༅། །རྨི་ལམ་དབང་ཕྱུག་གི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡེ། །
ཀ་དག་སྤྲོས་བྲལ་གཉུག་མའི་ཡེ་ཤེས་ངང་། །ལྷུན་གྲུབ་སྣང་བཞིའི་དགོངས་པ་མཐར་ཕྱིན་པའི། ། བརྒྱུད་གསུམ་རིག་འཛིན་བླ་མ་དམ་པ་ལ། །སྒོ་གསུམ་མི་ཕྱེད་དད་པས་ཕྱག་གིས་མཆོད། ། སྣང་སྲིད་ཡེ་དག་རྒྱལ་བའི་ཞིང་ཁམས་སུ། །མ་རྟོག་ལོག་པར་སྣང་བའི་འགྲོ་བ་རྣམས། ། ལས་ཉོན་བག་ཆགས་འཁྲུལ་བའི་སེམས་ཅན་ལ། །རྨི་ལམ་བར་དོའི་གདམས་པ་མདོར་བསྡུས་འབྲི། ། ལས་ཉོན་སྒྲིབ་པས་ཁམས་གསུམ་འཁོར་བ་འཁྱམས། །བག་ཆགས་འཁྲུལ་བས་ཉིན་མཚན་གཡེང་བས་ཁྱེར། །དོན་མེད་མི་ཚེ་ཟད་པའི་ཚུར་མཐོང་ཚེ། །རྨི་ལམ་སྒྱུ་འཕྲུལ་སྙིང་པོ་མཆོག་ཏུ་ཟབ། ། ལས་ཉོན་སྲོག་གི་ཀ་བ་སེམས་ཀྱིས་བྱས། །རྩ་རླུང་ཐིག་ལེའི་རྒྱུ་བ་བཟང་ངན་ཀུན། ། ཀུན་རྟོག་བག་ཆགས་སྣ་ཚོགས་སྣང་བ་རྣམས། །སད་རྨི་བར་དོ་གསུམ་ཆར་འདྲ་མཉམ་མོ། །ཁྱད་པར་གཟུང་འཛིན་དུག་ལྔའི་རྟོག་པ་དག །རང་སྣང་རྨི་ལམ་སྒྱུ་མའི་འཁྲུལ་སྣང་ངམ། ། དག་སྣང་ཡེ་ཤེས་རིག་པའི་རྩལ་མཐོང་ན། །འཁོར་འདས་ལག་པའི་ལྟོ་རྒྱབ་འདི་ཀའོ། ། འཕགས་པའི་ཡུལ་གྱི་མཁས་གྲུབ་ཇི་སྙེད་དང་། །གངས་རི་ལྗོངས་ཀྱི་བླ་མ་དམ་པ་ཀུན། །ཐུགས་དམ་རྨི་ལམ་འོད་གསལ་ཉིད་ལ་བརྟེན། །བདེན་གཉིས་འགལ་མེད་དཔེ་དོན་འདི་ཡིས་མཚོན། །མི་རྟག་འཆི་བའི་འདུ་ཤེས་མངོན་སུམ་འབྱུང་། །མི་ཚེའི་སྙིང་པོ་ལྷ་ཆོས་རྗེས་སུ་དཔག །མི་འཇིགས་བར་དོའི་སྡུག་བསྔལ་བསལ་བའི་གཉེན། །རྨི་ལམ་སྤྲུལ་སྒྱུར་ལས་ལྷག་གདམས་ངག་དབེན། ། ཉིན་སྣང་འཁྲུལ་བའི་སྤྱི་སྡོམ་ལེགས་ཉེས་ཀུན། །མཚན་སྣང་ཉིང་འཁྲུལ་ལམ་ནས་ལྷག་ཏུ་གསལ། །ཡང་འཁྲུལ་སྲོག་སྡོམ་གཟེར་བཞིའི་གནད་གྲོལ་ན། །ཆོས་སྐུའི་དགོངས་པ་རྨི་ལམ་རྒྱུད་ནས་མཐོང་། །དང་པོ་ལུས་སྦྱོང་འཚོ་བའི་ལོངས་སྤྱོད་རོལ། །གཉིས་པ་འདིར་སྣང་རྨི་ལམ་སྒྱུ་མ་བལྟ། གསུམ་པ་སྣང་མཆེད་ཐོབ་རྩལ་སྦྱང་ན། །རྨི་ལམ་བཟུང་ཟིན་སྤྲུལ་སྒྱུར་རང་དབང་ཐོབ། །དུས་གསུམ་ཅིག་ཆར་མཁྱེན་པའི་ཤེས་རབ་དང་། །གཏི་མུག་བག་ཆགས་ཟད་པའི་སྒྲིབ་སྦྱངས་མཆོག །སྙིང་རྗེའི་ཐབས་མཆོག་ལྡན་པའི་གདམས་པ་འདི། །ཐར་ལམ་འདོད་པ་ཀུན་གྱི་སྙིང་གི་ནོར། ། སྟོན་པའི་ཡུམ་ཆེན་སྒྱུ་མ་ལྷ་མཛེས་ནས། ། བསྟན་པའི་རྗེས་འཇུག་ལས་འབྲས་འདོད་པའི་བར། ། བཟང་ངན་རྨི་ལམ་ལུང་བསྟན་ངོ་མཚར་གཏམ། །མཐའ་ཡས་ཀུན་གསལ་ཁྱོན་ལ་ཁྱབ་པར་བཞུགས། །བདེན་བཞི་མི་རྟག་བཅུ་དྲུག་ལྟ་དགོངས་དང་། །རྩ་ཉོན་ཉེ་ཉོན་སྤངས་པའི་ཞི་ལྷག་ངང་། །དཔའ་བོ་སེང་གེའི་ཉལ་སྟངས་མ་ནོར་ན། །དགྲ་བོ་དུག་ལྔའི་གཞན་དབང་མི་འགྱུར་རོ། ། ངེས་འབྱུང་ཐར་བའི་ཐེམ་སྐས་དང་པོ་ཡིན། །བྱང་སེམས་སྙིང་རྗེའི་ལམ་ཁྱེར་གཉིས་པ་ཡིན། ། གསང་ཆེན་བསྐྱེད་རྫོགས་སྒོམ་པའི་རྨི་ལམ་འདི། །སོར་བྱང་སྔགས་ཀྱི་དྲན་ཤེས་བག་ཡོད་ཡིན། །མི་རྟག་སྒྱུ་མ་མཚོན་པའི་རྨི་ལམ་འདི། །མི་སོགས་འགྲོ་བ་ཀུན་ལ་ཁྱད་མེད་དུ། །སྣང་བ་རྫུན་པར་སྟོན་པའི་ཐབས་ཤེས་འདི། །ངེས་དོན་གདམས་པའི་སྙིང་པོ་ཉག་གཅིག་གོ །རྨི་ལམ་བཟུང་ནས་སྤྲུལ་སྒྱུར་འོད་གསལ་ལས། །དུད་འགྲོ་བཞིན་དུ་ཟ་ཉལ་སྤོངས་པ་དང་། ། དལ་འབྱོར་སྙིང་པོ་ལོན་པའི་དམ་ཆོས་འདི། །རྨི་ལམ་དབང་ཕྱུག་བདག་གི་སྐལ་བ་ལགས། ། སྔོན་བྱོན་དམ་པའི་རྨི་ལམ་ཞིང་སྦྱངས་དང་། །ད་ལྟའི་ཆོས་པ་ཚན་རིག་ཞིབ་འཇུག་པས། །ཡ་མཚན་མངོན་སུམ་མཐོང་བའི་རྨི་ལམ་དག །འབྱུང་འགྱུར་བསྐལ་བའི་མཐའ་ཡང་རྫོགས་པ་མེད། །ལུས་སེམས་འབྲེལ་བའི་རྨི་ལམ་གསང་བ་འདི། །ཕྱི་ནང་བསྟན་པའི་ཆོས་ལ་ཁྱད་པར་མེད། ། བསྟན་པ་རིས་མེད་རྨི་ལམ་རིན་པོ་ཆེ། །གནའ་དེང་དུས་རབས་ཀུན་ལ་ཕན་འབྲས་མོད། །ལུས་ཀྱི་ན་ཚ་གདོན་བགེགས་སེལ་ཐབས་དང་། །སེམས་ཀྱི་ཞི་བདེ་ཕན་འབྲས་འབྱུང་བ་ལ། །རྨི་ལྟས་བཟང་ངན་ལེགས་ཉེས་སྣ་ཚོགས་ཀུན། །གསོ་རིག་མདོ་སྔགས་ཆོས་ལས་གསལ་བོར་གསུངས། །ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེ་དང་། །རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དང་། ། སེམས་བྱུང་ལྔ་བཅུ་དག་ལས་ཤར་པའི་ཚུལ། ། གཉིད་དང་རྨི་ལམ་ཞིང་དུ་གསལ་བོ་ཤེས། ། ལྷན་སྐྱེས་ཀུན་བཏགས་མ་འཁྲུལ་ཀུན་ཏུ་བཟང་། ། ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་པ་དང་། ། རང་ངོ་མ་ཤེས་འཁྲུལ་བར་རྒྱ་འབྱམས་པས། །སད་རྨི་སྙོམ་འཇུག་བརྒྱལ་གྱི་ཤེས་པའོ། ། རྩ་ཁམས་ལས་རླུང་གཡོས་པའི་ཀུན་རྟོག་རྩལ། །བག་ཆགས་རང་སྣང་ཞེན་པའི་འཁྲུལ་རྟོག་ཆེ། ། སྟོང་གཟུགས་རྨི་ལམ་སྒྱུ་མའི་གྲོང་ཁྱེར་དུ། །སྐྱེ་བོ་ཕལ་ཆེར་རང་དབང་མེད་པར་འཁྲུལ། ། མ་བརྟགས་བདེ་སྡུག་ཚོར་བ་བསླུ་མེད་ཅིང་། །བརྟགས་ན་རྡུལ་ཙམ་རང་བཞིན་མ་གྲུབ་པས། ། རྨི་ལམ་དང་ནི་ད་ལྟའི་སྣང་བ་ལ། །བདེན་རྫུན་ཁྱད་པར་གང་གིས་འབྱེད་པར་ནུས། ། རྣམ་རྟོག་བློ་ལས་འགོངས་པའི་ལྐོག་གྱུར་ཅིག །རྣམ་དཔྱོད་རྩལ་ལས་མིན་པའི་འཁྲུལ་སྣང་ཉིད། ། དུས་གསུམ་བརྟག་པའི་ལུང་བསྟན་འཁྲུལ་མེད་དེ། །རྨི་ལམ་བར་དོའི་སྒྱུ་འཕྲུལ་ཨེ་མ་ཧོ། ། བརྒྱ་ཕྲག་དཀའ་བའི་ཚེགས་ལ་མ་ལྟོས་པར། །ཐུན་གསུམ་མནལ་དུ་ཡུར་བའི་གཉིད་ཁུང་ནས། ། མི་ཚེའི་གསང་གནད་འཚོལ་བའི་མན་ངག་དེ། །རྨི་ལམ་རྣལ་འབྱོར་ལས་གཞན་མེད་ཅེས་གསུངས། ། ལྕགས་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན། །རྨི་ལམ་སྤྲུལ་བསྒྱུར་འོད་གསལ་འབྱོངས་པ་ཡིས། ། སྣང་སྲིད་དག་པའི་ཞིང་དུ་བསྒྱུར་བའི་ཚེ། །ཡ་མཚན་ལྟད་མོ་སེམས་ཀྱི་གསང་ནས་མཐོང་། ། གྲངས་མེད་འཇིག་རྟེན་མང་པོས་ཆོད་པ་ཡི། །དག་པའི་ཞིང་ཁམས་མིག་འཕྲུལ་ལྟར་བགྲོད་ནས། ། རྒྱལ་དང་རྒྱལ་བའི་སྲས་ལས་ཟབ་རྒྱས་ཀྱི། །ངོ་མཚར་གདམས་ངག་ནོད་པར་ཨེ་མ་ཧོ། ། ས་ཆུ་མེ་རླུང་འབྱུང་བཞི་བྲལ་བའི་སེམས། ། རྒྱུ་མཐུན་ཉེར་ལེན་ཚེ་སྲོག་ཕྲ་མོའི་ཆ། ། ཕ་མའི་ཁུ་ཁྲག་དབུས་སུ་མཚམས་སྦྱར་ལྟར། ། རྨི་ལམ་རྟེན་འབྲེལ་འབྱུང་ཚུལ་དེ་བཞིན་ནོ། ། ཐིམ་རིམ་རྨི་འཆི་བརྒྱལ་ནས་འཕེལ་འགྲིབ་ཀུན། །བདེ་སྡུག་གསལ་བའི་མྱོང་ཚོར་སྐད་ཅིག་དག ། རིང་ཐུང་མ་གཏོགས་རླུང་སེམས་འཁྲུལ་ཚུལ་གཅིག །དྲན་པའི་ཕྱག་རྒྱ་འཆང་ན་གདམས་པའི་མཆོག ། སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་དང་། །སྒོ་ལྔའི་ཤེས་པའི་དབང་རྩ་བཟང་ངན་བཞིན། ། དྲན་པའི་རྨི་ལམ་ཞིང་སྣང་འོད་གསལ་དང་། །འཇིག་རྟེན་དུས་གསུམ་བརྟག་དཔྱད་དེ་བཞིན་གསལ། ། རྩ་ཡི་རྒྱལ་པོ་སྙིང་དང་མིག་ཏུ་འབྲེལ། ། རླུང་གི་རྟ་རྒོད་ལུས་ཀྱི་ཕྱོགས་ཀུན་རྒྱུ། ། སེམས་ཀྱི་གཉུག་མིའི་རང་ཚུགས་མ་ཐུབ་ན། ། ཉིན་མཚན་ཁྱད་མེད་ལོག་པའི་ལམ་དུ་གོལ། ། ལུས་ཀྱི་སྙིང་པོ་དལ་བརྒྱད་འབྱོར་བཅུ་ལ། ། ངག་གི་སྙིང་པོ་རྩ་རླུང་ལས་རུང་བྱ། ། སེམས་ཀྱི་སྙིང་པོ་ཉིན་མཚན་རྣལ་འབྱོར་ཀུན། །གཉུག་སེམས་བདེ་གཤེགས་འཛིན་སྐྱོང་སྤེལ་ལ་འབད། །འཆི་འཕོ་རྨི་ལམ་ཚོགས་བརྒྱད་རྣམ་ཤེས་ཀུན། །ཀུན་རྟོག་དུག་གསུམ་གཞན་དབང་མ་ཤོར་བར། ། དྲན་ཤེས་བག་ཡོད་གདམས་པའི་དཔལ་ཐོབ་ན། །ཕྱི་ནང་འཁོར་བའི་འགལ་རྐྱེན་སེལ་བར་ངེས། ། ཕྱི་ཡི་རྐྱེན་ངན་འབྱུང་བཞིའི་འཁྲུག་པ་དང་། །ནང་གི་རྐྱེན་ངན་ནད་གདོན་བར་ཆད་དང་། ། གསང་བའི་རྐྱེན་ངན་རྩ་རླུང་ཉམས་པའི་སྐྱོན། །སད་རྨིའི་སྣང་བ་བརྟག་ན་ལེགས་པར་ཤེས། ། དཔེར་ན་ད་ལྟའི་མི་ཚེ་བདེ་སྡུག་དང་། །རང་སྣང་དག་མཉམ་ལོངས་སྐུའི་བཀོད་པ་དང་། ། དེ་ཉིད་རྟོགས་པའི་ཆོས་སྐུའི་དགོངས་པ་གསུམ། །བདེ་གསལ་མི་རྟོག་རྨི་ལམ་ཞིང་ནས་མཐོང་། ། རླུང་སེམས་ཐ་མལ་སོང་ན་འཁྲུལ་བ་ཡིན། །རྨི་ལམ་རང་དབང་བྱུང་ན་གྲོལ་བ་ཡིན། ། གང་ཟག་ཁམས་དབང་མོས་པའི་བྱེ་བྲག་བཞིན། །ཐེག་གསུམ་རྨི་ལམ་གདམས་ཤིན་ཏུ་ཟབ། ། རྩ་རླུང་མ་ཉམས་ཚེ་རིང་ནད་མེད་དང་། །དམ་ཚིག་མ་ཉམས་བདེ་གསལ་མི་རྟོག་པའི། ། སྣང་བཞི་མཐར་ཕྱིན་ལམ་གྱི་རིམ་པ་ཡང་། །རྨི་ལམ་རྟགས་སུ་འབྱུང་བར་ཆོས་ཉིད་དོ། ། དུས་ཀྱི་འཕོ་འགྱུར་རྒྱལ་ཁབ་བདེ་སྡུག་དང། །ས་ཆུ་མེ་རླུང་འབྱུང་བའི་བཟང་ངན་དང་། ། བསྟན་དང་བསྟན་འཛིན་དམ་པའི་སྐྱེས་རབས་སོགས། །རྨི་ལམ་བདེན་པའི་དཔང་རྟགས་ཚད་མ་ཡོད། ། ནམ་སྟོད་རྨི་ལམ་ཉིན་མོའི་སྣང་བ་ཡིན། །ནམ་སྨད་རྨི་ལམ་ཉིང་འཁྲུལ་རྟོག་པ་ཡིན། ། ཐོ་རེངས་རྨི་ལམ་སད་རྨིའི་བར་མཚམས་ནས། །ལྐོག་གྱུར་གསང་བའི་ལུང་བསྟན་འདི་ན་ཡོད། ། ནུབ་ཕྱོགས་རིག་སྨྲ་ཁ་མིག་གནམ་དུ་གདེངས། །ཚུར་མཐོང་ལོག་པས་གཞི་མེད་སྒྲོ་བསྐུར་འདེབས། ། སྐལ་དམན་དག་ལ་ཐེ་ཚོམས་སྐྱེ་ན་ཡང་། །དག་སྣང་མོས་གུས་ཅན་གྱིས་དོན་ཆེན་རྙེད། ། འཁོར་འདས་བདེ་སྡུག་འབྱུང་བའི་དཔེ་དོན་རྟགས། །མངོན་རྗེས་རྨི་ལམ་ལམ་དུ་ཤར་བ་རྣམས། ། དུས་གསུམ་ཀུན་མཁྱེན་གཟིགས་པའི་མེ་ལོང་བཞིན། །ཚད་ལྡན་རྨི་ལམ་དག་ལ་ཤིན་ཏུ་གསལ། ། མཚན་ཉིད་མ་ཤེས་རྨི་ལམ་འཁྲུལ་བ་ཡིས། །གཅིན་པ་རང་གི་མལ་དུ་ཤོར་བ་དག ། སོ་སྐྱེ་ཐ་མལ་ཆང་གི་མྱོས་པ་དང་། །བརྟག་དཔྱད་མེད་པར་བྱ་ཉེས་ཤོར་བ་བཞིན། ། དང་པོ་རྨི་ལམ་གནད་ལ་ལེགས་པར་བསླབ། །བར་དུ་འབྱུང་འགྱུར་འཚོ་བའི་ལོངས་སྤྱོད་དང་། མཐར་ཐུག་ཀུན་མཁྱེན་ཐོབ་པའི་གདམས་པ་འདི། །སྤྱོད་ལམ་རྣམ་བཞིའི་སྐབས་སུ་གཅེས་པར་མཛོད། ། ལུས་ཀྱིས་ཕྱག་འཚལ་མཆོད་འབུལ་སྒྲིབ་སྦྱོང་དང་། །ངག་གིས་བསྙེན་སྒྲུབ་བཟླས་པ་ཚད་ཕྱིན་ན། ། སེམས་ཀྱི་ཞི་ལྷག་རྨི་ལམ་འོད་གསལ་ཉིད། །སྐལ་ལྡན་རིགས་ཀྱི་བུ་ལ་གཏད་རྒྱ་ལགས། ། གཞན་ཡང་རྫས་སྔགས་སྨན་གྱི་རྨི་ལམ་སྐོར། །ཕྲ་ཞིང་ཞིབ་རྒྱས་མདོ་སྔགས་བཀའ་གཏེར་གཟིགས། ། གདམས་པའི་གནད་གསང་དཀྲོལ་བའི་ལྡེའུ་མིག་ཅིག །མཛུབ་མོས་རི་སྟོན་ཙམ་དུ་འདི་ན་ཐལ། ། འདིར་སྨྲས་དགེ་བས་བདག་གཞན་འགྲོ་བ་ཀུན། །ཀུན་བཟང་རྒྱལ་སྲིད་ཐོབ་པའི་ཐབས་གྲོལ་ལམ། །རྨི་ལམ་སྒྱུ་འཕྲུལ་སྙིང་པོའི་དོན་རྟོགས་ནས། །འོད་གསལ་རྫོགས་ཆེན་བསྟན་པ་སྤེལ་གྱུར་ཅིག །མི་རྟག་དུས་ཀྱི་འཕོ་འགྱུར་བསླུ་སྐྱེན་པས། །རྒྱས་སྤྲོས་བཤད་པའི་དུས་ཁོམས་མ་བྱུང་ཡང་། ། སློབ་དཔོན་དྲི་མེད་རྒྱལ་མཚན་བསྐུལ་བའི་ངོར། །རང་སྣང་གང་ཤར་ཤྲྰིས་བྲིས་པ་དགེ །