངོ་མ་ལྟ་བུར་འདོད་པའི་འབྱུང་རྐྱེན་ཡང་དགེ་རྒན་ཚོའི་སྟེང་དང་སློབ་གྲྭའི་སྒྲིག་ལམ་ཚ་གཅུན་བྱེད་དྲག་པ་ལས་བྱུང་བར་འདོད། རང་རིགས་བོད་པའི་དགེ་རྒན་ཚོས་རྒྱུན་དུ་གནང་བ་ཞུས་ཏེ་སློབ་ཁྲིད་ལ་གཞའ་བ་དང་གཅིག་མགོ་གཅིག་གིས་གཡོག་པའི་སློབ་གསོ་སྤེལ་ན་དགྱ་ཡི་དགེ་རྒན་དག་ལ་ཅི་བཤད། དེ་འདྲ་ཡིན་ཚེ་སི་ཏ་ལིན་གྱིས་དགེ་རྒན་ལ་བཞག་པའི་མཚན་ཉིད་དེ་དགེ་རྒན་ནི་མི་རིགས་ཤིག་གི་བླ་སྲོག་བསྐྲུན་མཁན་ཡིན་ཞེས་པ་དེ་བཅའ་དགོས་པའི་ཚོད་དུ་སྣང་ལ་པུའུ་ལུའུ་ན་ཡིས་གསུངས་བའི་དགེ་རྒན་ནི་ཤེས་བྱ་ཁྱབ་བསྒྲགས་བྱེད་མཁན་ཡིན་པ་མ་ཟད།དཔེ་ལྟ་སའང་ཡིན་ཞེས་པའི་སྐད་ཆ་དེའང་རང་རེའི་དགེ་རྒན་ཚོའི་སྟེང་ཏུ་བཀོལ་ན་ཤིན་ཏུ་ནས་མི་མཛའ་གི རང་རེ་ལ་གཙང་མཁས་གཞན་ལ་ཕན་པར་འདོད་མཁན་གྱི་དགེ་རྒན་དུ་ཡོད་དམ། དེ་ལྟར་བཤད་ན་དགེ་རྒན་མང་ཆེ་བ་ཞིག་ཁ་ནང་ལ་གཅུས་ནས་མི་དགའ་ཐག་ཆོད་ཡིན། ངས་རང་ཉིད་ཆེན་པོ་ཞིག་ཡིན་ཟེར་བ་མིན་མོད། དོན་གྱིས་བག་ལ་ཞ་བའི་འུ་ཚོའིསློབ་གསོ་དེ་ལྟ་བུ་ཞིག་གི་མཚམས་ན་ཡོད་ཀི གལ་ཏེ་རང་རེའི་དགེ་རྒན་མང་དག་ཅིག་སློབ་མ་རྣམས་ལ་ཤ་ཚ་མཁན་རྣལ་མ་ཞིག་ཡིན་ན་ཐོག་མར་དགེ་རྒན་རང་གིས་རིག་གནས་སྣ་འཛོམས་དང་དཔེ་ཆ་སྣ་མང་ལ་བརྩོན་སྦྱོང་བྱེད་མཁན་ཞིག་ཡིན་དགོས་ཏེ་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས་སློབ་མ་རྣམས་ཀྱི་ཤེས་བྱའི་སྒྲིག་གཞི་ཇེ་མཐོར་གཏོང་བ་དང་། སློབ་མའི་བསམ་གཞིག་གི་ནུས་པ་ཆ་ཇེ་ཚང་དུ་གཏོང་ཤེས་པ། སློབ་མའི་མཚར་ཤེས་དང་དཔེ་ཀློག་གི་འདུ་ཤེས་ཇེ་བརྟན་དང་ཇེ་མང་དུ་བཏང་སྟེ་ད་ལྟའི་སློབ་མའི་སློབ་སྦྱོང་གི་སེམས་ཁམས་དང་ཁོར་ཡུག་གི་རྣམ་པ་བཅས་ལ་དབྱེ་ཞིབ་བྱེད་ཤེས་པ་ཞིག་ཡིན་པ་ནི་སློབ་མ་རྣམས་ལ་དོན་དམ་གྱིས་ཤ་ཚ་མཁན་ཞིག་ཡིན་པར་འདོད་དོ །།

  མདོར་ན་ངེད་ཅག་གིས་སློབ་ཁང་སློབ་གསོ་ཁོ་ནར་ཤི་འཐམ་རོ་འཐམ་བྱེད་དེ་སློབ་མས་དགེ་རྒན་གྱིས་བཤད་པ་ཙམ་གཙིགས་སུ་བཟུང་བའམ་ཡང་ན་དགེ་རྒན་གྱིས་སློབ་མ་ལ་འཁྲིད་པ་ཙམ་གཙོ་བོར་བཟུང་ན་སློབ་མའི་ཤེས་བྱའི་རྨང་རྡོ་ནམ་ཡང་བསྒུལ་མི་ཐུབ་ཅིང་མི་རིགས་སློབ་གསོ་ཞེས་པ་ཡང་དེ་ལྟར་རང་བཞིན་ཀྱིས་འགྲུབ་འགྲོ་བ་ཞིག་གཏན་ནས་མིན་པས་དེ་ལྟར་བྱེད་ན་སློབ་མའི་ནང་སེམས་ཀྱི་གཤིན་ས་བརླན་མི་ཐུབ་ཅིང་བོད་པའི་ཤེས་རིག་མེ་ཏོག་གི་སྐྱེད་མོས་ཚལ་ཡང་མཚར་སྡུག་ལྡན་པ་ཞིག་ཏུ་གཞར་ཡང་འགྱུར་མི་སྲིད། ད་དུང་ཚངས་སྤྱོད་དགེ་བསྙེན་སོགས་ཀྱི་གཞུང་ལུགས་ཀྱི་པོ་ཏི་རི་རབ་འདྲ་བ་དག་ཀྱང་བརྒྱ་བཤད་སྟོང་ལབ་བྱེད་ཀྱང་སློབ་མའི་ཀུན་སྤྱོད་དང་འབྱུང་སྤུས། ཡོན་ཚད་དང་རྩལ་ནུས། མཚར་ཤེས་སོགས་ལེགས་ལམ་དུ་བཅུག་ནས་སྤྱི་ཚོགས་ཀྱི་ལྡེ་མིག་ཅིག་ཏུ་ནམ་ཡང་འགྱུར་དཀའ་བ་མ་ཟད། སློབ་མའི་བརྩེ་སེམས་ཀྱི་ལྟེང་ཀའང་རྨང་ནས་བརྡོལ་ཐུབ་པའི་ངེས་པ་གཏན་ནས་མེད་པས་ན་མི་ནུས་སྔོག་འདོན་ནི་སློབ་གསོའི་བླ་སྲོག་ཡིན་པར་ཞིབ་འདང་ཟབ་མོ་དང་བཅས་ལུས་དང་སེམས་ཉིས་ཆའི་འཕེལ་རྒྱས་ཀྱི་ཆོས་ཉིད་དང་རང་བྱུང་ལྷུན་གྲུབ་ཀྱི་ལྷན་སྐྱེས་ཀྱི་རིག་པ་དང་དགའ་ཕྱོགས་ཀྱི་ཆ་ལ་གུ་ཡངས་དང་དགའ་ཞེན། ཡིད་སྨོན་དང་གོང་བཀུར་བྱ་རྒྱུ་བཅས་ནི་སློབ་མ་མི་སར་འཇོག་པའི་ཐོག་མའི་སེམས་བསྐྱེད་དང་ཀུན་སློང་གཙང་མ་ཡིན་ཏེ། སློབ་གསོའི་དམིགས་ཡུལ་དང་སློབ་གསོའི་དོན་སྙིང་ནི་མི་བུ་སྐྱེད་སྲིང་བྱེད་པ་ལས་མ་འདས་ཏེ། མདོར་བསྡུས་ན་སློབ་མ་ཤེས་བྱ་ཅན་དང་། སློབ་མ་ཀུན་སྤྱོད་ཅན། སློབ་མ་འཇོན་ཐང་ཅན་སོགས་སྐྱེད་སྲིང་བྱེད་རྒྱུ་ནི་ད་གཟོད་སློབ་གསོ་ཡི་དམིགས་ཡུལ་དང་སློབ་གྲྭ་ཡི་འོས་འགན་རེད་ལ།དུས་རབས་གསར་བས་དགེ་རྒན་གྱི་དཔུང་སྡེ་ལ་བཏོན་པའི་རེ་བའང་རེད། སློབ་གསོའི་འཕེལ་རྒྱས་དེ་ཡང་སློབ་གྲྭའི་ཐོག་ཁང་གི་ཆེ་ཆུང་དང་སློབ་མའི་གྲངས་ཀ་ཡི་མང་ཉུང་། དགེ་རྒན་རྒན་པ་ཡིན་མིན་སོགས་ཀྱིས་ཚད་མི་འཇལ་བར་གྲངས་ཀ་དང་སྤུས་ཀ་གཉིས་ལས་སྤུས་ཀ་གཙོ་བོར་འཛིན་དགོས་ཤིང་། མིི་རིགས་ཤིག་གི་དར་བ་དང་རྒུད་པ་ནི་མི་བུས་ཐག་གིས་གཅོད་དགོས་ལ། མི་བུ་ཡི་དར་བ་དང་རྒུད་པ་ནི་མི་རིགས་དེའི་སློབ་གསོ་ཡིས་ཐག་གཅོད་བྱེད་དགོས་ན། སློབ་གསོ་ནི་དགེ་རྒན་གྱིས་བསྒྲུབ་དགོས་པས་དགེ་རྒན་ནི་ད་གཟོད་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོ་ཡིན། ཉེ་སྔོན་ཞིག་ལ་འཛམ་གླིང་རང་བཞིན་ཅན་གྱི་སློབ་གསོའི་གར་སྟེགས་ཤིག་གི་སྟེང་ནས་ཀྲུང་གོའི་སློབ་གསོའི་ཆེད་མཁས་པ་ཞིག་ཆེད་དུ་ཨ་ཤེ་ཡའི་སྟོབས་ལྡན་རྒྱལ་ཁབ་སྟེ། ཉི་ཧོང་ལ་སློབ་གསོ་ལྟ་ཞིབ་ཏུ་བསྐྱོད། ཀྲུང་གོའི་སློབ་གསོའི་ཆེད་མཁས་པ་ཁོ་རང་ཉི་ཧོང་གི་སློབ་གྲྭ་ཆེ་གེ་མོ་ཞིག་ཏུ་བསྐྱོད་དེ་དེ་གའི་འཛིན་གཙོ་ཞིག་ལ་ཁྱེད་རང་གི་འཛིན་གྲྭར་སློབ་སྦྱོང་ལ་ཕུལ་དུ་བྱུང་བའི་སློབ་མ་ག་ཚོད་འདུག་ཅེས་འདྲི་དུས་འཛིན་གཙོ་དེས་སྦ་གསང་དང་ཐེ་ཚོམ་མེད་པར་ངས་མི་ཤེས་ཞེས་ལན་བཏབ། ཀྲུང་གོའི་སློབ་གསོའི་ཆེད་མཁས་པ་དེས་ཡང་བསྐྱར་འདྲི་དོན། འོ་ན་ཁྱོད་ཀྱི་འཛིན་གྲྭར་སློབ་སྦྱོང་ལ་ཆེས་ཞན་པའི་སློབ་མ་ག་ཚོད་འདུག་ཅེས་བརྗོད་དུས་འཛིན་གཙོ་དེས་ཡང་བསྐྱར་ངས་མི་ཤེས་ཞེས་ལན་བཏབ་ཚར་རྗེས་དབྱེ་ཞིབ་དང་བཅས་ཏེ་བརྗོད་དོན་ང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་ཆེ་གེ་མོ་ཞིག་ལུས་རྩལ་ལ་ཤིན་ཏུ་མཁས་ཤིང་ཡང་ཆེ་གེ་མོ་ཞིག་རོལ་དབྱངས་ལ་མཁས། ཆེ་གེ་མོ་ཞིག་སྨྲ་བརྗོད་ལ་ཤིན་ཏུ་མཁས་ཤིང་ཡང་ཆེ་གེ་མོ་ཞིག་རི་མོ་ལ་མཁས་པོ་སོགས་ཡོད་ཅེས་སློབ་མ་རེ་རེའི་ནུས་པ་དང་འཇོན་ཐང་སོགས་དམིགས་སུ་བཀར་ཞིང་ང་རྒྱལ་དང་བཅས་ཏེ་བརྗོད་བྱུང་ལ། དོན་དངོས་སུ་དེ་ནི་སློབ་མའི་ནུས་པ་ལ་ཡིན་འཇོག་དང་འཇོན་ཐང་ལ་ངོས་ཟིན་ཟབ་མོ་ཞིག་དང་གདེང་འཇོག་ཡང་དག་ཅིག་བྱེད་པ་རེད་ལ། མི་ནུས་སྔོག་འདོན་བྱེད་དེ་བརྟན་བརླིང་གི་གོམ་པ་དང་པོ་སྟོབས་ཀྱིས་སྤོས་བའང་ཅི་ལ་མིན། ཁོང་ཚོ་འདི་འདྲའི་སློབ་གསོ་སྔོན་ཐོན་ཡོད་པས་འཛམ་གླིང་གི་སྔོན་དུ་ཚུད་པ་སུས་ཁས་མི་ལེན། དེའི་ཕྱིར་སྔོན་ཐོན་མི་རིགས་དག་གིས་རིག་གནས་དང་སློབ་གསོ་འགྲན་ལ། བོད་པས་གོན་པ་དང་རྒྱན་ཆ་འགྲན། ཞིབ་ཏུ་བསམ་ན། ང་ཚོས་མི་ནུས་དང་འཇོན་ཐང་། འབྱུང་སྤུས་སོགས་ལ་ངོས་ཟིན་གསལ་བོ་མ་བྱས་པའི་གླེན་རྟགས་སྟོན་བཞིན་ནམ་ཡང་དགྱ་ལ་ལད་ཟློས་བྱས་དྲགས་པས་ང་ཚོ་དཔེ་ངོས་ཆིག་རྐྱང་བ་ཞིག་དང་སྐར་གྲངས་ཁོ་ན་ཞིག་གམ་ཡང་ན་ཨང་དང་པོ་དང་ལྡོག་མའི་ཨང་དང་པོ་སོགས་ཀྱི་ཁྲོད་ནས་བློ་གསལ་དོན་གཉེར་གྱི་སློབ་མ་མང་པོ་ཞིག་གི་མཚར་འཛིན་དང་བསམ་བློ་གཏོང་སྟངས་སོགས་ལ་གཞོག་གཏུབ་དང་འབུར་འཇོམས་བཏང་ནས་མཆོག་དམན་གྱི་དབྱེ་བ་ཕྱེས་བཞིན་འདུག ནམ་ཡང་ཡིག་རྒྱུགས་ཀྱི་སྐར་གྲངས་ཁོ་ནའི་ཁྲོད་ན་འཕེལ་རྒྱས་མེད་པར་འཕག་འཚག་བྱེད་ཀིན་འདུག སྟོང་བསམ་ཞིག་གི་ཁྲོད་ན་ངལ་བ་འབྲས་མེད་ཅིག་ལ་སྒུག་བཞིན་འདུག

གསལ་བཤད།
༼བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་འོད་ཟེར་ལགས་ཀྱིས་བཤད་པ་ལྟར། སྐད་ཆ་བདེན་པ་ཞིག་སྨྲ་རྒྱུ་ནི་རྩོམ་ཡིག་འབྲི་མཁན་ཞིག་གི་ངོས་ནས་བཤད་ན་མ་མཐའི་ཚད་གཞི་རེད། ཅེས་དང་། ཡང་ཨུ་རུ་སུའི་རྩོམ་མཁན་གྲགས་ཅན་སོལ་ཟེ་ཉི་ཆེན་གྱིས་གསུངས་བ་ལྟར། དྲང་གཏམ་གཅིག་གི་ལྗིད་ཚད་དེ་འཇིག་རྟེན་ཡོངས་ལས་ཀྱང་ལྕིའོ་ཞེས་པ་བཞིན་ངའི་བྲིས་རྩོམ་འདི་ལའང་སྒྲོ་འདོགས་དང་སྐུར་འདེབས་ཀྱི་ཆ་ཏིལ་འབྲུ་ཙམ་ཡང་མེད་ལ། འདིར་བརྗོད་འདོད་པ་ཡང་བསམ་བློའི་འཚོ་བཅུད་ཀྱིས་སྟོངས་ཤིང་མིག་རྒྱང་ཁབ་རྩེ་ལས་དོག་པ། མི་རིགས་སློབ་གསོ་ཁ་ནས་གླེང་ཞིང་ནམ་རྒྱུན་གནང་བ་ཞུས་ཏེ་སློབ་གྲྭར་མི་འོང་ལ། སློབ་གྲྭ་འོང་ནའང་སློབ་ཁྲིད་ཡག་པོ་མི་བྱེད་ཅིང་སློབ་མ་ལ་འགན་མི་འཁུར་བའི་དགེ་རྒན་ཀླད་སྟོང་ཕུང་གསུམ་པ་སྟེ་གོང་དུ་བརྗོད་པའི་རིགས་དེ་དག་ཡིན་པ་ལས་ངེས་པ་དོན་གྱིས་སློབ་མར་ཤ་ཚ་ཞིང་སློབ་གསོའི་བྱ་བར་ནན་ཏན་གྱིས་འཇུག་མཁན་རྣམས་ལ་ཚ་འདྲི་གཏོང་གི་མེད་པས་ཁོང་ཁྲོ་ལངས་དགོས་དོན་མི་འདུག་པར་འདོད། གཞན་དགེ་རྒན་མང་པོ་ཞིག་གི་མིང་གི་ཚབ་ཏུ་Lདང་Yདང་Bསོགས་ཀྱིས་མཚོན་དོན་ནི་གཅིག་ནས་དགེ་རྒན་དེ་དག་གི་མིང་གི་ཐོག་མ་Lདང་Yདང་Bསོགས་ཀྱི་སྒྲ་དང་ཐག་ཉེ་བའི་རྒྱུ་མཚན་གྱིས་ཡིན་ལ་གཉིས་ནས་དགེ་རྒན་དེ་དག་ལ་ཉེན་བརྡ་བརྒྱབ་པའང་ཡིན་པས་གཞུག་ཕྱོགས་ད་དུང་བཅོས་བསྒྱུར་མི་བྱེད་ན་དེ་དག་གི་མིང་ནས་འཛིན་རྒྱུ་ཁོ་ཐག་ཡིན་ལ། ད་དུང་གནད་དོན་ཤིན་ཏུ་མང་པོ་ཞིག་བཤད་དགོས་ཨང་སྙམ་པའི་འདོད་རྔམ་ཆེན་པོ་ཞིག་བདོག་ནའང་། འདི་ཙམ་ལས་བཀྲམ་མ་ཐུབ་པས་དགོངས་དག་ཞུའོ།།༽
                                                                                  2011. 6. 26
·རྩོམ་ཡིག་གོང་མ:གཞས་ཚིག འབྲོག་མོ་ཞིག་གི་ལས་དབང་།
·རྩོམ་ཡིག་འོག་མ:གཞས་ཚིག བརྩེ་བའི་འདོད་དོན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བྱིས་པའི་རྩེད་རིཊ་སྐོར་གྱི་སློབ་གསོ་གལ་ཆེ་ཚུལ་རོབ་ཙམ་གླེང་བ། 2010/10/4 22:37:23
·སློབ་གསོའི་ལས་དོན་ཐད་ལ་ལྟ་ཚུལ་ཕྲན་ཙམ་གླེང་བ། 2010/9/21 10:07:21
·ཨ་རི་བས་འདི་ལྟར་བྱས་ཏེ་མི་འཁྱོངས་པ་རེད། 2010/8/20 9:19:21
·དགེ་རྒན་གྱི་ལས་རིཊ་དང་འབྲེལ་བའི་ཀུན་སྤྱོད་སྐོར་གྱི་ཤེས་བྱ། 2010/6/24 22:24:55
·འཛམ་གླིང་གི་སློབ་གསོའི་བརྩམས་ཆོས་གྲཊ་ཅན་བཅུ་དགུ། 2010/2/19 17:15:23
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 20:31:30 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:23:13 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 20:46:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།46.88MS