ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

བོད་ཀྱི་ཚད་མ་རིག་པའི་སྐོར་ཐོག་མར་གླེང་བ།

  རྩོམ་པ་པོ:པདྨ་ཆོས་འཕེལ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3508ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/10/18 22:37:26ཚོགས་ཡར་སྤྲོད:admin
བོད་ཀྱི་ཚད་མ་རིག་པའི་ཞིབ་འཇུག་གི་གནས་ཚུལ།
 
   གཅིག རིག་གཞུང་གི་དགོས་པ།  ༼ ལོག་རྟོག་ཚར་གཅོད་པ། ༽
༄༅། །བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་ཚད་མ་རིག་པ་ནི་སྒྲ་རིག་པ་དང་མཉམ་དུ་བསྡེབས་ཏེ་མིའི་སྨྲ་ཤེས་དོན་གོ་བའི་རང་བཞིན་རྩལ་དུ་འདོན་བྱེད་ཀྱི་རིག་པ་ཞིག་ཡིན། སྔ་རབས་དམ་པས། ལོག་སྨྲ་ཚར་གཅོད་པ་ལ་སྒྲ་དང་ཚད་མ། ཞེས་སམ་དོན་གྱི་འཁྲུལ་བ་ཚར་གཅོད་པ་ཚད་མ་རིག་ཅེས་གསུངས་པ་བཞིན་ཚད་མ་རིག་པ་འདི་ནི་བདེན་དོན་འཚོལ་བའི་རིག་པ་ཞིག་ཡིན། དེ་ཡང་ཚད་མའི་གཞུང་ལས་བློ་ལ་ཚད་མ་དང་ཚད་མ་མ་ཡིན་པ་གཉིས་ཕྱེ་ཞིང་དེ་གཉིས་ཀྱི་ངོ་བོ་དང་ཁྱད་པར་སོགས་མཁས་པ་སྔ་མའི་ལུང་གི་རྒྱབ་རྟེན་དང་རང་གི་རིགས་ལམ་ཕྲ་མོའི་སྒོ་ནས་གཏན་ལ་འབེབས་པ་ནི་སྤྱིའི་དགོས་པ་དང་། བྱེ་བྲག་ཏུ་བློ་ཚད་མ་དང་འབྲེལ་བའི་སྐྱེས་བུ་ཚད་མ་དང་དེའི་གསུང་ཚད་མ་སོགས་ནང་པའི་སྟོན་པ་དང་དེའི་བཀའ་ཚད་མར་སྒྲུབ་བྱེད་ཀྱི་རིག་པ་ཞིག་ཡིན་པས། ནང་ཆོས་འདི་ཆོས་ལུགས་གཞན་དང་མི་འདྲ་བར་དེང་རབས་ཀྱི་རིགས་པས་དཔྱད་བཟོད་པའི་ཆོས་ལུགས་ཤིག་ཏུ་ཆགས་ཡོད། ནང་ཆོས་དར་ཁྱབ་ཆེ་བའི་བོད་ཡུལ་དུ་མི་རྣམས་ཀྱིས་ནང་ཆོས་ལ་ཡིད་དཔྱོད་ཀྱི་དད་པ་ཁོ་ན་ཙམ་མ་ཡིན་པར་དེའི་གནས་ལུགས་རྒྱུ་མཚན་ཤེས་ཤིང་སྤང་བླང་མ་ནོར་བར་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་ཞིང་། དེ་ནི་ཚད་པ་རིག་པ་དང་འབྲེལ་བ་ཟབ་པོ་ཡོད་པས། དོན་གྱི་འཁྲུལ་བ་ཚར་གཅོད་པ་ཚད་མ་རིག་པ་ཞེས་པས་ཚད་མ་རིག་པའི་དགོས་པ་མདོར་གྲིལ་ལ་ཁ་གསལ་བར་བསྟན་འདུག་གོ །
   གཉིས། བློ་རྟགས་བསྡུས་གསུམ་གྱིས་འབུབ་པའི་རིག་གཞུང་གི་སྤྱི་ཁོག
     ཚད་མ་རིག་པ་ལ་མཚན་ཉིད་རིག་པའམ་གཏན་ཚིགས་རིག་པ་ཞེས་མཚན་མི་འདྲ་བར་སྨོས་པ་ནི། རིག་གཞུང་དེའི་ངོས་མི་འདྲ་བ་ནས་ཡིན་ཏེ། མདོར་བསྡུས་ན་ཅི་ཡིན་པ་དང་ཅིའི་ཕྱིར་ཡིན་པ་ཞེས་ཚད་མ་རིག་པའི་བརྗོད་གཞི་ཆེན་པོ་གཉིས་ལ་ཐུག་ཡོད་དེ། ཅི་ཡིན་པ་ནི་ཤེས་བྱ་ཐམས་ཅད་ལ་རང་ལུགས་ཀྱི་མཚན་ཉིད་འཇོག་པ་དང་། ཅིའི་ཕྱིར་ཡིན་པ་ནི་མཚན་ཉིད་དེ་ལྟར་འཐད་པའི་ཚུལ་རྒྱུ་མཚན་གྱིས་སྒྲུབ་པ་ཡིན་པས། ཚད་མའི་གཞུང་ལས་ཤེས་བྱའི་མཚན་ཉིད་བརྗོད་པའི་ཆ་ནས་དེ་མཚན་ཉིད་རིག་པ་ཡིན་ལ། མཚན་ཉིད་དེ་ལྟར་དབང་ཤེད་དང་འོལ་ཚོད་ཙམ་གྱིས་མི་འགྲོ་བར་སྔ་ཕྱི་རྒོལ་གཉིས་དྲང་ལྡོག་གི་རིགས་ལམ་ནས་སྒྲུབ་ངག་དང་སུན་འབྱིན་གྱི་ཤགས་འགྱེད་པ་ནི་ཚད་མའི་རིག་གཞུང་གི་ཆ་ལག་གལ་ཆེན་ཞིག་ཡིན་པས་གཏན་ཚིགས་རིག་པའང་ཡིན་ནོ། ། རྒྱུ་མཚན་ནི་མཚན་ཉིད་རིག་པ་དང་གཏན་ཚིགས་རིག་པ་གཉིས་བར་བསྒྲུབ་བྱ་དང་སྒྲུབ་ཐབས་ཀྱི་འབྲེལ་བ་ཤིན་ཏུ་ཟབ་པོ་ཞིག་ཆགས་ཡོད་པའི་ཕྱིར་རོ། ། ཨིན་ཀེ་སིས་རིག་ཚན་མང་པོ་ཞིག་མཚན་ཉིད་རིག་པའི་ཉལ་ས་ལས་ལངས་ནས་སོ་སོར་ཕྱིན་ཀྱང་། རྟོག་སྣང་གཏན་ཚིགས་རིག་པ་ནི་སྔར་བཞིན་མཚན་ཉིད་རིག་པའི་རུམ་དེ་རང་ན་ཉལ་ནས་འདུག་གོ །ཞེས་གསུངས་སོ། །
     བོད་དུ་ཚད་མ་རིག་པའི་འཆད་རྩོད་རྩོམ་གསུམ་དར་བའི་མི་ལོ་༨༠༠ལྷག་ཙམ་རིང་། བོད་ཀྱི་མཁས་པ་ཚོས་ཚད་མ་རྣམ་འགྲེལ་གཙོར་བྱས་པའི་རྒྱ་གར་གྱི་ཚད་མའི་གཞུང་ལུགས་ཁྲོད་ཐར་ཐོར་དུ་གནས་པའི་དོན་གནད་ཁག་ཅིག་དམིགས་སུ་བཏོན་ནས་རྒྱུ་འབྲས་དང་སྤྱི་བྱེ་བྲག་དང་འགལ་འབྲེལ་དང་མཚན་མཚོན་སོགས་བསྡུས་ཚན་ཉེར་ལྔར་བྱས། དེའི་སྟེང་བློ་རིག་དང་རྟགས་རིགས་བསྣན་པས་ཉེར་བདུན་དུ་འགྱུར། དེ་དག་གི་མཚན་ཉིད་དང་དབྱེ་བ་དང་མཚན་གཞི། དབྱེ་བ་སོ་སོའི་མཚན་ཉིད་དབྱེ་བ་མཚན་གཞི་སོགས་རྒྱ་ཞིང་རྒྱས་པར་དགག་བཞག་སྤོང་གསུམ་གྱི་རིགས་ལམ་ཕྲ་མོས་གཏན་ལ་ཕབ་སྟེ་བོད་ཀྱི་ཚད་མ་རིག་པ་ཞེས་མ་ལག་ཆ་ཚང་བའི་རིག་གཞུང་ཐུན་མོང་མ་ཡིན་པ་ཞིག་ཆགས་པར་བྱས། དེ་རྣམས་བསྡུ་ན་བློ་རྟགས་བསྡུས་གསུམ་ཟེར་བ་ལྟར་བློ་རིག་དང་རྟགས་རིགས་དང་བསྡུས་གྲྭ་གསུམ་དུ་འདུ་ལ། སྤྱིར་བློ་རྟགས་གཉིས་ཀྱང་བསྡུས་གྲྭའི་རིགས་ལམ་ཆེན་མོར་བཞག་ནས་རིགས་ལམ་ཆེ་འབྲིང་ཆུང་གསུམ་གྱི་བདག་ཉིད་ཅན་གྱི་བསྡུས་གྲྭས་ཚད་མའི་གཞུང་དོན་གཙོ་བ་རྣམས་གསལ་བར་འབྱེད་དོ། །དེ་གསུམ་ལས་བློ་རིག་ བསྒྲུབ་བྱ་དང་རྟགས་རིགས་སྒྲུབ་བྱེད། བསྡུས་གྲྭ་སྒྲུབ་ཐབས་སམ་སྒྲུབ་རིམ་གྱི་ཚུལ་དུ་སྣང་ངོ་། །
     དེ་ཡང་ཤེས་བྱ་ཀུན་ཁྱབ་ལས། དོན་ལ་འཁྲུལ་བ་ཚར་གཅོད་ཚད་མ་ནི། །ཡུལ་དང་ཡུལ་ཅན་དེ་རྟོགས་བྱེད་པའི་ཐབས། །གསུངས་པ་ལྟར་རིགས་ལམ་ཆེ་འབྲིང་ཆུང་གསུམ་ཀྱིས་བསྡུས་པའི་ཚད་མའི་གཞུང་དོན་རྣམས་ཡུལ་ཤེས་བྱའི་རྣམ་གྲངས་རིགས་ལམ་ཆུང་འབྲིང་གཉིས་ཀྱིས་བསྟན། ཡུལ་ཅན་ཤེས་པའི་རྣམ་གཞག་བློ་རིག་གིས་གསལ་བར་བྱེད། རྟོགས་བྱེད་ཐབས་ཀྱི་ཆ་ནི་རྟགས་རིགས་དང་དེའི་ལག་ལེན་བསྡུས་གྲྭ་སྤྱིའི་ནང་དུ་ཁྱབ་ནས་ཡོད་དོ། །
    གསུམ། ཞིབ་འཇུག་གི་གྲུབ་འབྲས།
     ཚད་མ་རིག་པ་འདི་ཐོག་མར་རྒྱ་གར་གྱི་ཕྱི་རོལ་པའི་རིག་པ་དང་རྟོག་གེའི་རིག་པ་སོགས་ལས་འཕྲོས་ཤིང་། རྒྱན་དྲུག་མཆོག་གཉིས་སོགས་ཀྱི་འཕྲིན་ལས་ཀྱིས་སངས་རྒྱས་བསྟན་པའི་ལྷན་ཐབས་ཚུལ་དུ་སྤེལ་ཞིང་གཏན་ཚིགས་རིག་པ་དང་ཚད་མ་རིག་པ་ཞེས་པའི་མིང་རིམ་བཞིན་བྱུང་ལ་གཞུང་ལུགས་ཀྱང་རྒྱས་པར་མཛད་དེ། རྒྱལ་བསྟན་གང་དུ་དར་བའི་ཕྱོགས་སུ་བསྟན་འཛིན་སྐྱེས་བུ་དུ་མས་ཚད་མའི་གཞུང་ལུགས་འཆད་རྩོད་རྩོམ་པའི་སྒོ་ནས་ཤིན་ཏུ་རྒྱས་པར་བྱས་སོ། །
     འདིར་རང་གི་ཡིད་ལ་སྒོམ་ཕྱིར་ནང་པའི་ཚད་མ་རིག་པའི་བྱུང་ཚུལ་དང་གནས་བབས་སོགས་བསྟན་བཅོས་ཁ་ཅིག་གུང་བསྒྲིགས་ནས་གསལ་བར་འདོད་དོ། །
     ཐོག་མར་འཕགས་ཡུལ་དུ་ནང་པའི་ཚད་གཞུང་དར་ཚུལ་ནི། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་མཛད་པའི་དེབ་སྔོན་གསར་མ་ལྟར་ན། ནང་པའི་ཚད་མ་རིག་པ་ལ་སྔ་དར་དང་བར་དར་དང་ཕྱི་དར་གསུམ་བྱས་ཏེ། སྔ་དར་ཚད་མ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་གོང་རོལ་ནས་བཟུང་སློབ་དཔོན་དབྱིག་གཉེན་ལ་ཐུག་པའི་བར་གྱི་ཚད་མའི་ལྟ་གྲུབ་ལ་བྱེད་ཅིང་། དེ་ཡང་ཐོག་མར་དུས་རབས་གཉིས་པར་བརྩམས་པའི་འགྲེལ་ཆེན་ཞེས་གྲགས་པའི་བརྡ་དག་གི་གཞུང་དུ་སྤྱོད་པ་བ་དང་བྱེ་བྲག་པའི་དབར་གྱི་སྒྲ་རྟག་མི་རྟག་གང་དུ་འདོད་མིན་གྱི་རྩོད་པ་དང་། གཏན་ཚིགས་པ་དང་རྟོག་གེ་བ་ཟེར་བ་སོགས་ཚད་མའི་ཆོས་སྐད་གསལ་ཞིང་། དེ་ནས་ཙ་ར་ཀའི་སྨན་གཞུང་དུ་སྐབས་དེར་གྲགས་ཆེ་བའི་ཚད་མའི་ཆོས་སྐད་ཚིག་དོན་ཞེ་བཞི་བཀོད་ཡོད་ཅིང་། བྱེ་བྲག་པས་འདོད་པའི་རྟོག་གེའི་ཚིག་དོན་དྲུག་གི་ཐ་སྙད་ཀྱང་གསལ་བ་དང་།  རྒྱ་གར་དུ་ཚད་མའི་གཞུང་ལུགས་རང་བཙན་པ་ཐོག་མ་ནི་རིགས་པའི་མདོ་ཞེས་བྱ་བ་གྲགས་ཤིང་དེ་ལས་རྟོག་གེའི་ཚིག་དོན་བཅུ་དྲུག་སོགས་གསལ་ཞིང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཞིབ་མོ་རྣམ་འཐག་ལས་རྟོག་གེའི་ཚིག་དོན་བཅུ་དྲུག་བཀག་པ་དང་། དེ་བཞིན་སློབ་དཔོན་གྱི་གཞུང་ལས་ཚད་མ་བཞི་དང་རྡོ་རྗེ་གཟེགས་མའི་རིགས་པ་དང་ཡོད་མེད་མཐའ་འགོག་གི་རིགས་པ་དང་ཐལ་བ་སོགས་གསལ་རུང་ཚད་གཞུང་གི་ཐུན་མོང་མིན་པའི་ཆོས་སྐད་རང་ལུགས་བྱས་ཏེ་མི་གསལ་ལོ། ། དེ་དུས་མངོན་སུམ་དང་རྗེས་དཔག་དང་དཔེ་ཉེར་འཇལ་དང་སྒྲ་བྱུང་བཅས་ཚད་མ་བཞི་ཞེ་བ་དང་དམ་བཅའ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱར་བ་དང་མཇུག་བསྡུ་བཅས་སྒྲུབ་ངག་ཡན་ལག་ལྔ་ལྡན་ཞེས་པ་ཕྱི་ནང་ཡོངས་གྲགས་སུ་འདོད་ཅིང་། རིགས་པའི་མདོ་ལེའུ་དྲུག་པ་ཅན་ནི་ཕྱི་ནང་གི་འདོད་པ་དུ་མ་ཕྱོགས་བསྒྲིགས་ཏེ་ཕྱི་ལོ་༢༥༠ནས་༣༥༠བར་ལ་བྱས་པར་མཁས་པ་ཨུ་ཨིས་བཞེད་དོ། །དེ་རྗེས་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས་གཏན་ཚིགས་རིག་པ་བཅས་པའི་རིག་པའི་གནས་ལྔ་བསྟན་པ་ནི་གཏན་ཚིགས་རིག་པ་རང་ལུགས་སུ་བྱས་ཏེ་ནང་པའི་གཞུང་དུ་དང་པོར་གསལ་བ་ཡིན་པར་བཤད། སློབ་དཔོན་ཐོགས་མེད་ཀྱི་ས་ཡི་དངོས་གཞི་ལས་སྨྲ་བ་སོགས་གཏན་ཚིགས་རིག་པའི་རྣམ་གཞག་བདུན་བསྟན་ཞིང་། ཚད་མའི་གྲངས་ལ་མངོན་སུམ་དང་རྗེས་དཔག་དང་ཡིད་ཆེས་ལུང་བཅས་གསུམ་དང་། མངོན་སུམ་ལ་དབང་པོ་གཟུགས་ཅན་གྱི་མངོན་སུམ་དང་ཡིད་ཀྱི་མྱོང་བའི་མངོན་སུམ་དང་འཇིག་རྟེན་པའི་མངོན་སུམ་དང་དག་པའི་མངོན་སུམ་བཞི་གསུངས་ཤིང་། འབྲས་རང་མ་དམིགས་པའི་གཏན་ཚིགས་ཀྱི་ཐ་སྙད་མི་གསལ་རུང་དོན་ལ་ཡོད་པར་མཚོན་ནུས། དེ་བཞིན་མངོན་པ་ཀུན་བཏུས་ལས་སྒྲུབ་ངག་ཡན་ལག་ལྔ་ལྡན་དང་ས་སྡེ་ལྟར་ཚད་མ་གསུམ་ཡང་གསལ། དེ་རྗེས་ཉན་ས་དང་མདོ་སྡེ་དགོངས་འགྲེལ་ལས་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། འཐད་པ་སྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་པ་བཅས་ རིགས་པ་བཞི་དང་ཚད་མ་གསུམ་ཡང་གསལ་ལ། དགོངས་འགྲེལ་ལས་མཐུན་པར་དམིགས་པའི་མཚན་ཉིད་དང་མི་མཐུན་པར་དམིགས་པའི་མཚན་ཉིད་ཅེས་པའི་རིགས་སྒྲོས་ནི་ཕྱོགས་གླང་ཡབ་སྲས་ཀྱིས་བཞེད་པའི་རྗེས་ཁྱབ་དང་ལྡོག་ཁྱབ་དང་ཕྱོགས་འདྲ་བ་ཙམ་མོ། །དེ་བཞིན་ཚུལ་གསུམ་གྱི་སྐོར་ཐོགས་མེད་ཀྱིས་མཛད་པར་གྲགས་པའི་རྩ་ཤེའི་འགྲེལ་པར་ཚུལ་གསུམ་གྱི་ཐ་སྙད་གསལ་བ་དང་། དབྱིག་གཉེན་གྱིས་མཛད་པར་གྲགས་པའི་ཚད་མའི་བསྟན་བཅོས་རྩོད་ཆོག་དང་རྩོད་སྒྲུབ་གཉིས་སློབ་དཔོན་ཕྱོགས་གླང་སོགས་ཀྱི་གཞུང་དུ་ལུང་འདྲེན་ཡོད་ལ། དབྱིག་གཉེན་གྱི་རྟོག་གེའི་བསྟན་བཅོས་ལེའུ་གཉིས་པར་ཚུལ་གསུམ་གྱི་རྣམ་གཞག་བཀོད་པ་ཞེས་ལན་གཉིས་གསུམ་གསལ་བར་མ་ཟད་ཕྱོགས་ཆོས་དང་མཐུན་ཕྱོགས་ལ་ཡོད་པ་དང་། མི་མཐུན་ཕྱོགས་ལ་མེད་པ་ཞེས་གསལ་བ་ནི་གོང་གི་རྩ་ཤེའི་འགྲེལ་པའི་ཚུལ་གསུམ་འགྲེལ་བརྗོད་ལས་གསལ་ཁ་དོད་དུ་ཕྱིན་ཡོད་བཅས་ཁང་དཀར་དགེ་བཤེས་ཀྱི་ཆོས་འབྱུང་ལས་བཏུས་པ་སྔ་དར་ནང་པའི་ཚད་མའི་སྐོར་ཏེ་དང་པོའོ། །
      བར་དར་ཚད་མ་ཞེས་པ་ནི་སློབ་དཔོན་ཕྱོགས་གླང་གིས་རིག་པ་ཅན་པས་འདོད་པའི་སྒྲུབ་ངག་ཡན་ལག་ལྔ་ལྡན་ལེགས་པར་བཀག་སྟེ་གཏན་ཚིགས་ཡང་དག་གི་མཚན་ཉིད་ཚུལ་གསུམ་དུ་ངེས་ཤིང་ཚུལ་གསུམ་སོ་སོའི་མཚན་ཉིད་གཏན་འབེབས་ཀྱི་ལམ་སྲོལ་བཏོད་པའི་ཚད་མ་ལ་བྱའོ། །དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་མདོ་ཀུན་ལས་བཏུས་པ་བརྩམས་ནས་ནང་པའི་ཚད་མ་རིག་པའི་ཤིང་རྟའི་སྲོལ་འབྱེད་དུ་གྲགས། ཀུན་བཏུས་དེ་ལེའུ་དྲུག་སྟེ། མངོན་སུམ་ལེའུ། རང་དོན་རྗེས་དཔག་ལེའུ། གཞན་དོན་རྗེས་དཔག་ལེའུ། དཔེ་བརྟག་པའི་ལེའུ། གཞན་སེལ་བརྟག་པའི་ལེའུ། ལྟག་ཆོད་བརྟག་པའི་ལེའུ་བཅས་སོ། །ཀུན་བཏུས་ཀྱིས་སྟོན་པ་ཚད་མར་གྱུར་པ་དང་། གཞལ་བྱ་གཉིས་སུ་ངེས་པའི་རྒྱུ་མཚན་གྱིས་ཚད་མ་གཉིས་སུ་ངེས་ཚུལ་དང་། རང་རིག་མངོན་སུམ་དང་། གཞན་སེལ་གྱི་རྣམ་གཞག་ཕྱོགས་ཆོས་འཁོར་ལོ་བཅས་སྔར་མེད་ཀྱི་ཤིང་རྟའི་སྲོལ་ཕྱེའོ། །སློབ་དཔོན་གྱིས་དེའི་སྔ་རོལ་གྱི་སྒྲུབ་ངག་ཡན་ལག་ལྔ་ལྡན་དེ་ལྷག་ཆད་ཟློས་གསུམ་གྱི་སྐྱོན་ཅན་དུ་བཀག་སྟེ་ངག་ཡན་ལག་གསུམ་ལྡན་དུ་བསྟན་ཀྱང་། དེའི་དགོངས་པ་ཆོས་གྲགས་ཀྱིས་དཔེའི་སྟེང་དུ་འབྲེལ་བ་བརྗོད་པ་དང་། ཕྱོགས་ཆོས་བརྗོད་པའི་ཡན་ལག་བཅས་སྒྲུབ་ངག་ཡན་ལག་གཉིས་ལྡན་དུ་ངེས་པར་བཞེད། སློབ་དཔོན་གྱིས་གཞན་སེལ་གྱི་སྲོལ་ཕྱེ་ནས་རྗེས་འཇུག་ཚོས་དེ་ཚུལ་ཉམས་ཞིབ་རིམ་པས་མཛད་དེ་མ་ཡིན་དགག་དང་མེད་དགག་གི་རྣམ་གཞག་གསལ་བར་བྱེད་པ་བཅས་བར་དར་ནང་པའི་ཚད་མའི་སྐོར་ཏེ་གཉིས་པའོ། །
      གསུམ་པ་ནི་དཔལ་ལྡན་ཆོས་གྲགས་ཀྱིས་གཏན་ཚིགས་གསུམ་དུ་ངེས་ཤིང་དེའི་རྒྱུ་མཚན་རྟགས་ཆོས་ཀྱི་འབྲེལ་བ་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་སུ་ངེས་པའི་ལམ་སྲོལ་བཏོད་པ་ནས་བཟུང་ཕྱི་དར་ཚད་མ་ཞེས་བྱ་བ་སྟེ། སློབ་དཔོན་ཆོས་གྲགས་ཀྱིས་སློབ་དཔོན་ཕྱོགས་གླང་གི་དངོས་སློབ་དབང་ཕྱུག་སྡེ་ལས་ཀུན་བཏུས་ཉན་ཞིང་དེས་ཀུན་ལས་བཏུས་ལ་འགྲེལ་པ་རྩོམས་ཤིག་ཅེས་རྗེས་སུ་གནང་ནས་རྣམ་འགྲེལ་སྡེ་བདུན་བཅས་པ་མཛད་དེ་རྗེས་སུ་བྱོན་པའི་ནང་པའི་མཁས་པ་ཡིན་ནོ་ཅོག་འདིའི་རྗེས་སུ་འབྲངས་པ་འབའ་ཞིག་བྱུང་ངོ་། །དེ་ཡང་རྣམ་འགྲེལ་ལེའུ་དང་གཉིས་གཉིས་མདོ་སྡེ་པའི་ལུགས་དང་ལེའུ་གསུམ་པའི་སྟོད་ཆ་མདོ་སེམས་ཐུན་མོང་བ་དང་ཐུན་མིན་ཅི་རིགས་པ་བསྟན། དེ་མན་ཆད་རྣམ་འགྲེལ་རང་ལུགས་རང་རིག་ཞལ་གྱིས་བཞེས་པའི་སེམས་ཙམ་པའི་ལུགས་ལྟར་སློབ་དཔོན་ཆོས་གྲགས་ཀྱིས་ཀྱང་སེམས་ཙམ་པའི་ལྟ་བ་ཁོ་ན་རང་ལུགས་སུ་འཛིན་ནོ། ། ཆོས་གྲགས་ཀྱི་དངོས་སློབ་ལྷ་དབང་བློ། དེའི་དངོས་སློབ་ཤཱཀྱ་བློ་སོགས་བྱོན་མོད། ཆོས་གྲགས་ཀྱི་སློབ་བརྒྱུད་ནང་མཁན་ཆེན་ཞི་བ་འཚོས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་དང་། དེའི་སློབ་མ་ཀ་མ་ལ་ཤཱི་ལས་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་མཛད་པ་སོགས་ཀྱི་ཆ་ནས་འཕྲིན་ལས་ཆེ་ཤོས་སོ། །
      བོད་དུ་ཚད་མ་རིག་པ་དར་ཚུལ་ནི་རྒན་ངག་དབང་བསྟན་འཛིན་གྱིས་གསུངས་པ་ལྟར་བཤད་པར། བསྟན་པ་སྔར་དར་ལ་གཏན་ཚིགས་ཐིགས་པ་དང་འབྲེལ་བ་བརྟག་པ་དང་རྒྱུད་གཞན་གྲུབ་པ་བཅས་འཕྲོས་གཞུང་འགའ་བསྒྱུར་ཞིང་། བསྟན་པ་ཕྱི་དར་གྱི་འགོར་ལོ་ཙཱ་བ་ཞ་མ་སེང་རྒྱལ་གྱིས་ཀུན་བཏུས་དང་དེའི་འགྲེལ་པ་བསྒྱུར། ལོ་ཆེན་རིན་བཟང་གི་སློབ་མ་རྨ་དགེ་བའི་བློ་གྲོས་ཀྱིས་རྣམ་འགྲེལ་དང་དེའི་རང་འགྲེལ། རྩོད་པའི་རིག་པ། ལྷ་དབང་བློའི་རྣམ་འགྲེལ་འགྲེལ་པ། ཤཱཀྱ་བློའི་རྣམ་འགྲེལ་འགྲེལ་བཤད་སོགས་བསྒྱུར་ནས་སྟོད་དུ་ཚད་མའི་འཆད་ཉན་དར་བ་ལ་ཚད་མ་རྙིང་མ་ཞེས་གྲགས། དེ་རྗེས་རྔོག་ལེགས་པའི་ཤེས་རབ་ཀྱིས་༡༠༧༣ལོར་གསང་ཕུ་ནེའུ་ཐོག་དགོན་པ་བཏབ་ནས་སློབ་མ་༡༥༠༠ཙམ་ཡོད་པའི་བཤད་གྲྭ་ཆགས། ཁོང་གི་ཚ་བོ་རྔོག་བློ་ལྡན་ཤེས་རབ་འཕགས་ཡུལ་ནས་ཕྱིར་ལོག་རྗེས་རྣམ་ངེས་དང་རིགས་ཐིགས་བསྒྱུར་ཞིང་ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་བཤད་མཛད་པ་ནི་བོད་གཞུང་ཐོག་མར་སྣང་། དེའི་གམ་ན་སློབ་མ་ཉིས་ཁྲི་ལྷག་འདུས་པར་གྲགས། རྔོག་གི་སློབ་མ་གྲགས་ཆེ་བ་ཞང་གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱི་ཚད་མའི་འགྲེལ་པ་ཆུང་བ་ཞེས་པ་མཛད། དེའི་དངོས་སློབ་ཆ་པ་ཆོས་ཀྱི་སེང་གེ་དབུ་ཚད་ལ་ཤིན་ཏུ་མཁས་པས་ཚད་མིའ་གཞུང་རྣམས་བསྡུས་ཚན་བཅོ་བརྒྱད་དུ་བགོས་ནས་སློབ་གཉེར་བྱེད་ཚུལ་བསྡུས་གྲྭའི་སྲོལ་གཏོད། དེ་གཞིར་བྱས་ཏེ་རྭ་སྟོད་པ་འཕན་ཡུལ་གསེར་ཁང་པ་དམ་ཆོས་རྣམ་རྒྱལ་གྱིས་རྭ་སྟོད་བསྡུས་གྲྭ་མཛད། ཆ་པའི་སློབ་མ་ལས་རིག་པའི་དབང་ཕྱུག་སེང་ཆེན་བརྒྱད་ཅེས་གྲགས་ཆེ། ས་སྐྱ་པཎ་ཆེན་དགུང་ལོ་ཉེར་བདུན་ལ་རིགས་གཏེར་དང་དེའི་རང་འགྲེལ་མཛད། དངོས་སློབ་འུ་ཡུག་པ་རིགས་པའི་སེང་གེ་དང་། དེའི་དངོས་སློབ་ཉ་དབོན་ཀུན་དགའ་དཔལ་ཤིན་ཏུ་མཁས་པས་ཚད་མ་ཉ་ལ་ཐུག་ཅེས་གྲགས། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱང་ཉའི་དངོས་སློབ་ཡིན། དེ་ལྟར་ས་སྐྱའི་མཁས་པས་ཚད་མའི་བསྟན་པ་རེ་ཞིག་རྒྱས་པར་མཛད། རྗེ་ཙོང་ཁ་པས་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་མཛད་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཚད་མའི་མདོའི་རྣམ་བཤད་དང་རྣམ་བཤད་ཐར་ལམ་གསལ་བྱེད། རྣམ་ངེས་འགྲེལ་པ། རིགས་ཐིགས་འགྲེལ་པ་སོགས་མཛད། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་ཚད་མ་སྡེ་བདུན་ཡིད་མུན་སེལ་དང་རྣམ་འགྲེལ་ཊཱིཀྐ་ཆེན་རིགས་པའི་རྒྱ་མཚོ་དང་ཚད་འབྲས་རྣམ་གཞག་ཆེན་མོ་སོགས་མཛད། རྗེ་དགེ་འདུན་གྲུབ་པས་ཚད་མ་རིགས་རྒྱན་མཛད་ནས་རྗེ་ཡབ་སྲས་ཚོའི་ཚད་གཞུང་གཞིར་བཟུང་ནས་དགེ་ལུགས་པའི་གདན་ས་ཁག་ཏུ་ཚད་མའི་འཆད་རྩོད་ཤིན་ཏུ་རྒྱས་པའི་འགོ་བཙུགས། དེ་རྗེས་འབྲས་སྤུངས་བློ་གསལ་གླིང་དུ་པཎ་ཆེན་བསོད་ནམས་གྲགས་པས་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ་དང་རྣམ་འགྲེལ་ལེའུ་བཞི་པའི་མཐའ་དཔྱོད་དང་བློ་རྟགས་བཅས་མཛད། སྒོ་མང་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་རྣམ་འགྲེལ་མཐའ་དཔྱོད་དང་བསྡུས་གྲྭའི་རྣམ་གཞག བློ་རིག རྟགས་རིགས་བཅས་མཛད། ཁོང་གི་ཐུགས་སྲས་བསེ་ངག་དབང་བཀྲ་ཤིས་ཀྱིས་བསེ་བསྡུས་གྲྭ་མཛད། འཇམ་བཞད་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མེད་དབང་པོས་རྣམ་འགྲེལ་གྱི་རྣམ་བཤད་རིགས་པའི་རྒྱ་མཚོའི་ཚིག་འགྲེལ་རིན་ཆེན་སྒྲོན་མེ་མཛད། མཁན་ཆེན་དགེ་འདུན་རྒྱ་མཚོས་བསྡུས་གྲྭའི་ལེགས་བཤད་ལུང་རིགས་ཉི་མ་མཛད་དེ་མཁན་ཆེན་བསྡུས་གྲྭར་གྲགས། དེ་ནས་སེ་རའི་གདན་ས་པ་གསུམ་པ་གུང་རུ་རྒྱལ་མཚན་གྱིས་ཚད་མའི་བསྟན་བཅོས་མཁས་པ་དགའ་བསྐྱེད་དང་སེར་བྱེས་རིན་ཆེན་བློ་གྲོས་སེང་གེས་ཚད་མའི་སྟོང་ཐུན་མཁས་པའི་ཡིད་འཕྲོག་མཛད། སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱིས་རྣམ་འགྲེལ་དོན་འགྲེལ་རྒྱབ་ཚབ་དགོངས་པ་རབ་གསལ་མཛད། ཡོངས་འཛིན་ཕུར་ལྕོག་པས་རིགས་ལམ་འཕྲུལ་ལྡེ་མཛད་པ་བཅས་སེ་རའི་ཚད་གཞུང་ཁག་ཅིག་དང་། བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་དང་དཀྱིལ་ཁང་དང་ཤར་རྩེའི་ཡིག་ཆ་འཛིན་མཁན་ཚོས་ཀྱང་ཚད་འགྲེལ་མང་དུ་མཛད་པ་སོགས་གདན་ས་ཁག་གི་ཡིག་ཚང་དུ་བཞུགས། དེ་བཞིན་མདོ་ཁམས་ཕྱོགས་སུ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་སོགས་མཁས་པ་ཚོས་མཛད་པའི་ཚད་མ་རིག་པའི་གཞུང་ཡང་མང་ངོ་། །
    བཞི། སྟོང་ཆ་དང་མདུན་ལྗོངས།
     དེ་ལྟར་སྡེ་བདུན་མདོ་དང་བཅས་པའི་དགོངས་དོན་བཀྲལ་བའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྤྱིའི་ཁྱད་ཆོས་ཤིག་ནི་ཚིག་དོན་གང་རུང་གི་སྒོ་ནས་ཚད་མའི་གཞུང་དོན་འབྱེད་པར་བརྩོན་ཞིང་གཞུང་འཆད་རྩོད་ཀྱི་རྣམ་པའི་སྟེང་ནས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། ནང་དོན་གྱི་ཆ་ནས་རྣམ་འགྲེལ་སོགས་ཀྱི་དགོངས་པ་ལས་བརྒལ་ཐུབ་མེད་ལ། ཚད་མ་འདི་ནི་ནང་བསྟན་གྱི་ལག་ཆའམ་ཆ་ཤས་ཤིག་བརྩིས་ཏེ་རིག་གཞུང་ཁོ་ནའི་ཐོག་ཏུ་དགག་བཞག་སྤོང་གསུམ་གྱི་སྦྱོར་བ་རྩོམ་པ་ལས། སྤྱི་ཚོགས་སམ་འཚོ་བ་དངོས་དང་ཟུང་འབྲེལ་ཤིན་ཏུ་ཉུང་བར་སྣང་། དེ་ལྟར་མོད་ཀྱང་རིག་གཞུང་འདི་ཉིད་ཀྱི་བག་ལ་བདེན་པའི་གནས་ལུགས་ཇི་སྙེད་པ་གབ་པའི་ཚུལ་དུ་གནས་ཡོད་པས། སྲོལ་རྒྱུན་གྱི་གཟི་བྱིན་ཁོ་ནས་ཀྱང་ཕྱི་ནང་གསར་རྙིང་གི་རིག་པ་སྨྲ་བ་ཚོའི་ཡིད་དབང་འཕྲོག་བཞིན་མཆིས་ན། ལྷག་པར་དུ་དེང་གི་སྤྱི་ཚོགས་སུ་ཚན་རིག་གི་གྲུབ་འབྲས་གསར་པ་རྨང་དུ་བཙུགས་པའི་གཞུང་ལུགས་ཇི་སྙེད་བྱུང་ཡོད་པས། རིག་གཞུང་དེ་དག་དང་ཟུང་དུ་འབྲེལ་ནས་བོད་ཀྱི་ཚད་མའི་གཞུང་ལུགས་ཀྱི་དགོངས་དོན་ལ་བཤིག་བསྡུར་གྱིས་དེང་རབས་བོད་ཀྱི་སྤྱི་ཚོགས་ལ་སྲོལ་རྒྱུན་དང་རིག་གསར་ཟུང་དུ་འབྲེལ་བའི་བསམ་བློའི་གོ་མཚོན་བརྟན་པོ་ཞིག་མཁོ་བཏོན་བྱ་རྒྱུ་ནི་རིག་གཞུང་འདི་ཉིད་ཞིབ་འཇུག་པ་རྣམས་ཀྱི་ཕྲག་སྟེང་དུ་བབས་པའི་ལོ་རྒྱུས་ཀྱི་འགན་འཁྲི་རླབས་པོ་ཆེ་ཞིག་ཏུ་སྣང་ངོ་། །
·རྩོམ་ཡིག་གོང་མ:སློབ་གྲོགས་དྲན་པའི་གདུང་དབྱངས།
·རྩོམ་ཡིག་འོག་མ:བྲག་ཡེར་པའི་སྙན་ངག
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 16:51:09 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:32:05 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:19:47 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS