ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

རྒྱུན་ཤེས་ཀྱི་ཆག་འཇིག

  རྩོམ་པ་པོ:སྒོ་ཤེས་རབ་རྒྱ་མཚོ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2157ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/11/16 8:17:48ཚོགས་ཡར་སྤྲོད:admin
རྒྱུན་ཤེས་ཀྱི་ཆག་འཇིག
 
སྒོ་ཤེས་རབ་རྒྱ་མཚོ།
 
གཅིག
  དེ་ཡང་ས་ཆེན་པོའི་དཀྱིལ་འཁོར། དཔལ་ལྡན་འཛམ་བུ་གླིང་བའི་ལྟེ་བར་འཚོ་ཞིང་གནས་པའི་འགྲོ་བ་མིའི་རིགས་ལ་མཚོན་ན། རྒྱལ་ཁབ་བམ། མི་རིགས་སམ། གྲོང་ཁྱེར་རམ། གྲོང་བརྡལ་སོགས་གཞི་རྒྱ་མི་འདྲ་བའི་ཚོགས་སྤྱི་ཆེ་ཆུང་གང་ཡིན་ཡང་རུང་སྟེ། གང་དུ་མི་རྣམས་རྒྱུན་ཤེས་དང་ལྡན་པའི་ཁོ་ར་ཁོར་ཡུག་དག་ནི། ཞི་དཔལ་ཕུན་ཚོགས་ཀྱི་ཡུལ་གྲོང་དང་། འཆམ་མཐུན་འབྱོར་ལྡན་གྱི་སྤྱི་ཚོགས་འབའ་ཞིག་ཏུ་ངེས་པའི་ཆོས་ཉིད་ལ་སུས་ཀྱང་བསྙོན་དུ་མི་དམིགས་ཤིང་། དེ་བཞིན་རྒྱུན་ཤེས་དང་བྲལ་བའི་མི་ཚོགས་དག་གི་འཇིག་རྟེན་ན་ནི། ཤེས་རྨོངས། ཀླ་ཀློ། དབུལ་ཕོངས། དྲག་རྩུབ། སྒེར་གཅོད་སོགས་མི་སྡུག་པའི་ལམ་སྲོལ་གྱི་སྙིགས་རོ་དག་གི་ངོ་སོ་ཆེས་ཆེར་བསྟད་ཅིང་སྟོད་ཀྱིན་པ་ཡང་གཟུར་དུ་མེད་པའི་དོན་དངོས་ཤིག་ཏུ་ཆགས་ཡོད།
ཡིན་ཏེ། གནས་ཡུལ་གང་དང་གང་ལ་འདུས་སྡོད་བྱས་པའི་མི་ཕལ་མོ་ཆེའི་རྒྱུན་ཤེས་ཀྱི་སྤུས་ཚད་ནི། ཡུལ་གྲུ་དེ་དག་ཏུ་མི་རྣམས་འཚོ་བར་འཆམ་མཐུན་གྱིས་རོལ་བ་དང་། ཞི་བདེ་རང་དབང་གིས་གནས་པ། ལོངས་སྤྱོད་དར་རྒྱས་སུ་འགྲོ་བ། ཤེས་རིག་ཡོན་ཏན་གྱིས་ཕྱུག་པ་སོགས་ལེགས་བྱས་ཀྱི་ཕུན་ཚོགས་དུ་མ་འབྱུང་དང་མི་འབྱུང་གི་གཞི་རྩ་གལ་ཆེན་ཉག་གཅིག་ཏུ་གྱུར་ཡོད་པས་སོ།། བསམ་ཞིང་བསམས་ན། ཡུལ་དང་དུས་དང་གནས་སྐབས་མི་འདྲ་ནའང་། རིགས་དང་རྣམ་གྲངས་ངོ་བོ་མི་གཅིག་ནའང་། རང་རང་གི་ཁྱབ་ཁོངས་སུ་རྒྱུན་ཤེས་ལས་གལ་ཆེ་བའི་ཤེས་བྱ་ཞིག་གར་ཡང་མ་མཆིས་ལ། རྒྱུན་ཤེས་ལས་གནད་ཆེ་བའི་གདམས་ངག་ཅིག་གུད་དུ་མི་བཞུགས་པར་སྙམ།
རྒྱ་མི་ཤེས་ཡོན་ཅན་མོ་ལུའོ་ཡིས་ཀྱང་། རྒྱུན་ཤེས་དང་མི་ལྡན་པ་ནི་རང་རེའི་དུས་རབས་འདིའི་སྐྱོ་གདུང་དང་པོ་ཡིན་ལ། རྫུན་དང་རྫུས་མ་རྒྱུན་ཤེས་ལས་རྣམ་པར་རྒྱལ་ཏེ་རྒྱུན་ཤེས་ལ་འཕྱ་སྨོད་དང་། དགག་པ། མཐོང་ཆུང་གི་སྤྱོད་ཚུལ་དག་ཤོམ་ར་བྱེད་པ་ནི་རང་རེའི་དུས་རབས་ཀྱི་སྐྱོ་གདུང་གཉིས་པའོ།།ཞེས་བཤད་ཡོད། མ་གཞི་ཁོང་གི་སྐད་ཆ་དེ་ནི། དེང་དུས་ཀྱི་རྒྱ་ནག་གི་སྤྱི་ཚོགས་གནས་བབ་དང་། རིག་གནས་སྣང་ཚུལ། ཆབ་སྲིད་ཁོར་ཡུག་བཅས་ལ་སུན་འབྱིན་བྱས་པའི་བསྡོམས་ཚིག་ཅིག་ཡིན་རུང་། འུ་ཅག་བོད་པའི་རིག་གནས་ཀྱི་ཁོར་ཡུག་དང་སྤྱི་ཚོགས་གནས་བབ་ལ་མཚོན་ནའང་སྐད་ཆ་དུམ་བུ་དེ་ནི་རྣག་ཐོག་གི་མེ་བཙའ་ལྟ་བུར་ཁོ་བོས་མཐོང་སྟེ། རང་རེའི་ཕ་ས་ཕ་ཡུལ་གྱི་གངས་ལྗོངས་བོད་ཡུལ་ནི། མ་གཞི་ནས་རྒྱུན་ཤེས་ལ་མི་མོས་ཤིང་མི་དགའ་བར་མ་ཟད། རྒྱུན་ཤེས་ལ་མངོན་སུམ་དུ་སྙོན་འདིང་ས་ལྟ་བུ་ཞིག་ཏུའང་གྱུར་འདུག་པར་སྙམ། ཚད་ངེས་ཅན་ཞིག་ནས་བལྟས་ན། སྔོན་དང་ད་ལྟའི་དུས་ནམ་ཡིན་ཡང་། རང་རེ་བོད་པ་རྣམས་གཅིག་ཐོག་གཉིས་བརྩེགས་ཀྱི་ཕམ་ཉེས་རབ་དང་རིམ་པ་ཞིག་གི་ར་བ་ལས་མི་ཐར་པའི་འབྱུང་རྩ་དེ་ཁོ་ནར་ཐུག་པའི་རྒྱུ་མཚན་ཡང་མང་པོ་བགྲང་རྒྱུ་ཡོད།
གཞན་དུ་ད་རུང་། འུ་ཅག་གིས་མཁས་པ་ཆེན་པོའི་ཆོ་ལོ་རྒྱན་དུ་ཕུལ་མྱོང་བ་ཚོའི་ནང་དུ་ཡང་རྒྱུན་ཤེས་ཀྱི་གཟུང་གཞུག་རྣལ་མ་ཞིག་མི་ལྡན་མཁན་ནི་ཅིས་ཀྱང་ཡོད་ངེས་ན། ཁོང་བ་དག་གིས་བཤུལ་བཞག་བརྩམས་ཆོས་འགའ་ཞིག་ཀྱང་། དུས་ཚོད་རིམ་གྱིས་བགྲོད་པའི་གོ་རིམ་དང་འགྲོགས་ནས་རིན་ཐང་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་གིན་པའི་ཚུལ་ནི་འུ་ཚོ་རང་གིས་ཀྱང་ན་ཟུག་དང་བཅས་ཏེ་ཁས་མི་ལེན་ཐབས་མེད་ཡིན།
དེ་ཡང་དཔེ་བཞག་ན། བོད་པའི་སྤྱི་ཚོགས་ཀྱི་སྔར་འདས་བྱུང་རིམ་དག་ཀྱང་འགྲོ་བ་མིའི་རིགས་སྤྱིའི་ལོ་རྒྱུས་ཀྱི་གཞི་རྩའི་ཆོས་ཉིད་ལྟར་བྱུང་ཡོད་པ་ནི་སུས་ཀྱང་བསྙོན་མི་རིགས་པའི་ལོ་རྒྱུས་ཀྱི་རྨང་གཞིའི་རྒྱུན་ཤེས་ཤིག་ཡིན་ནའང་། ལོ་རྒྱུས་སྨྲ་པརུ་ཁས་འཆེ་བའི་རང་རེའི་རྩོམ་མཁན་སྔ་མ་འགས་ནི། འགྲོ་བ་མིའི་ལོ་རྒྱུས་ཀྱི་རྨང་གཞིའི་རྒྱུན་ཤེས་མཐའ་དག་རྩིས་མེད་དུ་དོར་ཏེ། ཕ་དམ་པ་བོད་དུ་ཐོག་མར་ཕེབས་དུས་སུ་བོད་ཡུལ་ཐམས་ཅད་ཆུ་ཡིས་གང་ཡོད་ཚུལ་གྱི་རྫུན་འུད་པོ་ཆེ་ནས་བཟུང་། མེས་པོ་གཉའ་ཁྲི་གནམ་ནས་བབས་ལུགས། གནམ་གྱི་ཁྲི་བདུན་མཁའ་རུ་གཤེགས་ཚུལ། གཉན་པོ་གསང་བ་སྤྲིན་གསེབ་ནས་ལྷུང་རབས། སྲོང་བཙན་ལ་མགོ་གཉིས་ཡོད་ཚུལ། དར་མ་ལ་རྭ་སྐྱེས་ཡོད་ལུགས་སོགས་དང་། ད་དུང། རྒྱ་ནག་གི་རྒྱལ་ངན་གཡོ་སྒྱུ་ཅན་ཚོ་འཇམ་དབྱངས་ཡིན་རབས། སོག་པོའི་དམག་དཔོན་གདུག་པ་ཅན་ཚོ་ཕྱག་རྡོར་ཡིན་ལུགས་སོགས་ནས་བཟུང་སྟེ། དབྱིན་ཇིའི་རྒྱལ་མོ་སྒྲོལ་མས་སྤྲུལ་ཚུལ་དང་། དཔའ་བོ་ལུང་ཤར་ལ་རྔ་མ་སྐྱེས་ལུགས་ཀྱི་བར་དུ་གཞན་གྱི་གོ་ན་གད་མོ་འཆོར་ལ། རང་གིས་བཀླགས་ན་མགོ་བོ་འཐོམ་པའི་ཡི་གེ་ཇི་སྙེད་ཅིག་བྲིས་ཏེ། དེ་དག་ལལོ་རྒྱུས་ཆེ་གེ་མོདངདེབ་ཐེར་ག་གེ་མོསོགས་ཀྱི་མཚན་བྱང་བརྗིད་པོ་འདོད་འདོད་དུ་བཏགས་ཡོད་པ་རེད།
 དྲང་མོར་བཤད་ན། ལོ་རྒྱུས་སུ་བརྩི་མི་འོས་ལ་གནའ་སྒྲུང་དུའང་བགྲང་མི་རིགས་པའི་བཤད་སྒྲོས་དེ་དག་གིས་ནི། ལོ་རྒྱུས་ཀྱི་བརྩམས་ཆོས་རྣལ་མ་དག་དང་འདྲ་བར། སྔར་འདས་ཉམས་མྱོང་གི་ཤེས་བྱ་རྣམས་མི་རབས་ཕྱི་མ་ཕྱི་མའི་བློ་གྲོས་འཕེལ་བའི་གདམས་ངག་ཏུ་འཇོག་མ་ནུས་པར་མ་ཟད། དེ་ལས་ལྡོག་སྟེ་མི་རབས་ནས་མི་རབས་སུ་རྒྱུན་ཤེས་མཐའ་དག་ལ་བསམ་བསམ་འདོད་འདོད་དུ་བསྙོན་འདིང་མཁན་གྱི་མི་ཚོགས་ཡ་མ་བརླ་ཁྲི་མ་འབུམ་ཞིག་བསྐྱེད་ཅིང་གསོས་པའི་ཚུལ་རང་རྒྱུས་རང་གིས་མི་ཤེས་སམ། རྒྱུ་རྐྱེན་དེ་ཡི་རྟེན་འབྱུང་ལས་ནི་དུས་ད་ལྟ་ཡང་རང་རེའི་མི་རྣམས་རང་ངོ་རང་གིས་མི་ཟིན། རང་ཁྱིམ་རང་གིས་མི་རྟོགས། རང་ལམ་རང་གིས་མི་མཐོང་བའི་ཚད་དུ་གནས་ཡོད་པར་སུ་ཞིག་བསྙོན་ཨང་།
ཀྱེ་ཀྱེ་ཆོས་ཀྱི་གྲོགས་པོ་ཚོ། ཁོ་བོ་ཆོས་ལ་དད་སེམས་ཞན་པ་དང་། བསམ་གྱིས་མི་ཁྱབ་པའི་གནསལ་ཡིད་ཆེས་ཆུང་བ་དངོས་གནས་མ་ལགས་ཏེ། མི་རིགས་ཤིག་གི་ལོ་རྒྱུས་བརྩམས་ཆོས་ཀྱི་ནང་དུ་ཆོས་པ་སྒེར་གྱི་དག་སྣང་བསྲེས་ནས་བྲིས་པ་ནི། ནོར་བ་ལས་ཀྱང་ནོར་བ་ཞིག་ཏུ་ངེས་པའི་རྒྱུ་མཚན་ལ་བསམས་ནས་ཅིས་ཀྱང་དེ་སྐད་སྨྲ་དགོས་བྱུང་།
རེད། མི་རིགས་ཤིག་གི་ལོ་རྒྱུས་མཐའ་དག་ལྷ་སྒྲུང་དུ་བསྒྱུར་ཅིང་གྱུར་པ་ན། མི་རིགས་དེ་ཉིད་མི་ཡིན་པའི་རྒྱུན་ཤེས་ཀྱི་རྩ་བ་རླུང་ལ་བསྐུར་བ་དང་གཉིས་སུ་མ་མཆིས་ལ། མི་རིགས་ཤིག་གི་སྔར་འདས་ལ་ཕྱིར་ལྟ་བྱ་སའི་ལོ་རྒྱུས་ཀྱི་མེ་ལོང་གཙང་མ་སིལ་བུར་ཐོར་པ་ནས། མི་རིགས་དེ་ཉིད་སོ་སོའི་ཕ་ངོ་མི་ཤེས་པའི་དྭ་ཕྲུག་ཏུ་གྱུར་པ་དང་ཡང་གཉིས་སུ་ག་ལ་ཡོད། དེས་ན་རང་རེའི་གནའ་རབས་དང་ཉེ་རབས་གང་གི་སྐབས་ཀྱི་ཡིན་ཡང་རུང་སྟེ། འདས་ཟིན་གྱི་བྱུང་བ་བཟང་ངན་མཐའ་དག་རྫུན་ཚིག་གི་དྲི་མས་མ་བསླད་པའི་གླེག་བམ་ཏུ་སྒྲིག་རྩོམ་བྱ་རྒྱུ་ཡང་ང་ཚོེར་མི་ཡི་རྒྱུན་ཤེས་གཙང་མ་ཞིག་འགྲུབ་པའི་རྒྱུ་རྐྱེན་གལ་བོ་ཆེ་ཞིག་ཏུ་བརྩི་རུང་།
མཚམས་ལན་རེར་ཁོ་བོ་ནི། སྔོན་ཆད་འུ་ཚོ་རང་གིས་བྲིས་པའི་ཆོས་མིན་སྲིད་མིན་དང་། ཞྭ་དཔེ་ལྷམ་འགེབས་ཀྱི་བཤད་སྒྲོས་ཡི་གེར་ཕབ་པ་དག་དང་། ད་ལྟ་གཞུང་ཕྱོགས་ཀྱིས་བྲིས་པའི་རྫུན་གཏམ་ཆེད་བསྒྲིགས་མ་དག་ལ་སུན་སྣང་ཆེས་ཆེར་སྐྱེ་བཞིན། ཀྱེ་མ། མི་རིགས་གཞན་དག་དང་འདྲ་བར་བོད་ལ་ཡང་ལོ་རྒྱུས་ཀྱི་བརྩམས་ཆོས་རྣལ་མ་རེ་ཡོད་ན་ཅི་མ་རུང་སྙམ་དུ་ལོ་རྒྱུས་ཤེས་འདོད་ཆེ་བའི་ཁོ་བོས་བློ་ཕམ་དྲག་པོ་དང་བཅས་བོད་ཀྱི་ལོ་རྒྱུས་ཡི་གེ་རྣམས་ཕར་སློག་ཚུར་སློག་བྱས་ཚེ། མིག་གི་རྒྱན་དང་ཡིད་ཀྱི་གསོས་སུ་གྱུར་པ་ཞིག་རྙེད་པ་ནི་བཙན་པོའི་དུས་རབས་ཀྱི་ཤུལ་ལྷག་རྒྱུ་ཆ་ཐར་ཐོར་རྣམས་ཏེ། རྡོ་རིང་ཁག་གི་ཡི་གེདང་། དྲིལ་བུའི་ཁ་བྱང》《བྲག་བརྐོས་ཡི་གེ》《ཏུན་ཧོང་གཏེར་ཡིགསོགས་བདེན་པའི་འཛུམ་རས་ཆགས་པའི་བརྩམས་ཆོས་དེ་ཚོ་རེད། གྲངས་དང་ཡིག་འབོར་ཤིན་ཏུ་ཉུང་ནའང་། རྒྱུན་ཤེས་ཀྱི་བཅུད་དང་ལྡན་ལ་བདེན་དོན་གྱི་རྩི་དང་མ་བྲལ་བ་དེ་དག་གི་ཡིག་འབྲུ་རེ་རེའི་ལྗིད་ཚད་ཀྱང་གསེར་སྲང་ཁྲི་སྟོང་གིས་གཞལ་དཀའ་བ་ཞིག་ཏུ་སྙམ་སོང་། ཤུལ་ལྷག་གི་དངོས་པོ་ཕྲན་བུ་དེ་ཙམ་ལའང་རྒྱུན་ཤེས་ཀྱི་རོམངར་མ་ཉམས་པའི་ཚུལ་གཅིག་པོས་ཀྱང་། བཙན་པོའི་དུས་རབས་ནི། བོད་པ་ཚོ་རྒྱུན་ཤེས་དང་ལྡན་པའི་དུས་ཚིགས་ཤིག་ཏུ་བརྩི་ཆོག་པའི་གསལ་བཤད་གནང་ཡོད་པ་མ་རེད་དམ།
《ཏུན་ཧོང་གནའ་ཡིག》ལས། འབངས་མགོ་ནག་པོ་ཡང་མཐོན་དམན་ནི་སྙམས། དཔྱའ་སྒྱུ་ནི་བསྐྱུངས། དལ་དུ་ནི་མཆིས། སྟོན་དཔྱིད་ནི་བསྐྱལ། འཁོར་བར་ནི་སྤྱད། འདོད་པ་ནི་བྱིན། གནོད་པ་ནི་ཕྱེ། བཙན་པ་ནི་བཅུགས། སྡོ་བ་ནི་སྨད། འཇིགས་པ་ནི་མནན། བདེན་པ་ནི་བསྙེན། མཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར། ཆོས་བཟང་སྲིད་མཐོ་སྟེ། མྱི་ཡོངས་ཀྱི་སྐྱིད་དོཞེས་པ་ལྟར། བོད་རྒན་རྣམས་རང་རློམ་སྐྱེས་པ་ཅུང་ཟད་དོན་དང་མཐུན་པའི་སྐབས་དེར་ནི། ཆོས་ཆོས་སུ་མཐོང་སྟེ་ཞི་བའི་གདམས་ངག་ཏུ་བཀུར། སྲིད་སྲིད་དུ་གོ་སྟེ་དཔའ་མཛངས་མཁས་གསུམ་གྱིས་བསྐྱངས་པ་སོགས་མི་ཡི་རྒྱུན་ཤེས་གྲ་མ་ཉམས་པར་ཆགས་འདུག་ན། མི་རྣམས་རྒྱུན་ཤེས་དང་ལྡན་པ་དེ་ནི་སྐབས་དེའི་བོད་ཆེན་པོའི་ཤེས་རིག་དཔལ་ཡོན་ཅུང་ཟད་དར་འཕེལ་དུ་སོང་བའི་གཞི་རྩའི་ཆ་རྐྱེན་ཉག་གཅིག་ཏུ་བགྲང་འོས་པ་ཡང་སྨོས་ག་ལ་དགོས།
འོན་ཏེ། བར་སྐབས་ཤིག་ནས་བཟུང་ཁེ་ཕན་གྱི་དམིགས་ཡུལ་འགལ་བའི་རྩོད་ཉོག་དག་གི་ཁྲོད་དུ། ཁ་ཅན་དབང་ཅན་གྱིམི་ཆེནའགའ་རེས་ནི་ག་ལེར་ག་ལེར་རྒྱུན་ཤེས་ལ་བརྙས་འགོ་བཟུང་ཞིང་རྒྱུན་ཤེས་ལ་དམོད་འགོ་བརྩམས་པ་ན། གཡོ་ཅན་འཕྲུལ་ཅན་གྱིམིའུ་ཆུངམང་པོས་ཀྱང་རིམ་གྱིས་རིམ་གྱིས་རྒྱུན་ཤེས་རྡོག་པས་བརྫིས་ཤིང་རྒྱུན་ཤེས་ལག་པས་གསུབ་སོང་། དེ་ནས་ཅང་མ་འགོར་བར་བོད་མིའི་བློ་རིག་གི་མྱུ་གུ་སྐྱེ་འཕེལ་གྱི་ཞིང་ས་ཡོངས་སུ་བསྐམས་ཤིང་བོད་མིའི་རྒྱུན་ཤེས་ཀྱི་ཕོ་བྲང་ཕྱི་འཐོར་ནང་ཆག་ཏུ་སོང་བས། ཐུ་བྷོད་བཙན་རྒྱལ་གྱི་སྲིད་འབྱོར་རིག་གསུམ་པོའི་འཕེལ་ཕྱོགས་ཀྱང་ལམ་གོལ་དུ་འཕྱན་ཏེ་སྐམ་སར་བུད་པའི་ཉ་མོ་ཇི་བཞིན་དེ་མ་ཐག་ཚེ་དང་སྲོག་གི་རྒྱུ་བ་འགགས་སོ།།
དུས་དེ་ནས་བཟུང་། ས་མཐོའི་གངས་ཅན་པའི་ཕ་ཁྱིམ་དུ་ཆོས་ཀྱི་གཞུང་ལུགས་ལ་མཁས་པའི་སྐྱེས་བུ་མང་པོ་བྱུང་མྱོང་བ་ཙམ་ལས། ཡུལ་མི་ཕལ་མོ་ཆེའི་ཤེས་རབ་ཀྱི་ཞིང་ས་སྐེམ་པོ་ལ་ནི། སྐབས་སུ་བབས་ཤིང་། དུས་སུ་སྨིན་པའི་རྒྱུན་ཤེས་ཀྱི་མྱུ་གུ་གསོན་པོ་ཞིག་ནམ་ཡང་མ་འཁྲུངས་ཕྱིར། བོད་པའི་སྲིད་འབྱོར་གྱི་ལང་ཚོ་རྒུད་པ་ནས་རྒུད་པའི་ལམ་དུ་སྐྱོད་པའི་རྡོག་སྣེ་དེ་སུས་ཀྱང་འགོག་ཐབས་བྲལ་བར་གྱུར། རིམ་བཞིན་ལོ་ངོ་བརྒྱ་སྟོང་གི་དུས་ཡུན་རིང་པོར་བོད་མི་ཚོས་ལོ་རྒྱུས་ཀྱི་མཚར་རྩེད་སྣ་ཚོགས་རབ་དང་རིམ་པ་ཞིག་བརྒྱུད་པའི་གོ་རིམ་ནང་དུ། མི་ལ་ལས་ཆོས་ཀྱི་མིང་བརྡ་རྫིག་པོ་དག་ཁ་ལ་ཁྱེར་ཏེ་སྲིད་ཀྱི་བླ་རྐང་གཅོག་པའི་ལས་ཀ་རྒྱུན་ཆགས་སུ་སྤེལ་བ་དང་། མི་ལ་ལས་སྲིད་ཀྱི་དམིགས་ཡུལ་སྣ་ཚོགས་ཡིད་ལ་བརྣགས་ཏེ་ཆོས་ཀྱི་མཛེས་སྡུག་འཇོམས་པའི་བསམ་སྦྱོར་ཡང་ལུགས་འབྱུང་དུ་སྤེལ་བ་རེད།
དེ་ལྟར་མི་ལ་མི་ཡི་འགྲོ་ལུགས་རྒྱུན་ལྡན་ཞིག་ཆགས་མ་ཐུབ་ཅིང་། ཆོས་ལ་ཆོས་ཀྱི་གནས་གཞིས་འཐུས་ཚང་ཞིག་སྐྲུན་མ་ཤེས་པའི་བོད་པ་དག་ནི། ཡ་མ་ཡུན་གྱི་ངང་ལ་མི་རྣམས་ཀྱིས་རྡུལ་ཕྲན་དུས་རབས་སུ་འབོད་པའི་བརྒྱ་ལོ་ཉི་ཤུ་པའི་ནང་ལ་སླེབས་ཚེ། ནུབ་ཕྱོགས་རྒྱ་མཚོའི་གླིང་ནས་བྱུང་བའི་རྫས་འཕྲུལ་རྟེན་འབྱུང་གི་ཆ་ཤས་ཙམ་རེ་མཐོང་ན་ཡང་བདུད་ཀྱི་སྤྲུལ་བ་མིན་ན་ཅི་ཡིན་སྙམ་དུ་འཇིགས་ཤིང་ཞེད། གླེན་ལྐུགས་རྨོངས་གསུམ་གྱིས་གཏམས་པའི་ལམ་དང་ལུགས་སྲོལ་ཅི་ཡོད་ལྷ་ཡི་ཕྱག་བཞེས་གཙང་མ་ལོས་ཡིན་སྙམ་དུ་བཟུང་ཞིང་འཐམས། ད་དུང་། ཕོ་སུ་རྒོད་ཀྱི་ངོ་སོ་བརྩད་ནས་ཁྲག་གི་འཁོར་ལོ་ཁྱིམ་ལ་བསྐོར། མི་སུ་སྤྱང་གི་འཇོན་ཐང་བརྩད་ནས་སྐྲག་པའི་ཐེ་བོང་དགྲ་ལ་འགྲེང་སྟེ་མུན་ནག་གདུག་པའི་ཁྲབ་སྟོན་སྣ་ཚོགས་ཀྱིས་དུས་འདའ་བར་བྱས་སོ།།
            
གཉིས།
  བརྒྱ་ལོ་ཉི་ཤུ་པའི་དཀྱིལ་དུ། མི་ལ་མི་ཡི་མཚན་ཉིད་བྲལ་བའི་རང་ཅག་གི་གླེན་སྣང་ལ་སྐྱོ་ཤས་འཁྲུངས་ཤིང་། མི་ལ་མི་ཡི་རྒྱུན་ཤེས་བྲལ་བའི་རང་ཅག་གི་ཆོས་ཉིད་རྣམས་ཐུགས་སུ་ཆུད་པས། ཤས་མི་བཟོད་པའི་ན་ཟུག་ཅིག་ཐུགས་ལ་སྨིན་པའི་སྐྱེས་བུ་ཞིག་ཡུལ་འདིར་ཐོག་མར་བྱུང་བ་ནི། རིགས་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་རེད།
རེད། མཁས་མཆོག་གང་གི་སྐུ་ཚེའི་བྱུང་བ་དང་། བྲིས་པའི་བརྩམས་ཆོས་ལ་གང་ལ་བལྟས་ཀྱང་རུང་། བོད་མི་ཚོ་ལའང་མིའི་རྒྱུན་ཤེས་རྣལ་མ་ཞིག་ཡོད་ན་ཅི་མ་རུང་སྙམ་པ་དེ་ནི། ཁོང་གི་ཐུགས་ལ་ཉར་པའི་མི་ཚེའི་རེ་བ་ཡིན་པར་ངེས་ཤིང་། འདི་ལྟར་བསྡད་ན་བོད་པའི་ཆོས་སྲིད་རིག་གནས་མཐའ་དག་རྩ་མེད་དུ་ཉམས་པར་འགྱུར་ཨང་སྙམ་པ་དེ་ནི། ཁོང་གི་སེམས་ལ་ཤར་པའི་བཅོས་མིན་གྱི་གདུང་བ་ཡིན་པ་བདག་གིས་ཚོར་སོང་། ཁོང་རང་གི་ཞལ་ནས་ཀྱང་། མཐོ་རིས་ཐར་པའི་དངོས་རྒྱུ་མི་བྱེད་ཀྱང་།། གསེར་དང་དངུལ་གྱི་འདུ་སྒོ་མི་ཡོང་བའི།། བར་མ་དོ་རུ་གནས་པའི་གནད་འདི་དག། ཀུན་གྱིས་བོར་ཀྱང་ཁོ་བོས་ཞིབ་ཏུ་དཔྱད།། ཅེས་པ་ལྟར། རྒྱུན་ཤེས་ཀྱི་ཆེད་དུ་ཁོང་གིས་མཁས་རྒན་ཚོས་ཡལ་བར་དོར་བ་མང་པོ་འབད་པས་བཙལ། རྒྱུན་ཤེས་ཀྱི་ཆེད་དུ་ཁོང་གིས་འུ་ཅག་ལ་ལོ་རྒྱུས་ཀྱི་བརྩམས་ཆོས་གསར་པ་བྲིས། རྒྱུན་ཤེས་ཀྱི་ཆེད་དུ་ཁོང་གིས་འུ་ཅག་ལ་ཕྱི་རོལ་གྱི་དུས་འགྱུར་ངོ་སྤྲོད་བྱས། རྒྱུན་ཤེས་ཀྱི་ཆེད་དུ་ཁོང་གིས་འུ་ཅག་ལ་བློ་འབྱེད་ཀྱི་སྒྲོན་མེ་གསར་དུ་སྤར། རྒྱུན་ཤེས་ཀྱི་ཆེད་དུ་ཁོང་གིས་འུ་ཅག་ལ.........
དགེ་ཆོས་ཀྱི་གསུང་ཕལ་མོ་ཆེ་ཞིག་ནི་གོ་དཀའ་ལ་གཏིང་ཟབ་པའི་གནས་ལུགས་མང་པོ་བརྗིད་ཆགས་སུ་བསྟར་པ་ཞིག་མིན་ན་ཡང་། མཁས་པ་གཞན་དག་གིས་བརྩིས་མེད་ཡལ་བར་དོར་པའི་མིའི་རྒྱུན་ཤེས་ཀྱི་རོམངར་སྟུག་པོ་བཅུད་དུ་ཆགས་ཡོད། ཁོང་ལ་མཚོན་ན། མི་རེ་གཉིས་ཀྱིས་མ་གཏོགས་མི་གོ་བའི་མཚན་ཉིད་གཞུང་ལུགས་བརྗིད་པོ་རེ་བྲིས་ནས་མཁས་དབང་ཆེན་པོའི་གྲལ་གནས་བསྙེག་ཐུབ་པའི་བློ་གྲོས་མེད་པ་ག་ལ་ཡིན་ཏེ། རྒྱུན་ཤེས་ཀྱིས་ཕོངས་ཤིང་རྒྱུན་ཤེས་ལ་བསྙོན་པའི་མུན་ནག་གི་འཇིག་རྟེན་འདིའི་སྐྱེ་བོ་རྨོངས་པ་རྣམས་མི་རྣལ་མ་ཞིག་ཏུ་འགྱུར་བའི་ཆེད། བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་།། རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་བ།། དེ་ནི་མཁས་པའི་དམ་ཚིག་དང་པོརབརྩིས་ནས། ཡུན་ཐུང་ཚེ་ཡི་དུས་ཚོད་རྒྱུན་ཤེས་ཀྱི་ཕྱོགས་སུ་འགྲེང་སྟེ་གླེན་ལྐུགས་རྨོངས་པའི་དགྲ་ལ་འཐབ་མོ་བྲན་པ་རེད། རྙིང་པ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།། གསར་པ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས།། ངོ་མཚར་ཐམས་ཅད་ཐན་ལྟས་ཉིད་དུ་བསྒོམས།། ཆོས་ཀྱི་རྒྱལ་ཁམས་ཏྲི་བྷོ་ཊ་ཡི་སྲོལ།། ཞེས་པ་ལ་གཟིགས་དང་། གོ་མི་ཐུབ། ཤེས་མི་ནུས་པའི་ཟབ་དོན་ཞིག་མ་ཡིན་པར་བོད་མི་རང་རྒྱུས་ཅན་ཀུན་གྱིས་མྱོང་བས་གྲུབ་པ་ཞིག་ཡིན་ན་ཡང་། ཡིན་པ་ལ་ཡིན་པར་ངོ་སྤྲོད་པའི་བདེན་ཚིག་འཇིགས་མེད་དུ་སྨྲ་བ་དེ་ནི་མི་ཡོད་ཚད་ཀྱིས་འཇོན་པ་ཞིག་ག་ལ་ཡིན།
དེ་ལྟར་རྒྱུན་ཤེས་ལ་ཐུགས་ཞེན་ཟབ་པའི་ཁོང་གིས་ནི། མཚན་ཉིད་གྲུབ་མཐའ་ཆེན་མོ་གང་ཞིག་གི་ལམ་ཆེན་མ་ཕྱེས་ལ། ཆོས་རྒྱུད་རིང་ལུགས་ཆེན་པོ་གང་ཞིག་གི་སྲོལ་ལུགས་མ་བཏོད་དེ། སྐུ་ཚེ་ཧྲིལ་པོར་རྫུན་ལ་རྒོལ་ཞིང་རྫུས་མ་ལ་འཐབ་སྟེ་ཁ་བའི་འཇིག་རྟེན་གྱི་གྲུ་ཟུར་ཀུན་ཏུ་རྒྱུན་ཤེས་ཀྱི་རྩ་བ་འཛུགས་པའི་དཀའ་ཐུབ་ཀྱི་སྦྱོར་བ་བདག་གིར་བླངས། དུས་ནམ་ཡངབདེན་པའི་ཨུ་ཚུགསཆེན་པོས། དབང་གྲགས་ལ་མགོ་བོ་མ་བསྒུར་བར་རང་གི་ཚེ་སྲོག་གཏའ་མར་བཞག་ནས་རྒྱུན་ཤེས་སྲུང་སྐྱོབ་ཀྱི་ངལ་དུབ་ཁུར་དུ་བླངས་པའི་གོ་རིམ་ཁྲོད། དུས་རབས་ཤིག་གི་རྒྱུ་འབྲས་བློ་མིག་གཙང་མའི་མགྲིན་ཚབ་བྱས་པར་བརྟེན། ད་གཟོད་ཁོང་གི་བྱུང་བ་ནི་དཔོན་རྒན་དབང་ཆེན་ཚོ་ལས་རླབས་ཆེ་ལ། ཁོང་གི་མཛད་རྗེས་ནི་མཁས་རྒན་འཁོར་ཅན་ཚོ་ལས་ཁྱད་དུ་འཕགས་པར་སྙམ།
གང་ལྟརལྷ་མི་གཅིག་འདྲེསཀྱི་འདུ་ཤེས་དང་སེམས་ཁམས་ནི། བོད་མིའི་རྒྱུན་ཤེས་དང་རྒྱུན་ཤེས་ཀྱི་ལམ་སྲོལ་མཐའ་དག་བྱེ་མའི་ཆིངས་བུ་བཞིན་དུ་འཐོར་བའི་ཉེར་ལེན་གྱི་གཙོ་བོ་ཡིན་པ་ལོ་རྒྱུས་ཀྱི་མྱོང་བས་གྲུབ་ན། ལྷ་ལ་ལྷ་ཡི་འཇིག་རྟེན་གྱི་གཏན་ཚིགསཤིག་ཡོད་ལ། མི་ལ་མི་ཡི་གཞིས་ཁྱིམ་གྱི་རྒྱུ་མཚན་ཞིགཡོད་པའི་ཆོས་ཉིད་ལྟར། རང་རང་ལ་ཐུན་མིན་གྱི་གོང་ཐང་གཅོད་ཕྱོགས་རེ་རེ་ཆགས་རྒྱུ་ནི་ཡུལ་གངས་ཅན་པ་རྣམས་ལ་ཡང་མི་ཡི་རྒྱུན་ཤེས་ཤིག་འགྲུབ་པའི་རྟེན་འབྱུང་ཀུན་གྱི་ཐོག་མ་ཡིན་པ་སྨོས་ག་ལ་དགོས། དོན་གྱི་དབང་དེ་ཉིད་གཟིགས་ནས། དགེ་འདུན་ཆོས་འཕེལ་གྱིས་ཀྱང་། ཐོག་མར་ཆོས་པའི་དག་སྣང་གི་འཇིག་རྟེན་དང་། མི་ཡུལ་ཆགས་སྡང་གི་གཡུལ་ས་གཉིས་ཐ་དད་དུ་བྱས་པའིརྒྱལ་རབས་དེབ་ཐེར་དཀར་པོབརྩམས་པ་རེད། བརྩམས་ཆོས་དེ་རུ་བོད་པའི་ལོ་རྒྱུས་གཞན་དུ་བྱུང་བའི་སྤྲུལ་བ་དང་སྤྲུལ་སྒྱུར་གྱི་འཇིག་རྟེན་དེ་ཟུར་དུ་བཞག་ནས། མི་ཕལ་པའི་མིག་གིས་བལྟ་རྒྱུ་ཡོད་ལ། མི་ཕལ་པའི་སེམས་ཀྱིས་དཔྱད་རྒྱུ་ཡོད་པའི་མི་ཡུལ་རང་མཚན་པ་ཞིག་གི་སྔོན་གྱི་གཏམ་དང་གནའ་ཡི་བྱུང་བ་བྲིས་ཡོད་པས། ལྷ་མིགཉིས་ཀ་ཁྱིམ་གཅིག་ཏུ་འདྲེས་པའི་གངས་རིའི་ལྗོངས་ལ་མཚོན་ན་ནི། ཚུལ་དེ་ཉིད་ཀྱང་སྔ་ན་མེད་པའི་རིག་གནས་རླབས་རྒྱུན་གསར་པ་ཞིག་གི་སྒོ་མོ་ཧར་གྱིས་ཕྱེས་པ་ཡིན་ཨང་།
དེང་གི་ཞིབ་འཇུག་པ་འགས་སྨྲ་བཞིན་པ་ལྟར། རྒྱལ་རབས་དེབ་ཐེར་དཀར་པོནི། དཔྱད་གཞིའི་རྒྱུ་ཆ་གསར་པ། དཔྱོད་པའི་རིགས་ལམ་གསར་པ། དཔྱད་འབྲས་འབྲི་ཚུལ་གསར་པ་སྟེ་ཁྱད་ཆོས་གསུམ་གྱིས་ཕྱུག་པའིརྩམས་ཆོས་ཤིག་ཡིན་མོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་བོད་པའི་ལོ་རྒྱུས་བརྩམས་ཆོས་དག་གི་ནང་ནསརྒྱལ་རབས་དེབ་ཐེར་དཀར་པོཉིད་འཛམ་གླིང་སྤྱིའི་ལོ་རྒྱུས་བྱུང་འཕེལ་གྱི་རྒྱུན་ཤེས་ལ་མི་བསྙོན་ཞིང་། མིའི་རིགས་སྤྱིའི་ཡོངས་ཁྱབ་ལྟ་ཚུལ་གྱི་རང་བཞིན་ལ་མི་རྒོལ་བའི་ལོ་རྒྱུས་རྣམ་དག་ཅིག་ཏུ་བརྩི་ཆོག་པ་དེའོ།།
བོད་མི་ཚོ་རྒྱུན་ཤེས་ལ་དངོས་སུ་བསྙོན་པ་དང་། རྒྱུན་ཤེས་ལ་ཐབས་ཀྱིས་རྒོལ་བའི་ཡ་མ་བརླའི་སེམས་ཁམས་དེས་མཚམས་ལན་རེར་ཁོང་ཉིད་ཐུགས་སྐྱོ་ཞིང་ཡིད་སུན་པས་འཐེ་བོང་ཐོད་དུ་ཀེར་ཏེ། བོད་ལ་རྒྱུན་ཤེས་རྟ་རྔ་ཙམ་རེ་གནས་ཆོག་པའི་ཞུ་བའང་བྱས་ཡོད་དེ།《གསེར་ཐང》ལས། དེ་ལ་རྒྱལ་པོའི་རྫུ་འཕྲུལ་གྱིས་ཤིང་ཐམས་ཅད་དམག་ཏུ་འགྱུར། རྡོ་བ་ཐམས་ཅད་རྟར་འགྱུར། དེ་ཐམས་ཅད་ཆུ་ཆེན་རྨ་ཆུའི་སྟེང་ནས་ཕར་ལ་རྩྭ་འཇག་མ་གཅིག་གིས་ཟམ་པ་བྱས་ནས་སོང་བྱ་བ་སོགས་ལོ་གཅིག་ལ་བསྒྲུབ་དགོས་པ་རྣམས་ཉིན་གཅིག་ལ་གྲུབ། མི་སྟོང་གིས་བྱེད་དགོས་པ་རྣམས་མཛུབ་མོ་གཅིག་གིས་བྱས་པ་སོགས་ངོ་མཚར་ཧར་ཆེན་པོའི་གཏམ་རྒྱུད་སྨྲས་ན། བླུན་པོ་རྣམས་ལ་ཅི་བས་ཀྱང་ངོ་མཚར་སྐྱེས་ནས་འཁོར་གྱི་ནང་དུ་འུར་སྒྲ་དང་། བཞད་གད་དང་། མིག་ཆུ་འདོན་པ་མང་དུ་འོང་། རྟའི་ལོ་ལ་བཙན་པོ་འོན་ཅང་མདོ་ན་བཞུགས། གར་ལོག་གི་ཕོ་ཉས་ཕྱག་འཚལ། རྔ་མོང་དང་། བ་ལང་མང་པོ་ཕྱག་ཏུ་ཕུལ། སྟོད་སྨད་ཀྱི་རྐུན་མ་བཏུལ་སོགས་སྨྲས་ཚེ། མིའི་ལོ་རྒྱུས་ས་སྟེང་དུ་བྱུང་བ་དེ་ཡིན་པར་ཤེས་ནས། མཉན་མཁན་གྱི་བླུན་པོ་ཉུང་དུ་འགྲོ་སྐབས། ཐམས་ཅད་ཀྱིས་སྔ་མ་འདམས་ནས་གཅིག་ལས་གཅིག་ངོ་མཚར་ཆེ་བའི་གཏམ་རྒྱུད་སྤེལ་བའི་ཐབས་ལ་འབད་པས། དུས་བསྒྲིགས་པའི་རྒྱལ་རབས་དངོས་ལ་རིན་ཐང་ཅི་ཡང་མེད་པར་བྱས་སོ།། ཞེས་པ་ནས། དེས་ན་འདི་ལྟ་བའི་ཕྱོགས་ལ་འུར་བསླངས་ནས་བདེན་གཏམ་སྦྲང་མའི་སྐད་ཙམ་མཆིས་པ་རྣམས་དབུགས་ཐག་མི་བཅད་པར་གསོལ་བ་འདེབས། ཞེས་རེ་ཆད་དང་། ཡིད་ཕམ། གདུང་བ་སོགས་སེམས་བྱུང་སྣ་ཚོགས་ཀྱི་རྒྱུ་བ་བརྩེགས་རིམ་དུ་བསྟར་པའི་རེ་འབོད་སྐྱོ་ལྷང་ངེ་བ་བྱས་ཡོད།
གཞན་དུ་ད་རུང། མཚན་ཉིད་སྐོར་གྱི་གཞུང་ལུགསཀླུ་སྒྲུབ་དགོངས་རྒྱནདང་། རྒྱལ་ཁམས་བསྐོར་པའི་ཟིན་བྲིསགཏམ་རྒྱུད་གསེར་ཐངསོགསདགེ་ཆོས་རྣམ་དཔྱོདཀྱི་གཟུངས་གཞུག་ལྡན་པའི་ལེགས་རྩོམ་གང་ཡིན་ཐམས་ཅད་ལ་གཞན་དང་གཞན་གྱིས་བསྒྲུན་དུ་མེད་པའི་ཁྱད་ཆོས་དང་རིན་ཐང་ཆེན་པོ་ལྡན་པ་ལྟ་ག་ལ་ཞིག  ལྷག་པར་ང་ལ་མཚོན་ན། ཚིག་བཅད་ཀྱི་རྣམ་པར་ཡོད་པའིརྩོམ་ཐུང་ཐོར་བུརྣམས་ནི་ཁོང་ཉིད་རྒྱུན་ཤེས་ལ་ཞེན་པའི་རེ་བ་དང་རྒྱུན་ཤེས་ལ་དུངས་པའི་སེམས་ཚོར་རྣལ་མ་མཚོན་པའི་བརྩམས་ཆོས་དམིགས་བསལ་ཅན་ཤ་སྟག་ཏུ་སྣང་བས། ལན་བརྒྱར་བཀླགས་ཀྱང་བྲོ་བ་མི་ཤོར་པའི་ཤེས་རབ་ཀྱི་ཟས་མཆོག་ཉིད་དུ་སེམས་ཡོད།
མི་རེའི་ཁོང་ན་མི་མཐུན་ཚད་མ་རེཡོད་པ་དེ་མི་གཤིས་ཀྱི་ཆོས་ཉིད་དུ་གཟིགས་པའི་ཁོང་གིས། སྤྱང་གི་ཤ་ཟན་རི་བོང་རྩྭ་ཟན་གཉིས།། ཟས་ཀྱི་དོན་དུ་གྲོས་ཁ་བསྡུར་པ་ལས།། རེ་ཞིག་རང་རིགས་མཐུན་པའི་འཁོར་ནང་དུ།། རང་རང་སོ་སོའི་སྤྱོད་པ་བསྐྱངས་ན་ལེགས།།  ཞེས་དང་། འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་།། གྲོང་པ་རྣམས་ལ་མར་ཁུ་འཐུང་བ་སོགས།། མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད།། འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད།། ཅེས་དཔེ་ཤིན་ཏུ་གསལ་བོའི་སྒོ་ནས། མི་བྱེ་བྲག་པ་ཞིག་ལ་མཚོན་ན། འཚོ་བའི་གོམས་སྲོལ་གང་ལ་མོས་པ་དང་། རིག་གནས་བསམ་བློ་གང་ལ་དགའ་བ། དེ་བཞིན་ཆོས་ལ་དད་པའམ་མི་དད་པ། གལ་ཏེ་ཆོས་ལ་དད་ན་ཆོས་ལུགས་གྲུབ་མཐའ་སུ་ཞིག་ལ་དད་པ་སོགས་ནི། གང་ཟག་རང་རང་གི་ཁམས་དང་བསམ་པ་གཙོར་བྱས་ཀྱི་སྒོ་ནས་འདམ་གསེས་བྱེད་རིགས་པ་ཞིག་ཡིན་པ་ལས། འཇིགས་སྣང་སྐུལ་བ་དང་། གནོན་ཤུགས་སྤྲོད་པ་སོགས་དྲག་ཐབས་ཀྱི་ལས་ལ་བརྟེན་ནས་གཅིག་གི་འདོད་མོས་དེ་ཉིད་གཞན་ལ་བཙན་འགེལ་བྱ་མི་རིགས་པར་ནན་གྱིས་གསུངས་ཡོད།
འོན་ཏེ། དུས་ད་ལྟ་ཡང་རང་རེའི་མི་ཕལ་མོ་ཆེས་ཆོས་ལུགས་གྲུབ་མཐའི་ཕྱོགས་ཞེན་དང་། བླ་སྤྲུལ་བར་གྱི་འཐབ་རྩོད་སོགས་ཀུན་གཞིའི་གཏིང་རིམ་ན་ཉར་ཞིང་། ཆོལ་ཁ། ཡུལ་ལུང་། སྡེ་གྲོང་། གཉེན་ཚན་སོགས་ཀྱི་རྩོད་རྒྱུན་མི་གཙང་བ་དུ་མའི་བཞུར་རྒྱུན་ཁྲག་གི་ནང་བཅུད་དུ་སིམ་འདུག་པར་བལྟས་ན། རྒྱུ་མེད་དབང་མེད་ཀྱི་སྨྱུག་འཛིན་དབུལ་བོ་ཞིག་གི་གཏམ་ལ་ནི་རང་རེའི་རྣ་བ་ཞིབ་ཏུ་གཏོད་མ་མྱོང་བར་སྣང་།
གང་ལྟར་ཞིབ་ཏུ་བལྟས་ཚེ། མི་དང་མིའི་བར་ཡིན་ན་འདྲ། བསམ་བློ་དང་བསམ་བློའི་བར་ཡིན་ན་འདྲའང་། ཆོས་ལུགས་དང་ཆོས་ལུགས་བར་ཡིན་ནའང་འདྲ། རིག་གནས་དང་རིག་གནས་བར་ཡིན་ནའང་འདྲ་སྟེ། ཕན་ཚུན་བརྩི་འཇོག་དང་རུང་བསྟུན་གྱི་ངང་དུ་ལྟ་བ་སྣ་ཚོགས་མཉམ་གནས་བྱེད་རྒྱུ་དེ་ཉིད་དགེ་ཆོས་བསམ་བློའི་གྲུབ་ཆ་གལ་ཆེན་ཞིག་ཏུ་ངོས་མི་འཛིན་པའི་རང་དབང་གནས་ལུགས་ཀྱིས་བྱིན་མ་སོང་། ཡིན་ན་ཡང་། གོང་དུ་བཤད་པ་ལྟར་ཐལ་མཐའི་ཆོས་ཞེན་གྱི་ཕ་དང་། ཕྱོགས་ལྷུང་ཕྲག་དོག་གི་མ་གཉིས་ལས་སྐྱེས་པའི་རང་ལྟ་མཆོག་འཛིན་གྱི་འདུ་ཤེས་རྡོ་ལས་མཁྲེགས་པའི་འུ་ཅག་རྣམས་ནི། ཙད་ཀྱིས་བསྐམས་ཤིང་འཁྱག་གིས་བསྡམས་པའི་ས་རྒོད་ཅིག་དང་འདྲ་བར་བརྟེན། མི་རབས་གཅིག་གི་གོང་དུ་ཁོང་གི་འབད་པས་བཏབ་པའི་གུ་ཡངས་སྒམ་དཀྱེལ་གྱིས་བོནདེ་ལ་ནི་དུས་ད་ལྟའི་བར་དུ་ལྗང་མདོག་གི་མྱུ་གུ་ཞིག་འཁྲུངས་ཐུབ་མེད།
གལ་ཏེ་རང་རེ་ལའང་ངོས་ཟུར་ཀུན་ནས་མི་ཡི་རྒྱུན་ཤེས་མཚན་ཉིད་ཚང་བ་ཞིག་ལེགས་པར་བྱུང་སྟེ། སྐྱེས་བུ་ཁོང་གིས་སྔ་ས་ནས་གཏོར་ཟིན་པའིས་བོནདེ་ཉིད་རླན་གྱིས་གསོས་ཤིང་དྲོད་ཀྱིས་བསྐྱངས་ན། གསེར་ལས་རིན་ཆེ་ཞིང་། ཕ་ལམ་ལས་མདངས་ཆེ་བའི་ངོ་མཚརས་བོནདེ་ཙམ་ལ་ཡང་ནམ་ཞིག་གཡུར་དུ་ཟ་བའི་འབྲས་བུ་རེ་འཁྲུངས་ངེས་པའི་ཡིད་ཆེས་བྱས་ཆོག་ཨང་།
དེ་ལྟར་དགེ་འདུན་ཆོས་འཕེལ་མཆོག་ནི། དངོས་གནས་ཁེར་ཚུགས་བརྟན་ལ་དཀྱེལ་ཡངས་ཆེ་བ་ཞིག་སྟེ། ཁོང་པ་སྒེར་ཉིད་རང་གི་མི་ཚེའི་ནང་དུམི་མང་གང་ལ་དགའ་དེ་བདེན་པ་དང་།། ཁ་མང་གང་ལ་མཐུན་དེ་གྲུབ་མཐར་སྣངབའི་དབང་གྲགས་ཙམ་ལ་གཏན་ནས་མི་བསྟུན་པར། རང་དབང་གི་ངང་ནས་ཤེས་བྱའི་དེ་ཉིད་ལ་དཔྱད་པའི་ལས་སུ་འཇུག་པ་ཞིག་ཡིན་མོད་ཀྱི། གཞན་གྱི་བསམ་བློ་ལ་ནིཐ་ན་བྱིས་པ་ཞིག་གིས་ཡི་གེ་ན་སྐྱོག་པོ་ཞིག་བྲིས་ན་ཡང་ནང་གི་ཤེས་རབ་ཀྱི་འབྲས་བུ་ཡིནཔར་བལྟས་ཏེ། འདྲ་མཉམ་གྱི་བསམ་པས་བརྩི་འཇོག་གནང་མཁན་ཞིག་ཡིན་པ་ལས། རང་དང་མི་མཐུན་པ་ཡོད་ཚད་ཅི་མི་སྙམ་པར་མ་རྟོགས་ལོག་རྟོག་གི་གྲས་སུ་བགྲངས་ནས། ཚར་གཅོད་ཤགས་འགྱེད་ལ་ཤ་ཐང་ཐང་གིས་འབད་པའི་ཨུ་ཚུགས་མཁན་པོ་ཞིག་ནི་གཏན་མ་ཡིན་པ་རེད།
རྒྱ་ནག་གི་རང་དབང་རིང་ལུགས་ཀྱི་མཁས་པ་ཧུའུ་ཧྲིས་ཀྱང་། དཀྱེལ་ཡངས་ནི་རང་དབང་ལས་ཀྱང་གལ་ཆེའོཞེས་བཤད་མྱོང་བ་དངོས་གནས་མད་དེ། དོན་དངོས་སུ་འཇིག་རྟེན་འཆམ་མཐུན་གྱི་རྩ་བ་དཀྱེལ་ཡངས་ཡིན་ལ། སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་མ་ཡང་དཀྱེལ་ཡངས་ཡིན་པས་དེ་ཉིད་རང་དབང་རིང་ལུགས་ཀྱི་བསམ་བློའི་གཞི་རྩ་གལ་ཆེན་ཞིག་ཏུ་ཆགས་ཡོད། ཅི་ལྟར་ཞེ་ན། སྤྱི་ཚོགས་གང་ཞིག་རིག་གནས་སྣ་མང་ཅན། དཔལ་འབྱོར་རང་དབང་ཅན། ཆབ་སྲིད་དམངས་གཙོ་ཅན་བཅས་སུ་འགྱུར་དགོས་ན། སྔོན་དུ་འགྲོ་བ་ཐོག་མའི་ལས་སུ་བྱ་བ་ནི་གུ་དོག་ཁ་རུབ་ཀྱི་འདུ་ཤེས་མི་གསལ་བ་དག་རྒྱང་དུ་གཡུགས་ནས། དཀྱེལ་ཡངས་རྒྱང་མཐོང་གི་ཤེས་རབ་རྣོན་པོ་དག་བསྒྲུབ་པ་ལ་འབད་རྒྱུ་ལས་ལྷག་པའི་གལ་ཆེན་མེད་པ་རྟགས་དང་མྱོང་བ་གཉིས་ཀས་འགྲུབ་པོ།།
དེ་ལྟར་རང་ལས་འདོད་ཚུལ་ཐ་དད་པའི་སྐྱེས་བུ་གཞན་དང་གཞན་གྱི་གཞི་རྩའི་ཐོབ་ཐང་ལ་བརྩི་འཇོག་བྱ་བ་དེ་ནི། རང་དབང་གི་བསམ་བློའི་སྲོག་ཤིང་ཉིད་དེ། སྐུ་ཞབས་ཧུའུ་ཧྲིས་ཀྱང་། ཁོ་བོ་ནི་དེ་རིང་ལ་ཐུག་གི་བར་དུ་ད་དུང་ལྷ་མེད་སྨྲ་པ་ཞིག་ཡིན་པས། སེམས་ལྡན་གྱི་ལྷ་ཞིག་ཡོད་པར་བདག་གིས་མི་འདོད་ལ། རྣམ་པར་ཤེས་པའི་རྒྱུན་རྟག་གནས་ཀྱི་བཤད་ཚུལ་ལ་ཡང་ཡིད་མི་ཆེས་སོ།། འོན་ཏེ། ཁོ་བོས་ལྷ་མེད་ཀྱི་འདོད་ཚུལ་དང་ཐུན་མོང་ཐོན་སྐྱེད་ཚོགས་པས(གུང་ཁྲན་ཏང)ལྷ་མེད་འདོད་ཚུལ་གཉིས་ཀ་གཞི་རྩ་ནས་མི་མཚུངས་ཏེ། ལྷའི་རྣམ་གཞག་འདོད་པའི་ཆོས་ལུགས་མཐའ་དག་དང་། ཆོས་ལུགས་དེ་ཚོར་རྩེ་གཅིག་དད་པའི་སྐྱེ་བོ་ཀུན་ལ་ཁོ་བོས་བཟོད་སྒོམ་བྱེད་ནུས་ན་ཡང་། ཐུན་མོང་ཐོན་སྐྱེད་ཚོགས་པས་ནི་རང་ཉིད་ལྷ་མེད་ཀྱི་གྲུབ་མཐར་གནས་པ་རྒྱུ་མཚན་དུ་བྱས་ཏེ། ལྷ་ལ་དད་པའི་ལྟ་བ་ཡོད་ཚད་གཞི་མེད་དུ་འཇོམས་པ་དང་། ཆོས་ལུགས་ཀྱི་མོས་པ་མཐའ་དག་གཏན་འགོག་གི་ལས་སུ་འབད་པ་རེད། ཅེས་སོགས་གཟུར་གནས་གཏམ་གྱི་བདུད་རྩི་མང་དུ་གསུངས་མྱོང་།
གང་ལྟར་རང་རེ་བོད་ལ་མཚོན་ན། མཁས་དབང་དགེ་ཆོས་ནི། དཀྱེལ་ཡངས་ཀྱི་བསམ་བློ་རང་དབང་ལས་ཀྱང་གལ་ཆེབའི་རྒྱུན་ཤེས་རྩ་ཆེན་དེ་ཉིད་ཐོག་མར་རྙེད་མཁན་ཡིན་པའི་བདེན་དོན་ལ་སུས་ཀྱང་རྒོལ་དུ་མི་བཏུབ་པ་རེད། ཁོང་གིས་གུ་ཡངས་སྒམ་དཀྱེལ་ལ་རྒྱང་འབོད་དང་གུ་དོག་བག་འཁུམས་ལ་སུན་འབྱིན་གནང་བ། ལྟ་བ་མཉམ་གནས་ལ་རེ་འབོད་དང་ཕྱོགས་ཞེན་རིས་ཆད་ལ་སྐྱོན་བརྗོད་མཛད་པ། དཔྱོད་པའི་ཤེས་རབ་ལ་གཙིགས་ཆེན་དང་ཨུ་ཚུགས་རྨོངས་ཞེན་ལ་དགག་གཞག་བྱས་པ་སོགས་ཀྱི་ནང་དོན་རྣམས་ཚིག་བཅད་དུ་བསྡེབས་པ་དེ་དག་དལ་བུར་ཀློག་སྐབས། ཚིག་དང་ཡི་གེའི་འདུ་བྱེད་དེ་དག་གི་སྒྲིབ་ཡོལ་གྱི་ཕ་རོལ་དུ་མེ་ཕུང་བཞིན་འབར་གྱིན་པའི་གཟུགས་མེད་ཀྱི་སྟོབས་ཤུགས་གསོན་པོ་ཞིག་བདག་གིས་མཐོང་བྱུང་སྟེ། དེ་ནི་སྐྱེས་བུ་ཁོང་གི་ཟོལ་མེད་ཀྱི་ལྷག་བསམ་དང་། རྒྱང་མཐོང་གི་ཤེས་རབ། བཅོས་མིན་གྱི་བརྩེ་བ། རིགས་ཞེན་གྱི་དུངས་པ། རེ་ལྟོས་ཀྱི་མིག་ཆུ་སོགས་ཆུ་ལ་ཆུ་བཞག་ཏུ་གྱུར་པའི་ངོ་མཚར་སྙིང་སྟོབས་ཉིད་དོ།།
བློ་ཕམ་པ་ཞིག་ལ། མཁས་པ་ཟོག་ཏུ་ལྟ་བའི་འུ་ཚོར་མཚོན་ན། དགེ་ཆོས་ཀྱི་རྣམ་དཔྱོད་ནི། རང་ངོ་རང་གིས་མཐོང་བའི་ཆུ་ཤེལ་གྱི་མེ་ལོང་ཞིག་ཏུ་ཆགས་མ་ཐུབ་སྟེ། རང་དང་བར་ཐག་རིང་བའི་འཇའ་ཚོན་གྱི་ཟམ་པ་ཞིག་ཏུ་གྱུར་འདུག་པ་རེད།  
ཕྱོགས་ཞེན་ཆོས་སུ་བརྩི་བའི་འུ་ཚོར་མཚོན་ན། དགེ་ཆོས་ཀྱི་དགོངས་པ་ནི། ལྟ་བ་མཉམ་གནས་ཀྱི་འཁོད་ཡངས་སྡིངས་ཆ་ཞིག་ཏུ་གྱུར་མ་མྱོང་སྟེ། གྲུབ་མཐའི་ཆགས་སྡང་རྩོད་པའི་འཇིགས་རུང་གི་རལ་གྲི་ཞིག་ཏུ་བསྒྱུར་ཟིན་པ་རེད།
དམ་པ་བདུད་དུ་སྣང་བའི་འུ་ཚོར་མཚོན་ན། དགེ་ཆོས་ཀྱི་སྙིང་སྟོབས་ནི། དབང་གྲགས་ལ་མགོ་བོ་མི་སྒུར་པའི་མི་གཞིའི་དར་ཆ་ཞིག་ཏུ་བསྒྲེང་མ་ཐུབ་སྟེ། འུར་འདྲོག་སྨྱོ་རྟགས་ཅན་ཚོ་མི་ཆོས་ལ་མི་བསྟུན་པའི་ཚད་ལྡན་གྱི་ཕྱི་མོ་ཙམ་དུ་སྙམ་ཡོད་པ་རེད།
ཡང་བཤད་ན། སུ་དང་སུ་ཡིན་རུང་གནས་ལུགས་ཀྱི་མདུན་ས་དྲང་པོ་རུ་འདྲ་མཉམ་ཁོ་ན་ཡིན་པས། དགེ་འདུན་ཆོས་འཕེལ་ལའང་གཟུ་བོའི་ངང་ནས་སྐྱོན་བརྗོད། དགག་སྒྲུབ། སུན་འབྱིན། དོགས་དཔྱོད་བཅས་གནང་ན་ནི་རྗེས་སུ་ཡི་རང་བའི་གནས་ཁོ་ནར་བརྩི་བ་ལས། ཁོ་ཚད་མ་རེད། འཁྲུལ་བྲལ་རེད། ནོར་བ་མི་མངའ། འཆུག་པ་མི་སྲིད། དེ་ལ་ཅང་བཤད་མི་ཆོགཅེས་ཁོ་བོས་ནམ་ཡང་སྨྲས་མ་མྱོང་ལ། བརྒྱ་ལ་སུ་ཞིག་གིས་དེ་ལྟར་སྨྲས་ནས་ཁོང་ལ་དགའ་ཞེན་ཡོད་ཚུལ་བསྟན་ཁུལ་བྱས་ན། དེ་ནི་གནས་ལུགས་ཀྱིས་ཁས་མི་ལེན་པར་མ་ཟད། སྐྱེས་བུ་ཁོང་གི་ཐུགས་ཀྱི་དགོངས་ཕྱོགས་དང་ཡང་རྦད་དེ་འགལ་བ་ཡིན་པ་བདག་གིས་ཐག་གཅད་པར་སྤོབས། འོན་ཀྱང་། འགའ་ཞིག་ལྟར་བསམ་བཞིན་དུ་ལོ་རྒྱུས་འཁྱོག་བཤད་དང་། བདེན་དོན་འགེབས་གསང་སོགས་ཀྱི་རྣམ་པས་དམ་པ་ལ་གནས་མ་ཡིན་པའི་སྙོན་འཛུགས་སྐུར་འདེབས་བྱེད་པ་པོ་དག་གིས་ནི། རིས་ཆད་དང་ཕྱོགས་ཞེན་གྱི་དྲི་མས་སྦགས་པའི་རང་སེམས་ཀྱི་མི་གཙང་བ་རྣམས་ཕྱིར་བསྟན་པ་ཙམ་ལས་ཅི་ཞིག་ཡོད་དམ། 
མཚམས་འདིར། ནུབ་བྱང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དོར་ཞི་ལགས་ཀྱིས་དགེ་ཆོས་ལ་མཚང་འབྲུ། ངན་བཤད། འཁྱོག་བརྗོད་བཅས་གནང་བའི་སྐད་ཆ་ཞིག་ངའི་ཡིད་ལ་ཝ་ལེར་དྲན་བྱུང་། དྲན་ནས་ཀྱང་སེམས་པའི་དཀྱིལ་འཁོར་ཕྲ་མོ་འཁྱག་སིབ་སིབ་ཏུ་གྱུར་སོང་། དགེ་ཆོས་ལ་མཚང་འབྲུ། སྙོན་འཛུགས། དམོད་མོ་སོགས་ཅི་ཙམ་བྱས་པ་མང་ན། དེ་ཙམ་དུ་གངས་ཅན་པའི་སྲོལ་འཛིན་དང་། དགེ་ལུགས་པའི་བསྟན་འཛིན་དུ་རློམ་པའི་ནད་རྒྱུན་རྙིང་པ་དེ་ད་རུང་འུ་ཚོའི་སེམས་ཀྱི་གཏིང་རུམ་དུ་བསྲེལ་པ་དེས་ཡང་སྙིང་ཅི་ཞིག་མཚོན་གྱི་ཡོད་དམ།
ཤེས་རབ་ཅན་གྱི་སྐྱེས་བུ་འཁྲུངས་མ་མྱོང་བའི་མི་རིགས་ནི། ཡ་ཐོད་ལ་མིག་མ་སྐྱེས་པའི་མི་རིགས་ཤིག་ཏུ་བརྩི་ཆོག་ན། ཤེས་རབ་ཅན་ལ་འདྲེ་རུ་ལྟ་བའི་མི་རིགས་ནི། རང་མགོ་རང་གིས་བྲེགས་ནས་ཆུ་ལ་བསྐྱུར་པའི་མི་རིགས་ཤིག་ཡིན་ངེས་པ་རེད།
རེད། 《ལོག་སྨྲའི་ཚང་ཚིང་སྲེག་པའི་ལུང་རིགས་རྡོ་རྗེ་མེ་ལྕེ》ཞེས་པའི་དེབ་ཀྱི་འགོ་བརྗོད་རྒན་དོར་ཞི་ལགས་ཀྱིས་བྲིས་པ་དེར། 《དབུ་མ་ཀླུ་སྒྲུབ་དགོངས་རྒྱན》དགེ་ཆོས་ཀྱི་གསུང་མིན་ཞེས་རཀ་ར་སྤྲུལ་སྐུས་ཤེས་བཞིན་གྱི་རྫུན་སྨྲས་པ་དེ་ཡང་བསྔགས་འོས་སུ་གྱུར་པའི་ཡ་རབས་སྤྱོད་མཆོག་ཅིག་ཡིན་རབས། 《དབུ་མ་ཀླུ་སྒྲུབ་དགོངས་རྒྱན》གྱི་ནང་དུ་རྗེས་བཟློས་འབའ་ཞིག་ལས་ངོམ་ཆོག་པའི་རིགས་པ་གསར་པ་གཅིག་ཀྱང་མེད་ཚུལ། དགེ་ཆོས་ལ་ཆོས་དང་རིག་གནས་གང་གི་ཕྱོགས་ལ་ཡང་ངོ་མཚར་བའི་ཕྱག་རྗེས་ཤིག་བགྲང་རྒྱུ་མེད་ལུགས། དགེ་འདུན་ཆོས་འཕེལ་ལསབརྒྱ་འགྱུར”“སྟོང་འགྱུརགྱིས་ལྷག་པའི་མཁས་པ་གཅིག་མིན་གཉིས་མིན་ས་དགེ་བཀའ་རྙིང་ཇོ་ནང་སོགས་ཆོས་རྒྱུད་གྲུབ་མཐའ་གང་གི་ནང་དུ་ཡང་མང་པོ་བྱོན་མྱོང་ཚུལ། ཁོང་ཉིད་སྨིན་གླིང་པཎ་ཆེན་ལ་མཇལ་སྐབས་གུས་ཕྱག་དབང་མེད་དུ་ཤོར་ཚུལ་བཤད་པ་དེ་ཡང་ངོ་འཛིན་གྱི་ཆེད་དུ་ཡིན་རབས། བླ་མའི་རྒྱལ་ཁབ་ཉམས་ནུབ་ཏུ་གྱུར་ཚུལཟེར་བའི་ནངདགེ་ཆོས་ཀྱི་ལོ་རྒྱུས་གལ་ཆེན་སྐོར་ཞིག་འདུགཅེས་སྨྲས་ནས། ཕྱི་གླིང་གི་མཁས་པགཟུ་བོཞིག་གི་ཟེར་སྒྲོས་ཙམ་ལ་ཆ་འཇོག་ཡིད་རྟོན་ཡོད་བཟོ་ཡིས། དགེ་ཆོས་ཀྱིས་དུད་ནག་འཐེན་ཚུལ། སངས་རྒྱས་པའི་ཆོས་ལ་མི་དགའ་ཚུལ། འཇར་མན་ནྰ་ཙིའི་ཤོག་ཁག་ལ་དགའ་མོས་ཡོད་ཚུལ་སོགས་དགོས་མེད་ཀྱི་ངན་སྨོད་གང་དྲན་དྲན་ཞིག་བྱས་འདུག 
དྲང་མོར་བཤད་ན། རྒན་དོར་ཞིས་དགེ་ཆོས་མཆོག་ལ་ངན་སྨོད་དེ་ལྟར་བྱས་པའི་གཏམ་གྱི་ཟུར་རེ་རེ་ནས་འཕྲོས་ཤིང་བཤད་དེ་རྡོ་གནམ་ལ་གང་བྱུང་དུ་འཕངས་པ་དག་ཕྱིར་རང་ཐོག་ཏུ་བསྐོར་ན་ནི། མཁས་པ་མགུ་བའི་རིགས་ལམ་གྱི་སྤྲོས་པ་དང་། ལྟ་མཁན་དགོད་པའི་ངག་གི་རོལ་རྩེད་མང་ཙམ་སྤྲོ་རྒྱུ་འདུག་མོད་སྐབས་དོན་བསྒྲིབ་པར་འགྱུར་བས་བཞག་གོ  །
ད་དུང་ཁོང་གིས། དགེ་འདུན་ཆོས་འཕེལ་གྱི་ལྟ་ཚུལ་རྣམས་ནི། དེང་སང་གི་རིག་གནས་གསར་པ་སློབ་པའི་སློབ་གྲྭ་འབྲིང་གི་སློབ་མ་ལ་ཡངམཚར་སྣང བསྐྱེད་ཐུབ་པ་མི་འདུགཅེས་ཀྱང་བྲིས་ཏེ། མཚར་སྣང་བསྐྱེད་ཐུབ་མིན་ནི་མཁས་པའི་བསམ་བློའི་རིན་ཐང་དཔོག་བྱེད་ཅིག་ཏུ་བརྩིས་འདུག་པ་རེད། ཚུལ་དེ་ནི་དགེ་ཆོས་མཆོག་གིས་ཇི་སྐད་གསུངས་པ་ལྟར་རྒན་དོར་ཞི་རང་ཉིད་ལ་ཡངཤིང་གི་ཀ་ཆེན་ཞིག་མི་ལྔ་བཅུས་དྲངས་ཏེ་ལྷ་ཁང་བཞེངས་བྱ་བ་སོགས་གཏམ་རྒྱུད་དཀྱུས་མར་བསམ་སྟེ་རྩིས་མེད་དུ་བཞག་ནས། ལྕགས་ཀྱི་ཀ་བ་རི་བོང་མཇུག་མར་བཏགས་ཏེ་དྲངས་པའི་ལོ་རྒྱུས་སོགས་ལ་ཆེས་ཡིད་འཕྲོག་པའིསེམས་གཤིས་རྒྱུན་ཆགས་སུ་ཡོད་པའི་དན་རྟགས་ཤིག་ཡིན་ན། རྒན་དོར་ཞི་ལགས་ནི་ནམ་རྒྱུན་ཐུགས་འགན་མི་འཁུར་པའི་ཅ་ཅོ་སྒྲོག་རྒྱུར་དགྱེས་པ་ཙམ་ལས་གཞན་དུ། ད་རུང་རྒྱུན་ཤེས་ལ་སྙོན་འདིང་བའི་རང་རིགས་སྤྱིའི་དྲག་སྐྱེད་དཀའ་བའིསེམས་ནདཀྱིས་ཟིན་ཚབས་ཆེ་བའི་དེ་ཉིད་གསལ་བོར་བསྟན་པ་ཞིག་ཀྱང་ཡིན་དུ་ངེས།
ངོ་མ། ང་ཚོར་ནི་སུ་ཞིག་གིས་བྲམ་ཟེ་རིག་བྱེད་དང་འདྲ་བའི་རྫུན་འུད་པོ་ཆེ་སྣ་ཚོགས་བསྒྲིགས་ཏེ་ཧ་ལས་ལས་དང་ཧང་སང་སང་གི་བྲོ་བ་ལྡན་པ་ཞིག་བཤད་ན། དེ་ལདྲན་དབང་སྟོང་གི་གཙུག་རྒྱནདང་། མཁས་མཆོག་བྱེ་བའི་རྒྱལ་པོསོགས་ཀྱི་ཆོ་ལོ་སྣ་ཚོགས་འཛད་མེད་དུ་བསྩལ་ངེས་ཀྱི། མཐོང་ཆོས་མངོན་སུམ་གྱི་གནས་ལུགས་རྣལ་མ་ཞིག་བརྗོད་ན་ནི་རིན་ཐང་ཆུང་བར་བརྩིས་ཏེ་རྟག་ཏུ་བརྙས་ཤིང་སྨོད་པར་འདུག རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ན། སུ་ཞིག་གིས་རང་རེ་ཚོར་ལྷ་ལྡན་གཙུག་ལག་ཁང་ནི། བོད་རིགས་མི་དམངས་ཀྱི་རྣམ་དཔྱོད་དང་དཀའ་སྤྱད་ལས་ཐོན་པའི་ངོ་མཚར་བཟོ་བཀོད་ཅིག་ཡིན་པར་སྨྲས་ན་མི་དགའ་ཞིང་ཁོང་ཁྲོ་ལ། རྒྱལ་པོས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ཞག་གཅིག་ལ་བཞེངས་ཏེ་སྒོ་ཐམས་ཅད་བལ་ཡུལ་གྱི་ཕྱོགས་སུ་བསྟན་པ་རེད་ཅེ་ན། དགའ་ཞིང་འཛུམ་ཤིག་ཤིག་གིས་དད་པ་དང་དུངས་པ་ལྷན་དུ་སྐྱེ་བ་རེད།
མི་ཡི་རྒྱུན་ཤེས་ཀྱི་ཆོས་ཉིད་ལྟར་བལྟས་ན། གཙུག་ལག་ཁང་སོགས་གནའ་བོའི་ངོ་མཚར་རིག་དངོས་མཐའ་དག་རྒྱལ་པོའི་རྫུ་འཕྲུལ་གྱིས་བཞེངས་པར་སྨྲ་མཁན་དག་གིས་ནི། ལས་ལ་བརྩོན་ཞིང་སྙིང་སྟོབས་ལྡན་པའི་མེས་པོ་ཚོའི་ངོ་གདོང་ལ་ཐལ་བ་བྱུགས་པ་ཙམ་དུ་མ་ཟད། བཤད་ཚུལ་དེ་འདྲའི་སྒོ་ནས་ཆོས་ཀྱི་རིང་ལུགས་འཛིན་འདོད་པ་ནི། མངོན་སུམ་གྱི་བདེན་པ་དང་། ལྐོག་གྱུར་གྱི་བདེན་པ་ལ་ཞིབ་དཔྱོད་ཤེས་རབ་ཀྱི་ལྟ་བ་སྲོག་ཏུ་འཛིན་པའི་ནང་བསྟན་མཚན་ཉིད་རིག་པར་འོས་མིན་གྱི་ཟུར་ཟ་ཆེན་པོ་ཞིག་ཏུའང་གྱུར་ཡོད། འོན་ཏེ་ཆོས་སྲིད་རིག་གནས་ཀྱི་རྒྱུན་ཤེས་ཞན་པ་དག་ལ་མཚོན་ན། དེ་ལྟར་སྨྲ་ཞིང་དེ་ལྟར་ཞེན་པ་ནིཆོས་ཀྱི་དད་མོསཤིག་ཏུ་བརྩི་ངེས་ལ། སྲིད་ཀྱི་ལངས་ཕྱོགསཤིག་ཏུའང་སྙམ་སྲིད་པས་ད་རུང་རང་རློམ་གྱི་མགོ་བོ་ཀྲོག་ཀྲོག་ཏུ་དགྱེ་བ་མ་ཡིན་ནམ།
གང་ལྟར་དེ་འདྲའིསེམས་ནདཀྱིས་ཕྱི་ཟིན་ནང་ཟིན་དུ་གྱུར་པའི་བསམ་བློ་འཁོར་ཕྱོགས་མ་ལག་དང་བཅས་པ་ནི། གནའ་ནས་ད་བར་དུ་རྒྱུན་ཤེས་ཀྱི་ཚེ་སྲོག་འཕྲོག་པའི་རྫུན་གཏམ་འུད་པོ་ཆེ་སྣ་ཚོགས་དང་། དེ་དག་གི་བྱེད་པོ་རྣམས་སྤང་ལ་ཤ་མོ་རྡོལ་བ་བཞིན་སྐྱེ་སའི་མ་ཡུམ་ཉག་གཅིག་ཡིན་ངེས་སོ།།
 
གསུམ།
  ད་རུང་གཞན་དུ་འཕྲོས་ཏེ་གླེང་ན། རྒྱུན་ཤེས་ལ་རིག་གནས་ཁྱབ་ཁོངས་མི་འདྲ་བ་སོ་སོའི་རྒྱུན་ཤེས་ཀྱི་རིགས་སྣ་ཚོགས་ཡོད་ལ། དུས་རབས་མི་འདྲ་བ་རེ་རེའི་སྐབས་ཀྱི་རྒྱུན་ཤེས་མི་འདྲ་བའང་དུ་མ་ཡོད་པ་རེད། དེ་ཡང་ལོ་ངོ་བརྒྱ་ཕྲག་གི་སྔོན་དུ་མི་རེ་ཟུང་གི་བློ་ཡི་འཇུག་ཡུལ་དུ་ཤར་པ་ཙམ་ལས། སྐྱེ་བོ་ཕལ་མོ་ཆེར་ལྐོག་ཏུ་གྱུར་པའི་ཆོས་མང་པོ་ཞིག་དེ་རིང་གི་དུས་སུ་སྐྱེ་བོ་ཀུན་ལ་རྒྱུན་ཤེས་སུ་ཆགས་ཤིང་ཆགས་ཀྱིན་པའང་ཇི་སྙེད་མཆིས་སོ།། དེ་ཡང་སྔར་ནུབ་ཕྱོགས་ཀྱི་ཡུལ་གྲུ་རེ་འགའི་སྲོལ་ལུགས་ཙམ་དུ་ཟད་པའི་སྐྱེས་བུ་སྒེར་གྱི་སྨྲ་བརྗོད་རང་དབང་། བསམ་བློའི་རང་དབང་། འདུ་འཛོམས་རང་དབང་། གསར་འགོད་རང་དབང་སོགས་ཀྱི་རིན་ཐང་ལྟ་ཚུལ་མང་པོ་ཞིག་ཀྱང་ད་ལྟ་བརྡ་འཕྲིན་གྱི་ནུས་པ་དང་། འཚོ་ཐབས་ཀྱི་འགྱུར་པའི་དབང་གིས་རྒྱལ་ཁབ་ནས་རྒྱལ་ཁབ་དང་ཡུལ་ལུང་ནས་ཡུལ་ལུང་དུ་ཁྱབ་སྟེ། དེ་དག་མི་རྣམས་ཀྱི་འཚོ་བའི་རྒྱུན་ཤེས་ཤིག་ཏུ་ཆགས་ཀྱིན་པའི་ས་རྒྱ་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་པ་རེད།
འོན་ཀྱང་རང་རེ་དག་འཚོ་ཞིང་གནས་པའི་ཡུལ་དུས་འདི་ན། དབང་ཤེད་ཅན་དག་གིས་རང་ཉིད་འབའ་ཞིག་ཚད་མར་བཀུར་བའི་སྒེར་གཅོད་སྲིད་དབང་བརྟན་པོར་གནས་ཆེད་དུ། ཐབས་དང་ཐབས་བྱུང་གི་སྒོ་སྣ་ཚོགས་ལས་འཛམ་གླིང་ཀུན་ལ་ཡོངས་ཁྱབ་ཏུ་ཆགས་ཀྱིན་པའི་མིའི་རྒྱུན་ཤེས་གལ་བོ་ཆེ་དག་མགོ་འཇུག་ལྡོག་གིན་ཡོད་དེ། མིའི་རྒྱུན་ཤེས་གལ་བོ་ཆེ་རྣམས་ནི་རང་དབང་གི་བསམ་བློའི་མ་ཡུམ་དང་། དམངས་གཙོའི་སྲིད་ལུགས་ཀྱི་ཕ་ཡབ་ཡིན་པས་སོ།། སྔོན་གྱི་ཧི་ཐི་ལིར་གྱི་རིང་གི་འཇར་མན་ཡིན་ན་འདྲ། སི་ཏ་ལིན་གྱི་རིང་གི་སུའུ་ལེན་ཡིན་ན་འདྲ། ད་ལྟའི་དུས་ཀྱི་སྲིད་དབང་སྒེར་གཅོད་ཀྱི་ཡུལ་ལུང་གང་དག་ཡིན་ནའང་འདྲ། རྫུན་གཏམ་ཚད་མ་ཅནདུ་བསྒྱུར་ལ་སྤྲོ་བའི་སྒེར་གཅོད་པ་རྣམས་ནི་རྒྱུན་ཤེས་ལ་སྡང་ཞིང་རྒྱུན་ཤེས་ལ་འཚེ་སྟེ། ཁོ་ཚོའི་དྲག་རྩུབ་དང་བཅས་པའི་དབང་ཤུགས་ཡོད་ཚད་ཀྱི་གཞི་བཅོལ་སའི་དྲིལ་བསྒྲགས་རྫུན་མ་དག་གི་དགྲ་ཟླ་ཉག་གཅིག་པོ་ནི་རྒྱུན་ཤེས་ཡིན་པས་སོ།།
གང་དུ་རྒྱུན་ཤེས་དང་བྲལ་བའི་མི་ཚོགས་ཤིག་ཡོད་ན། དེ་ཉིད་རྫུན་གྱིས་མགོ་སྐོར་སླ་ཞིང་རྫུས་མས་དབང་བསྒྱུར་སླ་བ་ཉིད་ཀྱི་ཕྱིར་ཡུལ་གྲུ་དེ་དག་ནི་སྲིད་དབང་སྒེར་གཅོད་མཁན་ཚོའི་བསྟན་པ་ཆེས་ཆེར་དར་པའི་ཞིང་ཁམས་ཉག་གཅིག་ཏུ་བརྩི་རུང་། ཡིན་ཏེ། མ་གཞི་འཇིག་རྟེན་འདིའི་མི་དང་མི་ཡི་ཚོགས་པ་སུ་ཞིག་ཡིན་རུང་། ལས་ཀའི་རྣམ་གྲངས་གང་གི་ཆ་ནས་ཀྱང་བསམ་བློའི་ནོར་འཁྲུལ་དང་། བྱེད་ཐབས་ཀྱི་ནོར་འཁྲུལ། ལག་ལེན་གྱི་ནོར་འཁྲུལ་སོགས་ནི་སྔོན་ཆད་བྱུང་བ་ཡོད་ལ་ཕྱིན་ཆད་འབྱུང་རྒྱུ་ཡོད་པ་ཞིག་ཡིན་ངེས་པ་དེ་ཙམ་སྤྱིར་བཏང་གི་རྒྱུན་ཤེས་ཤིག་ཡིན་ན་ཡང་། རྒྱུན་ཤེས་ལ་རྒོལ་བའི་སྒེར་གཅོད་མཁན་དག་གིས་ནི། ཁོ་བོ་ཅག་གི་ལུགས་ཀྱི་ཆབ་སྲིད་ལྟ་བ་དང་། སྲིད་ཇུས་བྱེད་ཐབས་ཡོད་ཚད་ལ་ནམ་ཡང་ནོར་འཁྲུལ་བྱུང་མྱོང་མེད་ལ་འབྱུང་ཡང་མི་སྲིད་དེ། བརྒྱ་ལ་སུ་ཞིག་གིས་ཁོ་བོའི་སྐྱོན་མཐོང་ཞིང་སྨྲ་ན་དེ་ནི་མི་དམངས་ཀྱི་དགྲ་བོ་དང་། ཞི་བདེ་ཡི་ངོ་རྒོལ་བ་ཁོ་ན་ཡིན་ནོཞེས་སུ་སྨྲ།
དེ་བཞིན་རྒྱལ་ཁབ་ཡིན་ན་འདྲ། མི་རིགས་ཡིན་ན་འདྲ། མི་སྒེར་ཡིན་ནའང་འདྲ་སྟེ། ཁ་སང་འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བ་ནི་བཟང་ངན་ཅི་ཞིག་ཡིན་རུང་། དེ་རིང་ཕྱིར་འཁོར་སྟེ་སུས་ཀྱང་བསྒྱུར་མི་རིགས་ལ་བསྒྱུར་ཡང་མི་བཏུབ་པའི་གནས་ལུགས་དེ་ཙམ་ཡོངས་ཁྱབ་ཀྱི་རྒྱུན་ཤེས་ཤིག་ཡིན་ན་ཡང་། སྒེར་གཅོད་པ་དག་གི་སེམས་སུ། ལོ་རྒྱུས་ནི་རང་ཉིད་ཀྱི་དགོས་མཁོ་ལྟར་ཕར་སྒྱུར་ཚུར་སྒྱུར་ཅི་ཞིག་བྱས་རུང་བྱ་ཆོག་པའི་ཆབ་སྲིད་ཀྱི་རོལ་རྩེད་ཅིག་ཏུ་བརྩིས་ནས་དེ་ལྟར་རྟག་ཏུ་སྒྲུབ་ཀྱིན་ཡོད། 
འཛམ་གླིང་འདིའི་མཐོ་རིམ་སྲོག་ཆགས་ཡིན་ཟེར་པའི་འགྲོ་བ་མི་ལ་མཚོན་ན། འཚོ་ཆས་ལྟོ་གོས་མེད་དུ་མི་རུང་བ་བདེན་མོད། གལ་སྲིད་སྨྲ་བརྗོད་བཀག་ཅིང་བསམ་གཞིགས་བསྡམས་ཏེ། མིག་གིས་མཐོང་བའི་གཟུགས་ཅན་རྣམས་བལྟས་བལྟས་ལ་མེད་པར་བརྗོད་དགོས་པ་དང་། ཡིད་ལའང་མ་ཤར་པ་མང་པོ་ཞིག་གསལ་བོར་རིག་ཚུལ་བཤད་དགོས་པའི་ཆད་ལས་ཀྱིས་གཅུན་ན་ནི། ལྟོ་གོས་ལེགས་ཙམ་འཛོམས་རུང་། དོན་དམ་གྱི་བདེ་བ་ཞིག་མིང་གི་ལྷག་མ་ཙམ་ལས་མེད་པ་དེ་མྱོང་བས་གྲུབ་པའི་རྒྱུན་ཤེས་ཤིག་ཡིན་ན་ཡང་། སྒེར་གཅོད་མཁན་དག་གིས། མི་ལ་དགོས་པ་འཚོ་གོས་ཡིན་ཏེ་བདག་གིས་ཁྱེད་ལ་སྟེར་བར་བྱེད། དེ་ལས་གཞན་དུ་རང་དབང་ཟེར་བ་ཞིག་དགོས་པར་སྨྲ་བ་ནི་སྐྱིད་ལ་སྐྱིད་ངོ་མ་ཟིན་པ་ཡིན་ཕྱིར་བཙོན་དུ་འཇུག་པར་རིགས་སོ།ཞེས་ཚོད་མེད་ཀྱི་ཧམ་པ་མངོན་སུམ་དུ་ཤོད་པ་ཡིན།
དེ་ལྟར་རྒྱུན་ཤེས་ཀྱི་ལོག་ཕྱོགས་སུ་འགྲེང་བའི་གཏན་ཚིགས་འཁྲུལ་པ་རྣམས་ལ་དབང་དང་གོ་གནས་ཐོབ་པ་དེ་སྲིད་དུ། སྒེར་གཅོད་ཀྱི་ལྟ་གྲུབ་དང་སྒེར་གཅོད་ཀྱི་ལམ་ལུགས་མང་པོ་ས་སྟེང་དུ་འཚོ་ངེས་ཤིང་། དྲག་རྩུབ་དང་མནར་གཅོད་ཀྱི་སྐལ་བ་ངན་པ་ཡང་མི་ཡུལ་དུ་གནས་ངེས་པས། གལ་ཏེ་སུ་ཞིག་མི་ཡི་བདེ་སྐྱིད་ལ་དུངས་ཤིང་ཆོས་ཉིད་ཀྱི་བདེན་པ་ལ་ཞེན་ན། རྒྱུན་ཤེས་ལ་རྒོལ་བའི་རྫུན་གཏམ་ཐུ་མོ་ཆེ་དེ་དག་ལ་གཡུལ་བཤམས་ཤིང་སུན་འབྱིན་པར་བྱ་རྒྱུ་ནི་རང་དབང་འཚོལ་སྙེག་གི་ལམ་དུ་ཞུགས་པའི་ཐོག་མའི་ཕུན་ཚོགས་ཀྱི་སྦྱོར་བ་དང་པོ་ཡིན། མི་ཉིད་མི་རུ་གོ་ཞིང་། རང་ངོ་རང་གི་ཟིན་པའི་རྒྱུན་ཤེས་ལ་གཞི་བཅོལ་བའི་རྟེན་འབྱུང་གི་ངང་ཚུལ་དང་འགྲོགས་ན། འུ་ཚོས་རང་དབང་རང་དབང་ཞེས་བཤད་ཀྱིན་པ་དེ་ཡང་རྩ་བ་བརྟན་ཅིང་རྩེ་མོ་རིང་བ་ཞིག་ཡོང་གི རྒྱུན་ཤེས་ཡོད་ཚད་རྒྱང་དུ་དོར་ནས། རང་དབང་དགོས་སོ།། དམངས་གཙོ་ལེགས་སོ།། ཞེས་པའི་ཁ་གཡང་ཙམ་སྒྲོག་པ་ནི་ནེ་ཙོའི་མ་ཎི་ལས་ཀྱང་སྙིང་པོ་བྲལ་བ་རེད།
གནའ་དེང་གང་གི་སྐབས་ཡིན་ཡང་འཐུས་ཏེ། དུས་རབས་སོ་སོ་དང་སྤྱི་ཚོགས་སོ་སོའི་དོན་དངོས་ཀྱི་གནས་ཚུལ་ནི། དུས་རབས་དེ་དག་ཏུ་འཚོ་ཞིང་སྤྱི་ཚོགས་དེ་དག་ཏུ་གནས་པའི་ཡུལ་མི་ཕལ་བ་ཚོའི་ཉིན་རེའི་འཚོ་བ་དང་འཆར་ཅན་གྱི་ལས་ཀའི་ངོས་ནས་བལྟས་ཏེ་ཤེས་དགོས་པ་ཞིག་ཡིན་གྱི། དབང་བསྒྱུར་པ་ཉུང་ཤས་ཙམ་གྱི་གནས་ཚུལ་དང་འབྲེལ་བའི་འུར་འུར་ཟིང་ཟིང་གི་དོན་བྱ་ཆེན་པོ་གང་དག་སྤྱི་ཚོགས་གང་ཞིག་ལ་དཔྱོད་པའི་མེ་ལོང་དུ་བཟུང་ན་ནི་ནོར་ཞིང་འཁྲུལ་བ་སྟེ། དེ་ནི་མི་རྣམས་ཀྱིས་མ་མཐར་ངེས་དགོས་པའི་རྒྱུན་ཤེས་ཤིག་རེད། དེས་ན་གང་ཞིག་སྐྱིད་པའི་དུས་རབས་ཡིན་པ་དང་། གང་ཞིག་མྱ་ངན་གྱི་ལོ་ཟླ་ཡིན་པ་ཡང་དབང་ཆེནམི་བོ་ཆེསགྲུབ་པའི་ཚོགས་སྤྱི་ཆེན་པོ་དག་གིས་འུད་བརྗོད་དྲིལ་བསྒྲགས་ཁོ་ནས་ཁ་ཚོན་གཅོད་ཐུབ་པ་ཞིག་མིན་ཏེ། ཡུལ་མི་དཀྱུས་མ་རེ་རེའི་སྒེར་གྱི་བདེ་སྡུག་གི་མྱོང་བ་འབའ་ཞིག་ལ་བརྟེན་ནས་ཐག་གཅད་དགོས་པའི་ཕྱིར་རོ།།
དེར་བརྟེན། སྐྱེས་བུ་སྒེར་རེ་རེའི་མི་ཚེ་རང་དབང་དང་ལྡན་ཞིང་། མི་ལུས་རྩིས་ཐང་དང་མ་བྲལ་བའི་སྤྱི་ཚོགས་ཤིག་ཡིན་ཕྱིན། དཔལ་འབྱོར་སྟོབས་ཤུགས་དང་ཚན་རིག་ལག་རྩལ་ཇི་ལྟར་ཡིན་ཀྱང་རུང་། དེ་ནི་བཙན་དབང་གི་འཇིགས་པ་དང་བྲལ་ཞིང་མནར་གཅོད་ཀྱི་གདུང་བ་དང་གྱེས་པའི་ཞི་བདེ་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཡིན་པར་ཐག་ཆོད་ལ། སྐྱེས་བུ་སྒེར་རེ་རེའི་ལུས་ངག་གི་བྱ་སྤྱོད་ཡོད་ཚད་ཚོགས་སྤྱི་ཆེན་པོ་དག་གི་དགོས་མཁོ་འབའ་ཞིག་ལ་བསྟུན་དགོས་པའི་ཁྲིམས་ལས་ཤིན་ཏུ་ལྕི་བས། སྐྱེས་བུ་སྒེར་གྱི་རང་དབང་དང་། སྐྱེས་བུ་སྒེར་གྱི་རྩིས་ཐང་སོགས་ནི་སྤྱི་ཚོགས་གང་དེའི་ལྡོག་ཕྱོགས་ཀྱི་སྟོབས་ཤུགས་སུ་བགྲངས་ཏེ་རྩིས་མེད་རྡོག་རོལ་དུ་གཏོང་གིན་ཡོད་ན། ཡུལ་དེར་ནི་ལོངས་སྤྱོད་མངའ་ཐང་ཆེ་ཡང་རུང་། ཚན་རིག་ལག་རྩལ་དར་ཀྱང་ཆོག  ཁ་གཡང་སྙན་པོ་དང་དར་ཆ་མཛེས་པོ་མང་ཡང་འདྲ་སྟེ། དེ་ནི་བདེན་པ་ལ་སྡང་ཞིང་མི་གཤིས་ལ་རྒོལ་བའི་ཀླ་ཀློའི་སྤྱི་ཚོགས་ཤིག་ཏུ་ཐག་གཅད་རྒྱུ་ཡིན་པ་དེ་ཡང་དུས་རབས་ཉེར་གཅིག་པའིཡོངས་ཁྱབ་རྒྱུན་ཤེསཤིག་ཏུ་ཆགས་ཀྱིན་ཡོད་དོ།།
ཨ་རིའི་རང་བཙན་དམག་འཁྲུགས་སྐབས་སུ། དེ་གའི་རང་དབང་རྩོད་ལེན་གྱི་ལས་འགུལ་ལ་ཞུགས་པའི་ཡུལ་མི་རེ་རེའི་ཨམ་ཕྲག་ཏུ་ཁོ་ཚོའི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུའི་དཔེ་དེབ་རེ་རེ་བཅུག་ཡོད་པར་གྲགས། ཁོ་པ་དག་གི་སེམས་ཤུགས་ཀྱི་གཞི་འཛིན་སར་གྱུར་པའི་དཔེ་དེབ་དེ་ནི་ཡེ་ཤུའི་སྟོན་པའི《དམ་པའི་གསུང་རབ》མིན་ཞིང་། ཕི་ལ་ཐོའིཕུགས་བསམ་རྒྱལ་ཁབཡང་མ་ཡིན་ཏེ། ཁོ་ཚོ་དང་སྐྱིད་སྡུག་མཉམ་མྱོང་གི་རྩོམ་མཁན་ཕའིན་གྱིས་བྲིས་པའིརྒྱུན་ཤེསརེད། གོ་བ་རགས་ལེན་བྱས་ན། རྒྱུན་ཤེསནི་བརྗོད་བྱ་རྣམ་གྲངས་གཉིས་ཀྱིས་གྲུབ་པ་ཞིག་སྟེ། དབྱིན་ཇི་པས་ཁོ་ཚོར་ཅི་ཞིག་བྱེད་ཀྱིན་ཡོད་པ་དང་ཁོ་ཚོ་རང་གིས་དེ་ལ་ཅི་ཞིག་བྱ་དགོས་པ་གཉིས་རེད། ཨ་རིའི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། རྒྱུན་ཤེསཀྱིས་མི་རྣམས་ལ་བྱིན་པའི་གོ་རྟོགས་དང་ཆོད་སེམས་དེ་ཁོ་པ་ཚོས་དབྱིན་ཇི་བཙན་རྒྱལ་ཆེན་མོའི་གཉའ་གནོན་ལ་མགོ་བོ་སྒུར་མི་འདོད་པའི་ནང་གི་སྟོབས་ཤུགས་ཀྱི་གཞི་རྩ་ལྟ་བུར་ཆགས་ཡོད་པས། ཕའིན་གྱི་མཛད་རྗེས་ཡང་རྒྱལ་ཡབ་ཝ་ཞིན་ཐོན་ལས་མི་དམན་ནོ་ཞེས་སུ་ཁོ་ཚོ་རང་གིས་སྨྲ་བར་བྱེད།
དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་བྱང་ཨ་མི་རི་ཀར་སྐབས་དེ་དུས་སུ་མི་གྲངས་ས་ཡ་གཉིས་དང་འབུམ་ལྔ་ཙམ་ལས་མེད་ན་ཡང་། མི་རྣམས་ཀྱིས་མ་བཀླགས་ཚད་མེད་དུ་གྱུར་པའིརྒྱུན་ཤེསནི་ཡུད་ཙམ་གྱི་དུས་ལ་དཔར་གྲངས་འབུམ་ཕྲག་ལྔ་ལས་བརྒལ་སོང་། ཨ་རིའི་སྲིད་འཛིན་ཐོག་མ་ཝ་ཞིན་ཐོན་གྱིས་ཀྱང་། དཔེ་ཆ་དེ་ལ་བལྟས་ནས་ལྷག་ཏུ་དབྱིན་ཇིའི་དྲང་བདེན་མིན་པའི་ལམ་ལུགས་ལ་འཚིག་པ་ཟོས་ཏེ། 《རྒྱུན་ཤེས》ཀྱིས་ཁོ་བོ་རང་ཉིད་ཚུད་པའི་སྐྱེ་བོ་མང་པོ་ཞིག་གི་སེམས་ལ་གཏིང་ཟབ་པའི་འགྱུར་བ་བཏང་སོང་། ང་ཚོའི་སྙིང་ཁོངས་སུ་རང་བཙན་དང་རང་དབང་གི་བསམ་བློའི་རླབས་རྒྱུན་དྲག་ཏུ་འཕྱུར་སོང་། ང་ཚོས་བྲན་གཡོག་བྱས་ནས་མགོ་བོ་སྒུར་མི་རུང་ལ། གཞན་གྱི་གཉའ་གནོན་དང་བཤུ་གཞོག་ལ་བཟོད་པ་བསྒོམ་རྒྱུ་མིན། ང་ཚོས་བློ་ཐག་རྦད་ཆོད་ཀྱིས་འདི་ལྟ་བུའི་དྲང་སྙོམ་མིན་ཞིང་མི་ཆོས་དང་འགལ་བའི་རྒྱལ་ཁབ་ཅིག་དང་འབྲེལ་བ་ཡོད་ཚད་རྩ་བ་ནས་གཅད་རྒྱུ་ཡིན། ཞེས་ཀྱང་བཤད་མྱོང་།
དེ་ལྟར《རྒྱུན་ཤེས》གྱི་ཁྱད་པར་འཕགས་པའི་ཚིག་རྩལ་དང་གནད་ལ་ཁེལ་བའི་བསམ་གཞིགས་དེས། ཨ་རིའི་རང་བཙན་བསྒྲགས་གཏམད་དུང་མ་གྲུབ་པའི་སྔ་རོལ་ཞིག་ནསཨ་རིའི་རང་བཙན་བསྒྲགས་གཏམགྱི་སྙིང་པོའི་བསམ་བློ་དེ་དག་མི་ཐམས་ཅད་ཀྱིས་ཤེས་རྟོགས་ཐུབ་པའིརྒྱུན་ཤེསསུ་བསྒྱུར་པར་བརྟེན། གལ་ཆེའི་ངེས་རྟོགས་མང་པོ་ཞིག་དམངས་སེམས་ན་གཡོ་མེད་བྲག་རི་ལྟ་བུའི་རྩ་བ་ཟུག་པར་གྱུར།
གང་ལྟར་རང་དབང་ལས་འགུལ་གྱི་འགོ་རྒྱུན་ཤེས་ནས་བརྩམས་པ་དེས་ནི། ཨ་རི་པ་ཚོར་དེ་རིང་གི་འབྱོར་ཕྱུག་སྤྱི་ཚོགས་དང་། དམངས་གཙོའི་སྲིད་ལུགས་སོགས་ཀྱི་རིན་ཆེན་འབྲས་བཟང་སྣ་ཚོགས་བསྐྱེད་པ་ཡིན་ངེས་ཏེ། རིགས་མཐུན་གྱི་རྒྱུ་ལས་རིགས་མཐུན་གྱི་འབྲས་བུ་སྨིན་ངེས་པའི་ཆོས་ཉིད་སུས་ཀྱང་བཟློག་ཏུ་མི་བཏུབ་ཨང་། གཞན་དུརླབས་ཆེན་གྱི་བློ་མཐུན་ག་གེ་མོའི་སྣེ་ཁྲིད་འོག་ཏུ་མི་ཡུལ་ལ་རྫོགས་ལྡན་གྱི་འཇིག་རྟེན་ཞིག་བཞེང་རྒྱུ་ཡིནཔར་བསྙད་མཁན་ཚོས་ནི། གསར་བརྗེ་དང་། བཅིངས་འགྲོལ། དམངས་གཙོ་སོགས་ཀྱི་འབོད་ཚིག་སྙན་མོ་ཅི་ཞིག་བོས་ཀྱང་རུང་སྟེ། གོམ་པ་དང་པོ་ནས་བཟུང་མི་རང་མཚན་པའི་ཆོས་ཉིད་སྣང་མེད་དུ་གཡུགས་ཤིང་། དོན་དམ་པའི་རྒྱུན་ཤེས་རྩིས་མེད་དུ་བཏང་ཟིན་པའི་ཕྱིར་ཁོ་ཚོའི་ལས་སུ་བྱ་བ་དག་ནམ་ཡང་སྒེར་གཅོད་མུན་ནག་གི་ར་བ་ལས་འདའ་བའི་གནས་མི་དམིགས་སོ།།
 
བཞི།
  ད་རུང་ཚབས་ཆེ་བ་ཞིག་ལ། སྔོན་གྱི་དུས་སུ་ནིཆོས་སྲིད་མཉམ་བསྲེསཀྱི་འདུ་ཤེས་རབ་རིབ་དག་གིས་ཡུལ་གངས་ཅན་པའི་འཚོ་བའི་རྒྱུན་ཤེས་མཐའ་དག་ཡལ་བར་བརླགས་ཏེ། མི་ཕལ་མོ་ཆེ་ཤི་མིན་གསོན་མིན་གྱི་ཕུང་པོ་འཁྱག་རོ་ཞིག་ཏུ་བསྒྱུར་ཟིན་པ་ཡིན་ལ། ད་ཡང་རང་རེ་ཚོས་རང་དབང་དང་འདྲ་མཉམ་ཟེར་པའི་ཐ་སྙད་ཆེན་པོ་དག་ཁ་ལ་བཟུང་ནས། མི་ཆོས་ཀུན་སྤྱོད་ཀྱི་རྒྱུན་ཤེས་ཡོད་ཚད་རྡོག་རོལ་དུ་གཏོང་རྒྱུའི་ལོ་རྒྱུས་གསར་པ་ཞིག་ལ་དབུ་འཁྱུད་འབྲི་བཞིན་འདུག 
ལྟོས་དང་། དེང་སྐབས་རང་དབང་རང་དབང་ཞེས་རྗོད་ཀྱིན་པའི་རང་རེའི་སྐྱ་སེར་གཞོན་སྐྱེས་ཚོ་ལ་མཚོན་ན། རང་དབང་གི་བསམ་བློ་ཞེས་པ་བྱུང་རྒྱལ་དུ་གཞན་ལ་མཚང་འབྲུ་བ་དང་། ཀུན་སྤྱོད་བག་མེད་ཀྱི་ལས་ལ་གང་བྱུང་དུ་འཇུག་ནུས་པའི་ཕོ་ཚོད་ལྟ་བུ་ཞིག་ཏུ་ངོས་བཟུང་བའི་རྟགས་དང་མཚན་མ་མངོན་གསལ་དོད་པོར་སྣང་། ཚུལ་དེར་བསམས་ན། རང་དབང་གི་བསམ་བློ་ཟེར་བ་དེ་སྐྱེས་བུ་སྒེར་རེ་རེའི་ལུགས་མཐུན་གྱི་གནས་བབ་ལ་བརྩི་བཀུར་ཐོབ་ཅིང་། ཐུན་མིན་གྱི་ཁྱད་ཆོས་ལ་གཙིགས་འཛིན་བྱེད་པའི་ཤེས་རབ་ལས་བྱུང་བའི་ངེས་རྟོགས་ཤིག་ཡིན་པ་དེ་དང་། རང་གི་རང་དབང་ལ་གོང་བཀུར་འཐོབ་དགོས་ན། གཞན་གྱི་རང་དབང་ལ་བརྩི་འཇོག་བྱ་དགོས་པའི་རྒྱུན་ཤེས་གཙང་མ་ནི་ཁོ་ཚོ་དང་བར་ཐག་ཤིན་ཏུ་རིང་བར་འདུག 
ད་དུང་མི་དེ་རིགས་ཀྱིས་ནི། འདྲ་མཉམ་གྱི་བསམ་བློ་ཞེས་པ་ཡང་ཕ་མ་ལ་བརྩིས་ན་ངོ་ཚ་དང་དགེ་རྒན་ལ་བཀུར་ན་བྲན་གཤིས་སུ་སྙམ་ནས། སུ་ལ་མི་བསྟུན་གང་ལ་མི་མཐུན་པའི་ཧམ་སེམས་དང་ང་རྒྱལ་ཞིག་ཏུ་གོ་འདུག་པ་འདྲ་སྟེ། འདྲ་མཉམ་ཞེས་པ་ནི། མི་སུ་ཡིན་རུང་བདེ་སྡུག་གི་ཚོར་པ་གཅིག་མཚུངས་སུ་གྲུབ་པའི་གཞི་རྩའི་རང་བཞིན་ལ་གཞི་བཅོལ་བའི་སྟེང་ནས་བྱུང་བའི་རྒྱུ་འབྲས་དྲང་སྙོམ་གྱི་ལྟ་བ་ཞིག་ཡིན་པའི་རྒྱུན་ཤེས་ཧ་གོ་ཚེ། རང་རེའི་ཡབ་མེས་ལས་བརྒྱུད་པའི་ཡ་རབས་སྲོལ་བཟང་གི་རྩ་བ་འུ་ཚོའི་སྟེང་ནས་མི་རུལ་ལ། ནུབ་ཕྱོགས་སྔོན་ཐོན་གྱི་བསམ་བློའི་མྱུ་གུ་ཡང་འུ་ཚོའི་སྟེང་དུ་སྨིན་ཐུབ་རྒྱུ་རེད། བསམ་ཞིང་བསམ་ཚེ། རྒྱུན་ཤེས་ནི་སྤྱི་ཚོགས་སོ་སོ་བདེ་ཐང་དུ་གནས་པའི་ཚེ་སྲོག་གི་སྙིང་པོ་ཡིན་ལ། རྒྱུན་ཤེས་ནི་མི་རེ་རེའི་རྒྱུ་འབྲས་ཀྱི་རྟོགས་པའི་གཞུང་རྟ་ཡང་ཅིས་མ་ཡིན།
མདོར་ན། རང་གི་གླེན་རྟགས་དང་བླུན་རྨོངས་ཀྱིས་བསྐྱེད་པའི་ལས་ཀ་སྔ་མ་མཐའ་དག་ལྷ་དང་ལྷ་མོའི་སྤྲུལ་སྒྱུར་དུ་ལྟ་ཞིང་། གཞན་གྱིས་བཙན་འཛུལ་དང་དྲག་རྩུབ་མནར་གཅོད་བྱས་པ་སོགས་འདྲེ་དང་གདོན་གྱི་ཆོའཕྲུལ་དུ་ལྟ་བའི་རང་རེ་བོད་མི་རྣམས་ལ་མཚོན་ན། མི་རང་མཚན་པའི་ཆོས་ཉིད་དང་བཅས་པའི་ལོ་རྒྱུས་ཀྱི་རྒྱུན་ཤེས། འཚོ་བའི་རྒྱུན་ཤེས། མི་ཚེའི་རྒྱུན་ཤེས། སློབ་གསོའི་རྒྱུན་ཤེས། འཕྲོད་བསྟེན་གྱི་རྒྱུན་ཤེས། རིག་གནས་ཀྱི་རྒྱུན་ཤེས་སོགས་ལ་གཙིགས་སུ་བཟུང་ཞིང་དོན་ལ་གཞོལ་མིན་ནི། དེང་ཕྱིན་མི་གྲལ་དུ་མི་བྱས་ནས་འགྲོ་འདོད་ཡོད་མེད་ཀྱི་འདམ་ཀ་ལ་ཐུག་ཡོད་པ་གོར་མ་ཆག་པ་རེད། 
 
ལྔ།
   དེ་ཇི་ལྟ་བ་བཞིན་དུ་རབ་བྱུང་པའི་སྡེ་ཞིག་ལ་མཚོན་ནའང་། གང་དུ་ཆོས་ཀྱི་རྒྱུན་ཤེས་ཡོངས་ཁྱབ་ཏུ་ཆགས་པའི་དགོན་སྡེ་ཞིག་ཡིན་ཕྱིན། ཞི་བའི་བསྟི་གནས་ཤིག་དང་བག་ཕེབས་ཀྱི་གནས་མཆོག་ཅིག་ཡིན་པར་གདོན་མི་ཟ་སྟེ། དགོན་པ་གང་ཞིག་ཏུ་ལུགས་མཐུན་ཆོས་ཀྱི་དད་མོས། ཞི་དུལ་འདུལ་ཁྲིམས་ཀྱི་སྤྱོད་པ། ལྟ་སྒོམ་ཤེས་རབ་ཀྱི་ཉམས་ལེན་སོགས་འཐུས་ཚང་ཞིག་ཡོད་མེད་ཀྱི་ཐོག་མའི་རྩ་བ་ནི། དགོན་སྡེའི་དགེ་འདུན་པ་སྤྱིའི་ཆོས་ཀྱི་རྒྱུན་ཤེས་ལ་རག་ལས་པས་སོ།།
ཉིན་ཞིག   ཕྲན་གྱི་ངོ་ཤེས་པའི་དགེ་སློང་དགུང་ལོ་བདུན་ཅུར་ཉེ་བ་ཞིག་དང་ངེད་གཉིས་གླེང་མོལ་བྱུང་སྐབས། ཁོང་གིས། ངས་དགེ་སྦྱོར་ཆེན་པོ་བྱེད་ཐུབ་མ་སོང་སྟེ། ངན་སོང་དུ་བླ་མས་མི་གཏོང་ཁོ་ཐག་ཡིན་ནི་རེད།ཅེས་ཟེར། སྤྱིར་བཏང་ཁོང་ཉིད་ཁྲིམས་གཙང་ཚུལ་ལྡན་གྱི་གྲྭ་པ་ལེགས་པོ་ཞིག་ཡིན་ཕྱིར་ཁོ་བོས་ཡི་རང་དང་བརྩི་བཀུར་གྱི་གནས་སུ་རྒྱུན་དུ་བཞག་ཡོད་ལ་ད་དུང་དེ་ལས་མ་མཆིས་མོད། ཆོས་ཀྱི་རྒྱུན་ཤེས་དང་བྲལ་བའི་སྐད་ཆ་དེས་ནི་ང་ལ་བཤད་དཀའ་བའི་ན་ཟུག་ཅིག་དབང་མེད་དུ་སྟེར་སོང་། འོ་རེད། ད་རུང་ཁོང་ནི་མཚན་ཉིད་ཀྱི་སློབ་གཉེར་ཡོད་པའི་དགོན་སྡེ་ཆེན་པོ་ཞིག་ཏུ་སྐུ་ཚེ་ཧྲིལ་པོར་བཞུགས་པ་ཞིག་ཀྱང་རེད།
ནང་བསྟན་མཚན་ཉིད་ཀྱི་གཞུང་ལུགས་ལྟར་ན། ངན་སོང་དུ་འགྲོ་དང་མི་འགྲོ་སོགས་ཀྱི་འབྲས་བུ་དག་ནི། སྐྱེ་བོ་རང་རང་གིས་ལས་ཅི་ཞིག་བསྒྲུབས་པའི་རྒྱུ་ཁོ་ན་ལ་རག་ལས་ཀྱི་གང་ཟག་གཞན་ཞིག་ལ་གང་ཟག་གཞན་ཞིག་ངན་སོང་དུ་གཏོང་དང་མི་གཏོང་གི་དབང་ཆ་ཅི་ཡང་ཡོད་མི་སྲིད་དེ། ཆོས་ཀྱི་བླ་མ་ནི་ལེགས་ཉེས་འཇུག་ལྡོག་འདོམས་པའི་ལམ་སྟོན་ཡིན་པ་ལས། གར་སྐྱེ་བཀོད་སྒྲིག་བྱེད་པའི་ཁྲིམས་དཔོན་མ་ཡིན་ནོ།། རྒྱུ་འབྲས་ཀྱི་རིགས་པའི་འགྲོ་ལུགས་དེ་ཙམ་ནི་ནང་ཆོས་ཀྱི་རྨང་གཞིའི་འགྲོ་ལུགས་དང་རྒྱུན་ཤེས་ཙམ་ཡིན་ན་ཡང་། རང་ལོ་བཅུ་ཟིན་ཙམ་ནས་ཆོས་སྒོར་ཞུགས་ཏེ་ད་ལྟ་ལོ་བདུན་ཅུར་ཉེ་བའི་དགེ་སློང་ཞིག་ལ་ནང་ཆོས་ཀྱི་རྩ་བའི་རྒྱུན་ཤེས་དེ་ཙམ་ཡང་མི་མངའ་བ་ནི་སེམས་སྐྱ་མོ་ཁོ་ཐག་ཆད་པ་ཞིག་མ་ཡིན་གྲང་།
ལྷག་ཏུ་ཡ་ང་བ་ཞིག་ལ། རང་རེ་བོད་ཀྱི་རབ་བྱུང་པའི་སྡེ་ལ་མཚོན་ན། དེ་དང་དེ་ལྟ་བུ་ནི་ཆེས་སྤྱིར་བཏང་གི་སྣང་ཚུལ་ཕལ་པ་ཞིག་ཡིན་ཏེ། ཆོས་ཀྱི་རྒྱུན་ཤེས་དང་བྲལ་བའི་སྐད་ཆ་དེ་རིགས་ཆོས་པ་ཆེ་གེ་མོས་བཤད་པའི་དཔེ་རྣམས་རེ་རེ་ནས་འགོད་དགོས་ན་ཟད་དུ་ག་ལ་ཡོད།
ཆོས་ཀྱི་རྒྱུན་ཤེས་དང་བྲལ་བའིཆོས་པཞིག་ལ་མཚོན་ན། ཆོས་ཀྱི་ནང་དོན་དང་འབྲེལ་བའི་མི་ཚེའི་ལྟ་བ་དང་། འཇིག་རྟེན་ལྟ་བ། རིན་ཐང་ལྟ་བ་སོགས་ནི་གཞར་ཡང་ག་ལ་ཡོད་དེ། མ་མེད་ཀྱི་བུ་ཕྲུག་ཅིག་སྐྱེ་ཡང་མི་སྲིད་ལ་གལ་ཏེ་སྐྱེས་ཀྱང་རུང་གདོན་གཟུགས་ཡ་མ་བརླ་ཞིག་ལས་ཡོད་སྲིད་དམ། དེ་བཞིན་དུ་ཆོས་ཀྱི་རྒྱུན་ཤེས་མི་ལྡན་པའི་ཆོས་པ་ཡན་གར་པ་རེ་རེས་གྲུབ་པའི་ཚོགས་སྤྱིའི་དགོན་སྡེ་ཞིག་ལ་མཚོན་ན་ཡང་། དགོན་སྡེའི་ཁྱད་ཆོས་ཀྱིས་ཕྱུག་པའི་ཤེས་རིག་སློབ་གསོ། འདུལ་བའི་གཞུང་ལུགས་དང་ལྡན་པའི་དོ་དམ་སྒྲིག་འཛུགས། གྲྭ་པའི་རྩ་དོན་དང་མཐུན་པའི་མི་ཚེའི་འགྲོ་ལུགས་བཅས་ལེགས་པར་ཆགས་རྒྱུ་ནི། རུས་སྤལ་གྱི་སྤུ་བྲེག་འདོད་པ་དང་འདྲ་བར་གཏན་མི་སྲིད་པ་ཞིག་ཅིས་མ་ཡིན།
གང་ལྟར་ཆོས་ཀྱི་རྒྱུན་ཤེས་མི་ལྡན་པའིཆོས་པའིགྲངས་ཀ་མཚམས་མི་ཆད་པར་ཇེ་མང་དུ་འགྲོ་བཞིན་པ་དེར། མི་ལ་ལས་ནི། དམར་སེར་ངུར་སྨྲིག་མདངས་ཀྱིས་ས་སྟེང་ཁྱབ་པོ། དཀར་ཕྱོགས་རྒྱལ་པའི་མཚན་མ་ཕྱོགས་སུ་གྲུབ་པོ། ཞེས་སུ་དགའ་ཀྲོག་ཀྲོག་གིས་ང་རྒྱལ་བྱེད་སྲིད་ནའང་། དེ་དག་དང་མི་འདྲ་ས་ཞིག་ལ། ཕྱི་ཡི་གཅན་གཟན་གྱིས་མི་སོད་པའི་སེངྒེ། ནང་གི་འབུ་སྲིན་གྱིས་གསད་ངེསཔའི་མན་ངག་དྲན་ཚེ། ཁོ་བོའི་ཡིད་ཀྱི་ཚོར་པ་ནི་ནམ་ཡང་ལྗིད་ཏིག་ཏིག་དང་འཁྱག་སིབ་སིབ་ཡིན་ཨང་།
 ངས་རྒྱུན་དུ་འདི་ལྟར་བཤད་གྱིན་ཡོད། ད་ལྟའི་བོད་ཀྱི་དགོན་སྡེའི་སློབ་གསོར་ཕམ་ཁ་ཆེན་པོ་ཞིག་ཡོད་པ་ནི། རང་རེའི་ཁོར་ཡུག་ཏུ་ཕྱོགས་གླང་ལྟ་བུའི་མཚན་ཉིད་མཁན་པོ་དང་། ཀླུ་སྒྲུབ་འདྲ་བའི་ཤིང་རྟ་ཆེན་པོ་འབྱུང་དང་མི་འབྱུང་གི་གནད་དོན་ཞིག་མ་ཡིན་ཏེ། རང་རེའི་ཆོས་སྒོར་ཞུགས་པའི་གྲྭ་པ་མང་ཆེ་བ་ཞིག་གིས་ནང་ཆོས་ཀྱི་གཞི་རྩའི་འགྲོ་ཕྱོགས་ཙམ་ཡང་མི་ཤེས་པར་སྐུ་ཚེ་རྫོགས་ཀྱིན་པ་དེ་ནི། དངོས་ནས་བཟོད་མི་ཐུབ་པའི་ཕམ་ཁ་ཞིག་དང་། བཤད་དཀའ་བའི་ངོ་ཚ་ཞིག་མ་རེད་དམ།
དེ་བཞིན་བོད་ཀྱི་དགོན་སྡེ་ཚོར་མཚོན་ན། རྣམ་འགྲེལ་གྱི་ཕྲ་ཞིབ་རིགས་ལམ་དང་། ཕར་ཕྱིན་གྱི་རྒྱ་ཆེན་བཤད་པ། དབུ་མའི་ཟབ་གནད་ཀྱི་དགོངས་དོན། མཛོད་ཀྱི་དབྱེ་སྒོའི་རྣམ་གྲངས། འདུལ་བའི་བཅས་མཚམས་དང་གནང་བཀག་གི་བཤད་པ་ཞིབ་མོ། སྔགས་ཀྱི་ཐུན་མོང་མིན་པའི་ཐབས་མཁས་ཀྱི་ཁྱད་པར་སོགས་ལ་ཞིབ་དཔྱད་ཀྱིས་སློབ་གཉེར་ཚད་ལྡན་གནང་ཐུབ་མཁན་ཉུང་ཙམ་ལས་མེད་ནའང་སྐྱོན་དུ་མི་ཆེ་སྟེ། དགོན་སྡེ་སུ་ཡིན་རུང་རང་ཁོངས་སུ་ཞུགས་པའི་གྲྭ་པ་ཞིག་ཡིན་ཕྱིན། འཇིག་རྟེན་མི་ལུགས་ཀྱི་འཚོ་བའི་རྒྱུན་ཤེས་ཙམ་དང་རིག་གནས་བསམ་བློ་ཡི་རྩ་བའི་རྒྱུན་ཤེས་ཙམ་རེ་ཆགས་པའི་རྨང་གཞིའི་ཐོག་ཏུ། བདེན་བཞིའི་གནས་ལུགས་ཀྱི་གོ་བ་རགས་རགས་རེ་དང་། ནང་རིག་ཐུན་མིན་གྱི་སྐྱབས་འགྲོའི་འགྲོ་ཕྱོགས་རེ། འདུལ་བའི་བཅས་མཚམས་ཀྱི་ངོས་འཛིན་བསྡུས་བསྡུས་རེ་དང་། ཆོས་ཀྱི་བྱུང་རིམ་གྱི་ཤེས་བྱ་ཐན་ཐུན་རེ་སོགས་རྨང་གཞིའི་ཆོས་ཀྱི་ཤེས་བྱ་སྐོར་ཞིག་ནི་ངེས་པར་དུ་མ་ཤེས་ཐུ་མེད་ཡིན་པའི་སློབ་གསོའི་ལམ་ལུགས་ཤིག་ཡོད་འོས་ནའང་། བློ་གཏིང་ནས་ཕམ་པ་ཞིག་ལ། མཐོ་སྙེག་བྱེད་ལ་དགའ་བའི་རང་རེ་དག་གིས་ནི། འཆི་ལ་ཉེ་བའི་རང་ཉིད་ཀྱི་དོན་དངོས་རྒྱང་དུ་དོར་ཏེ་གཞུང་ཆེན་འདོམ་ལ་འཇལ་དགོས་ཚུལ་གྱི་ཁ་ཤོམ་གནམ་ལ་འཐེན་པ་ཙམ་ལས། གཅིག་ཐོག་ལ་གཉིས་དང་། གཉིས་ཐོག་ལ་གསུམ་ལྟར་བརྩིས་ནས་རྒྱུ་འབྲས་ཀྱི་གོ་རིམ་མ་ནོར་བའི་དགོན་སྡེའི་སློབ་གསོ་རྣལ་མ་ཞིག་ག་དུས་བསྒྲུབ་མྱོང་སྟེ་མ་མྱོང་ངོ་།།
གལ་ཏེ་ཁྱེད་ལ་དཔེ་དེབ་སྟོང་ཕྲག་ངག་སྐྱོར་བྱ་རྒྱུ་ཡོད་ཀྱང་ཆོག གཞུང་ལུགས་མང་པོ་འགྲེལ་བཤད་གནང་རྒྱུ་མཆིས་ཀྱང་རུང་། རྒྱུན་ཤེས་ཀྱི་སྤུས་ཚད་ལེགས་པོ་ཞིག་མི་ལྡན་ན་ནི་ཁེར་ཚུགས་ཀྱི་བསམ་བློའི་བླ་སྲོག་ཉམས་པ་དང་མཚུངས་པས། ཁྱེད་ཀྱི་འབད་པས་བཙལ་བའི་ཤེས་བྱ་ཉི་ཚེ་བ་དེ་དག་ཀྱང་རྫུན་དང་རྫུས་མའི་རམ་འདེགས་ཤིག་ཏུ་འགྱུར་སྲིད་ཅིང་། རང་མགོ་སྐོར་བའི་རྨི་ལམ་ཞིག་ཏུ་མི་འགྱུར་བའི་ངེས་པའང་གཏན་མ་མཆིས་སོ་ཞེས་ཀྱང་ཞར་ལ་ཞུ་བར་འདོད།
དེ་ལྟ་ན་རང་རེ་བོད་ཀྱི་གྲྭ་པ་ཕལ་མོ་ཆེ་ནི། མི་ཡི་རྒྱུན་ཤེས་དང་ཆོས་ཀྱི་རྒྱུན་ཤེས་གཉིས་བྲལ་གྱི་རིགས་ཟུར་པ་ཞིག་ཏུ་གྱུར་ཟིན་པས། མིའི་སྤྱིར་བཏང་གི་རིག་གནས་རྒྱུན་ཤེས་ཙམ་ཡང་གཞི་ནས་གྲུབ་མེད་ན། རང་ཚུགས་མ་ཡལ་བའི་ཆོས་ཀྱི་གོ་རྟོགས་ཤིག་དང་། གནས་ལུགས་ཤེས་པའི་སེམས་ཀྱི་དད་མོས་ཤིག་ནི་དེ་ལས་ཀྱང་རབ་ཏུ་དཀོན་པའི་རང་བཞིན་ལ་བསམས་ཚེ། ཆོས་སྲིད་མཉམ་བསྲེས་ཀྱི་ཡ་མ་བརླའི་ལོ་རྒྱུས་རིང་མོའི་སྐྱོ་གར་བརྒྱུད་བརྒྱུད་པའི་མཐའ་ནས་ཀྱང་། ད་དུང་ཕྱིར་འདང་རྣལ་མ་ཞིག་རྒྱག་ཐུབ་ཀྱི་མེད་པ་དང་འགྲོ་ལམ་གསར་པ་ཞིག་རྙེད་ཐུབ་ཀྱི་མེད་པ་དེ་ཡངརྒྱུན་ལྡན་མིན་པའི་རྒྱུན་ལྡནཞིག་ཅི་ལ་མིན།
ཡང་བཤད་ན། སྟོན་པ་ཐུགས་རྗེ་ཅན་གྱིས་ཀྱང་། རྟེན་འབྲེལ་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་སོགས་མཐའ་ཀླས་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཀུན་ཀྱང་ཐོག་མར་རྒྱུན་ཤེས་ལས་འགོ་བརྩམས་པ་ཤ་སྟག་མ་ཡིན་ནམ།
དེ་ཡང་ཡོངས་སུ་གྲགས་པ་ལྟར་ན། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོཞེས་པ་དེ་ནི། ཞི་བའི་བཤེས་གཉེན་ཆེན་པོ། མཆོག་གི་ཤེས་རབ་ཅན་གྱི་སྟོན་པ་གང་དེས་འཛམ་གླིང་འདིའི་མི་རྣམས་ལ་བཀའ་བསྩལ་བའི་ཆོས་ཚིག་ཐོག་མ་ཡིན་པ་རེད། ཇི་སྲིད་ཉེར་ལེན་གྱི་ཕུང་བོ་རགས་པ་འདི་ཉིད་གནས་པ་དེ་སྲིད་དུ། སྐྱེ་རྒ་ན་འཆི་སོགས་ལྷན་སྐྱེས་ཀྱི་སྡུག་བསྔལ་མི་ཟད་པ་དུ་མས་དངོས་ཤུགས་ཀུན་ནས་གདུང་བར་བྱེད་པ་དེ་གང་ཟག་རང་རང་གི་མྱོང་བས་གྲུབ་པའི་རྒྱུན་ཤེས་ཤིག་ཡིན་ན། སྟོན་པ་ཐུགས་རྗེ་ཅན་གྱིས་ནི། ང་ཚོར་རྒྱུན་ཤེས་སུ་ཆགས་པའི་ལྷན་སྐྱེས་ཀྱི་མྱོང་བ་དེ་ལས་འཕྲོས་ཏེ། བདེན་པ་བཞིའི་རྒྱུ་འབྲས་ཀྱི་འཇུག་ལྡོག་གསུངས་ཤིང་ཟབ་ཅིང་རྒྱ་ཆེ་བའི་ནང་ཆོས་མཚན་ཉིད་རིག་པའི་སྲོལ་ལམ་ཡངས་པོར་ཕྱེས་པ་རེད་ཨང་།
དེ་བཞིན་དུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཀྱང་། ནས་ཀྱི་ས་བོན་ལས་ནས་སྐྱེ་བ་དང་། གྲོ་ཡི་ས་བོན་ལས་གྲོ་སྐྱེ་བའི་རྒྱུན་ཤེས་ཀྱི་རྟེན་འབྱུང་རགས་པ་དེ་ལ་རྨང་གཞིར་བཟུང་བའི་སྟེང་ནས། ཆོས་རྣམས་རང་བཞིན་གྱིས་སྟོང་བའི་དེ་ཁོ་ན་ཉིད་དང་། མིང་རྐྱང་སྒྱུ་མ་ཙམ་གྱི་རྟེན་འབྲེལ་གཉིས་ཀ་ཟུང་དུ་འཇུག་པའི་རྣམ་གཞག་སོགས་སྔ་ན་མེད་པའི་རིགས་ཚུལ་གསར་པའི་ཤིང་རྟའི་ལམ་སྲོལ་ཡོངས་སུ་ཕྱེས་པ་མ་རེད་དམ།
གང་ལྟར་རང་བསྟོད་ཀྱི་བདུད་རྩི་སྐྱུར་མོས་རང་ཉིད་བཟི་བའི་བོད་ཀྱི་རབ་བྱུང་པ་དག་ལ་མཚོན་ན་ནི། ཡུལ་དུས་ཀྱི་ཆོས་ཉིད་ལ་མི་རྨོངས་པའི་རྒྱུན་ཤེས་མང་པོ་ཉེ་བར་མཁོ་ལ། ལྷག་ཏུ་དགོན་སྡེའི་ཐུན་མོང་མིན་པའི་དོ་དམ་ལག་ལེན་གྱི་རྒྱུན་ཤེས་དང་། སློབ་གསོའི་ཐབས་ལམ་གྱི་རྒྱུན་ཤེས། ནང་ཆོས་ལྟ་གྲུབ་ཀྱི་རྒྱུན་ཤེས་སོགས་ཁོང་དུ་ཆུད་རྒྱུ་ཤིན་ཏུ་གནད་དེ། སྟོན་པ་ཐུགས་རྗེ་ཅན་དང་། རྒྱལ་སྲས་ཆོས་ཀྱི་སྒྲོན་མེ་དག་གི་ལུགས་ལས་བྱུང་བའི་གཞན་ཕན་སྙིང་པོར་གྱུར་པའི་ནང་བསྟན་ཤེས་རིག་གི་སྐྱེ་རྒྱུན་ཡོད་ཚད་ང་ཚོའི་སྟེང་ནས་མཇུག་བསྡུ་མིན་གྱི་རྩ་བའི་རྩ་བ་ནི་ཚུལ་དེ་ཉིད་ལ་རག་ལས་སོ་ཞེས་ཀྱང་གསལ་འདེབས་བྱེད་རྒྱུ་ལགས།
༢༠༠༩།༡༠།༡༤
·རྩོམ་ཡིག་གོང་མ:གྲགས་ཅན་གསུང་ཚིག༣༡
·རྩོམ་ཡིག་འོག་མ:གཞས་ཚིག སྐྱ་ཐང་ཐང༌།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 16:06:44 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:35:31 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:59:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།93.75MS