ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

ཨ་མཚར་མཚར་དགུའི་དགུ་པ།

  རྩོམ་པ་པོ:ཞོགས་དུང་།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1713ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/7/9 18:07:27ཚོགས་ཡར་སྤྲོད:admin
ཨ་མཚར་མཚར་དགུའི་དགུ་པ།
 
ཞོགས་དུང་།
 
   ཡ་མཚན་གྱི་དོན་རྐྱེན་ཞིག་ལས་འཕྲོས་ཏེ་མི་རིགས་ལོ་རྒྱུས་ཀྱི་གདེང་རྙེད་པར་སྐུལ་བ་ནི་ཨ་མཚར་མཚར་དགུའི་དགུ་པ་ཡིན།
    ཉིན་ཞིག ཁོ་བོ་ཇོ་བོར་ལྟ་སྐོར་དུ་ཕྱིན་ཏེ་ཇོ་བོའི་ལོགས་སུ་ཇོ་ཁང་ཞབས་ཀྱི་མཚོ་ཡི་རླབས་སྒྲ་ཉན་ས་ཡིན་ཟེར་བའི་དད་པ་ཅན་རྣམས་མགོ་སྐོར་བྱེད་ཀྱི་བུ་ག་ཞིག་འདུག་པར་ཉན་གྲབས་བྱེད་དུས། རྒྱབ་ཕྱོགས་ནས་སུ་ཞིག་གིས་ངའི་རྐང་སྣམ་གྱི་ཁུག་མར་རེག་རེག་བྱེད་པའི་ཚོར་བ་བྱུང༌། ང་ཁ་ཕྱིར་འཁོར་བ་དང་ལག་པས་བསྙབས་པ་གཉིས་དུས་མཉམ་པའི་སྐད་ཅིག་མ་དེ་ལ་ལག་པས་ལག་པ་ཞིག་ཟིན་ཅིང་བལྟས་པ་ན་རྐུན་མ་ཞིག་གི་གདོང་མཐོང་སོང༌། ངས་ཁྲོས་པའི་རྣམ་འགྱུར་གྱིས་རྐུན་མ་དེའི་ཐོང་ཁ་ནས་བཟུང་སྟེ་སྡིགས་མོ་བྱས་པར་ཁོསསྐུ་མཁྱེན། སྐུ་མཁྱེནཟེར་ཞིང་ངོ་ཚའི་དབང་གིས་སྐྱུག་བྲོ་བའི་སྤྲེལ་ལད་སྣ་ཚོགས་སྟོན། རྐུན་མ་དེའི་སྙིང་རྗེའི་བཟོ་ལྟ་སྐྱོ་མདོག་ཁ་པོ་མཐོང་བ་དང་སུན་སྣང་སྐྱེ་བའི་སྐྱབས་ཞུའི་ཚིག་དེ་དག་ཐོས་པ་ན་ང་ཡུད་ཙམ་ནས་ཁོང་ཁྲོ་ཞི་ཞིང༌། ཡང་གཅིག་བསམས་ན་རྒྱུ་ནོར་རྐུ་ལའང་མ་ཤོར་བས་འཐམས་གྲོལ་བཏང་བ་ཡིན། བོད་མི་ཞིག་ཡིན་ཕྱིན་ཇོ་བོའི་མདུན་ལ་རྐུན་མ་འཁོར་འདི་བཤད་དུས་ཡིད་ཆེས་པར་དཀའ་བས་ཁོ་བོས་བོད་མི་ཕལ་པའི་བློ་ཁ་ལྟར་ཡ་མཚན་པ་ཞིག་ཏུ་བརྩིས་ནས་བྲིས་པ་ཡིན།
ཀློག་པོ་ཁྱེད་ཀྱིས་དོན་རྐྱེན་འདི་ཁོ་བོ་གཅིག་པུའི་སྟེང་ལ་བྱུང་བའི་ཐག་གཅོད་མ་སྔ་དང༌། འུ་ཚོས་དབྱེ་ཞིབ་ཅུང་ཙམ་བྱས་ན། རྐུན་མ་དེའི་གྲས་ཀྱིས་རང་རིགས་ཀྱི་སེམས་ཁམས་ལ་གནས་དུས་ཚོད་རྩིས་ཀྱིས་རྐུ་བྱེད་པ་རེད་སྙམ། རྒྱུ་མཚན་ནི། བོད་མི་ཁ་ཤས་ཀྱིས་ཇོ་བོར་མཇལ་རྗེས་རྒྱུ་ནོར་ཤོར་བ་ཤེས་འཕྲལ། སེམས་ལ་ངས་ཇོ་བོར་བཏེགས་པའི་རྒྱུ་ནོར་འབུལ་གྲངས་མ་ལོངས་པས་ཇོ་བོས་རྫུ་འཕྲུལ་གྱིས་བཞེས་པ་ཡིན་གྱི་རེད་ཅེས་བསམ་མཁན་ཡོད་སྲིད་པ་དང༌། ཁ་ཤས་ཀྱིས་ཇོ་བོའི་མདུན་དུ་ངའི་རྒྱུ་ནོར་རྐུ་ལ་ཤོར་བ་དེ་ངས་སྐྱེ་བ་སྔོན་མ་སྔོན་མ་ཞིག་ལ་རྐུན་མ་དེར་དོམ་ཞིག་ཆད་ཡོད་པ་ཡིན་གྱི་རེད་ཅེས་འདོད་མཁན་ཡོད་སྲིད། ཡང་ལ་ལས་ཇོ་བོའི་མདུན་དུ་རྐུན་མས་བརྐུས་ནའང་ངས་ཇོ་བོར་ཕུལ་པ་དང་ཁྱད་མེད་ཅེས་བསམ་མཁན་ཡང་ཡོད་སྲིད་པ་སྟེ། གང་ལྟར་ཇོ་བོའི་མདུན་དུ་བསམ་ཡུལ་ལས་འདས་པའི་རྒྱུ་ནོར་ཤོར་བ་གང་ཡང་ཁོ་ཚོས་ལས་དབང་གིས་འགྲེལ་རྒྱག་ཅིང་རང་ཉིད་ལན་པ་དང་རང་སེམས་གསོ་བའི་རྒྱུ་མཚན་ཞིག་བཙལ་ཏེ་གཞན་ལ་གསང་རྒྱ་སྡོམ་པར་བྱེད། རྐུན་མ་དེ་དག་གིས་བོད་མིའི་སེམས་ཁམས་དེ་སོགས་ལ་བལྟོས་ཏེ་རྐུན་ལས་གྲངས་མེད་ལག་ཐོག་བྱུང་བ་གདོན་མི་ཟ་ན་ཁོ་བོ་གཅིག་པུའི་སྟེང་ལ་བྱུང་བའི་དོན་རྐྱེན་ཞིག་ག་ལ་ཡིན།
   འོ་ན་རྐུན་མ་དེ་དག་གི་འབྱུང་རྐྱེན་གང་རེད་ཟེར་ན། དེ་ནི་ཁོ་ཚོའི་འཚོ་བའི་གནས་བབ་ཀྱིས་དེད་པ་ཡིན་ལས་ཆེ་ལ་གཞན་ཡུལ་གྱི་ནག་ཚོགས་ཀྱིས་ཤོག་སྦུག་རླུང་འཚང་གིས་ཁ་ལོ་བསྒྱུར་བ་ཡོད་ཀྱང་སྲིད། དེ་སོགས་ནི་རྩད་གཅོད་ཞིབ་འཇུག་བྱ་བའི་གནས་ཡིན་པས་ཁོ་བོས་འདིར་བཤད་དཀའ། ངས་ཤེས་པ་ནི་བོད་མི་རྣམས་ཀྱི་བསམ་སྤྱོད་གང་ཡང་རིག་གནས་ཀྱིས་མ་བསྐྱེད་པ་མེད་པའི་གནས་ལུགས་དེ་ཡིན།
སྟོང་བདག་མེད་དང་མི་རྟག་ལས་དབང་སོགས་ཀྱི་བསམ་བློའི་ཤུགས་ཆེ་བའི་དབང་གིས་དང་སྒྱིད་ལུག  རྣམ་གཡེང༌། བག་མེད་སོགས་ཀྱི་འདུ་ཤེས་བསྐྱེད་ཅིང༌། འདུ་ཤེས་དེ་སོགས་ཀྱི་དབང་གིས་མི་རྣམས་ལ་རང་བཀུར་གྱི་བློ་དང༌། རང་གཅེས་ཀྱི་བློ། རང་རློམ་གྱི་བློ། རང་རྩིས་ཀྱི་བློ  ངའོ་སྙམ་པའི་བློ་སོགས་སྐྱེ་ཐབས་མེད་པར་བཟོས་པའི་དུས་མཚུངས་སུ་ཁོག་དཔུང་དང་ལ་རྒྱའི་འདུ་ཤེས་ཀྱང་མེད་པ་བཟོས་སོང་བ་རེད། དེ་བས། གོང་གི་རྐུན་མའི་གྲས་རྣམས་རྐུན་འཇབ་ཀྱིས་འཚོ་བ་ནི་བློ་དང་འདུ་ཤེས་དེ་སོགས་མེད་པ་ལས་བྱུང་བའི་སྣང་ཚུལ་དུ་ངོས་འཛིན་རྒྱུ་ཡིན།
  འོ་ན། རང་རྩིས་རང་རློམ་གྱི་བློ་དེ་སོགས་ནི་ཅི་ཡིས་བསྐྱེད་ཅེ་ན། དེ་ནི་སྲིད་འབྱོར་རིག་གསུམ་གྱི་སྟོབས་ལ་བལྟོས་དགོས་པ་བདེན་ཡང་གནས་བབ་ཀྱི་དབང་དུ་བཏང་ཙ་ན་བཙན་པོའི་ལོ་རྒྱུས་ཀྱི་བདེན་པ་མཐོང་བས་ཀྱང་སྐྱེ་སྲིད་པ་ཞིག་རེད། ཡབ་མེས་བཙན་པོའི་ལོ་རྒྱུས་ཀྱི་བདེན་པས་མི་རྣམས་ལ་རང་རློམ་དང་རང་རྩིས། ངའོ་སྙམ་པའི་བློ་སོགས་དང་ཁོག་དཔུང་དང་ལ་རྒྱའི་འདུ་ཤེས་བསྐྱེད་པར་བྱེད་པ་དེ་བཞིན་དུ་མི་རིགས་ཀྱི་རང་རློམ་དང་རང་རྩིས་ཀྱི་བློ་སོགས་དང་མི་རིགས་ཀྱི་ཁོག་དཔུང་ལ་རྒྱའང་སློང་བར་བྱེད།
  འོན་ཀྱང༌། ཡ་མཚན་པ་ཞིག་ནི། བོད་མི་རྣམས་ཀྱིས་རང་གི་ཡབ་མེས་བཙན་པོའི་ལོ་རྒྱུས་ཐམས་ཅད་རྩ་བརླག་བཏང་ཞིང་ཡོད་ཚད་ཤུལ་མེད་དུ་བཟོས་པའི་རྣམ་པ་དེ་རེད།  བོད་མིས་ཆོས་མ་གཏོགས་ཅི་ཡང་མི་སྒྲུབ། བོད་མིར་ཆོས་མ་གཏོགས་ཅི་ཡང་མི་དགོས། སྟོང་པ་དང་བདག་མེད་སོགས་བསླབས་བསླབས་མཐར་ཚང་རྒྱ་བར་འདོད། འཚང་རྒྱ་བའི་མི་རིགས་ཟེར་ཡང་ཆོག  འཇིག་རྟེན༌སྟོང་པ་དང་འཁོར་བར་སྙིང་པོ་མེད་ན་ཡབ་མེས་ཀྱི་བྱུང་བ་ལོ་རྒྱུས་ཀྱིས་ཅི་བྱེད༌བསམས་པ་ཡིན་ནམ། ཡང་ན་ཟོག་དང་འགྲོགས་ཡུན་རིང་བས་ཟོག་གི་འཚོ་སྟངས་གོམས་ཏེ་ལོ་རྒྱུས་ཟེར་བ་ཡོད་མེད་གང་ལྟར་ཀྱང་ཁ་ཡ་མི་བྱེད་སྙམ་པ་ཡིན་ནམ།
   གང་ལྟར་ལོ་རྒྱུས་རང་ཞིག་ཏུ་འགྲོ་བར་བདག་པོ་མ་བརྒྱབ་པར་མ་ཟད་ལོ་རྒྱུས༌བསམ་བཞིན་གཏོར་བཤིག་བཏང་བའང་གང་མང་མང་འདུག  སྔོན་མིའི་ལོ་རྒྱུས་དངོས་ཀྱི་ཤུལ་རྗེས་ཡོངས་སུ་བསུབས་པ་ན་ཆོས་ལུགས་པ་རྣམས་ཀྱིས་ལོ་རྒྱུས་རྫུན༌མའི་ཡི་གེ་བརྩམས་ཏེ་ཐམས་ཅད་རྨི་ལམ་གྱི་ཞིང་དུ་སྦྲིད་པ་ལྟར་བྱེད། ཡབ་མེས་ཀྱི་ལོ་རྒྱུས་མཚོན་བྱེད་གནའ་རྫས་རིག་དངོས་ཀུན་ལ་སྔོན་ཆད་རྐུན་ཇག་གི་འདྲེ་ལག༌བསྲིངས་མྱོང་བ་དེ་བཞིན་ད་ལྟའང་རིག་དངོས་རྩ་ཆེན་གང་ཡང་སྐབས་འཚོལ་ལྐོག་ཚོང་བྱེད་པ་རྒྱུན་ཆད་མེད་རབས། ད་ལྟ་ཕལ་པའི་མིག་ལ་སྣང་ངོ་ཅོག་ནི་ཁ་ཤོ་སྣ༌རལ་དུ་གྱུར་པའི་ཤུལ་བཞག་རིག་དངོས་དག་དང་ལོ་རྒྱུས་མཚོན་བྱེད་ཁག་ཅིག་ཡིན་པ་སྨོས་མེད་རེད།
  བཙན་པོའི་རྒྱལ་རབས་མཇུག་རྫོགས་ནས་ཅང་མ་འགོར་བར་ཤུད་པུ་སྟག་རྩེ༌སོགས་མི་བཞིས་གྲོས་བྱས་ནས་བོད་རྒྱལ་བང་སོ་རྣམས་བགོས་ནས་ཕལ་ཆེར་བྲུས་ཞེས་པའི་ལོ་རྒྱུས་དེ་བོད་མིའི་བཤད་སྟངས་ལྟར་བཤད་ན། དུས་དེ་ནས་བཟུང་འུ་ཚོའི་ལོ་རྒྱུས་ཀྱི་རྟེན་འབྲེལ་ལོག་སོང་བ་དང༌། དུས་དེ་ནས་བཟུང་ལོ་རྒྱུས་ཐམས་ཅད་བརླག་གཏོང་བའི་འགོ་བརྩམས་སོང་བ་རེད།  ཁོ་བོ་ཁྲང་ཆིང་མཐུན་འབྲེལ་རྡོ་རིང་ངམ་ལྷ་ལྡན་གཙུག་ལག་ཁང་གི་མདུན་གྱི་རྡོ་རིང་གི་ལྕགས་རིའི་ཕྱི་རུ་ཡུན་འགྲེང་སྟེ། ཇོ་ཁང་ལ་ཅེར་ཏེ། ཕྱག་འཚལ་མཁན་གྱི་མི་ཚོགས་ལ་བལྟས་ནས་བསམ་གཞིག་སྣ་ཚོགས་འཁོར་མོད་མཇུག་མཐའི་འབྲས་བུ་ལ་མིག་ཀོང་གི་མཆིལ་མ་རྡོག་པོ་གཉིསལས་ཅི་ཡང་མ་ལོན། མི་རིགས་འདིས་རང་གི་ལོ་རྒྱུས་གང་ཡང་རྩ་བརླག་ཏུ་བཟོ་ཤེས་པ་དེ་ཡང་ཡ་མཚན་མིན་ན་ཅི་ཡིན། ཐམས་ཅད་བསམ་བཞིན་མེད་པ་བཟོས་རྗེས་ཁོ་ཚོས་འདུས་བྱས་ཐམས་ཅད་མི་རྟག་པའི་མཚན་ཉིད་ཀྱིས་འགྲེལ་རྒྱག་ཅིང་ཡོད་ཚད་སྟོང་པ་རྟོགས་པའི་སྒམ་སྒམ་གྱིས་མངོན། ལོ་རྒྱུས་ཀྱི་བདེན་པ་བཅོམ་བརླག་བཟོས་པ་ནི་ཚེ་འདས་ཀྱི་མི་རོ་དུམ་བུ་དུམ་བུར་བཤའ་བའི་བྱ་གཏོར་རམ་དུར་ལས་དང་མཚུངས་ཏེ། དེར་ལྷ་ཆོས་ཀྱི་གཞུང་ལུགས་ཟབ་མོས་ཅི་ལྟར་འགྲེལ་བརྒྱབ་ཀྱང་མི་ཆོས་ཀྱི་ལུགས་དང་འགལ་བས་གདུག་རྩུབ་ཆེ་ལ་ཡ་ང་བ།  ལྟ་བས་མི་བཟོད་པ། སྐྱུག་བྲོ་བ་ཤ་སྟག་རེད།  གདུག་རྩུབ་ཀྱིས་མི་རོ་བཤའ་བ་དང་གདུག་རྩུབ་ཀྱིས་ལོ་རྒྱུས་བསུབ་པ་གཉིས་གདོད་མའི་ཆོས་སུ་སོང་བ་འདྲ་མཉམ་དང༌། སྐྱུག་བྲོ་བའི་ལས་རྣམས་མཐོ་སྒང་འདིར་ད་དུང་ཡང་མཐའ་ཅན་དུ་མ་སོང་བ་ནི་ཡ་མཚན་ཀུན་ལས་ཀྱང་ཡ་མཚན་ཏེ། རྗེན་པར་བཤད་ན་ད་དུང་མི་བུ་མཚན་ཉིད་པ་རུ་འགྱུར་བ་བྱུང་མེད་པའི་གླེན་རྟགས་བསྟན་པ་ཤ་སྟག་རེད།
  ཇོ་བོའི་དབུ་སྐྲ་ཡིན་ཟེར་བའི་ཤིང་སྡོང་རྒྱ་ལྕང་གི་འཁྲིས་སུ་བསླངས་པའི་རྡོ་རིང་དེ་གྱོ་མོག་གི་ལྕགས་རིས་བསྐོར་ཏེ་མི་ཕལ་པས་ལྟ་མི་ནུས་པ་བཟོས་འདུག  གྱོ་མོག་གི་སྲུབས་ཀ་ལས་ཡང་ཡང་བལྟས་པ་ན་ཡི་གེའི་རྗེས་རིས་མག་མོག་ཅིག་དང་རྡོ་ལ་རྡོ་ཡི་རྨ་ཁ་ག་སར་བཏབ་པའི་རྡོ་ལེབ་འགྲེང་གཟུགས་ཤིག་ལས་མ་མཐོང་།
   གང་ཡང་ཐམས་ཅད་མེད་བརླག་བཟོས་ཚར་བ་ན་ལོ་རྒྱུས་ཀྱི་གདེང་མ་རྙེད་པ་དང་རང་རྩིས་རང་རློམ་གྱི་བློ་མེད་པའི་མི་རྣམས་ནི་ཟོག་དང༌། དུད་འགྲོ་དང། འབུ་སྲིན་བཞིན་འཚོ། དེ་ལྟར་འཚོ་བའང་རྐུན་མ་དང༌། ཇག་པ། ཁྲམ་པ། གཡོ་སྒྱུ་བ། མགོ་སྐོར་པའི་ཚུལ་གྱིས་མངོན་ཏེ། ཏག་ཏག་གོང་གི་རྐུན་མདེ་སོགས་ནི་ཡབ་མེས་བཙན་པོའི་ལོ་རྒྱུས་བསུབས་པའི་ནག་ཉེས་ཀྱི་ཐོན་འབྲས་དངོས་ཡིན་ཞིང༌། ཕལ་ཆེར་ཟོག་དང་འབུ་སྲིན་བཞིན་འཚོ་བ་ཙམ་རེད།
   ལོ་རྒྱུས་བསུབས་པས་རིག་གནས་བསུབས། རིག་གནས་བསུབས་པས་བསམ་གཞིག་བསུབས། བསམ་གཞིག་བསུབས་པས་རང་རྩིས་དང་རང་རློམ་གྱི་བློ་བསུབས། རང་རྩིས་དང་རང་རློམ་གྱི་བློ་བསུབས་པའི་མཇུག་འབྲས་ནི་མི་བུ་རང་བསུབས་པ་སྟེ།  ཡ་ང་བའི་རྟེན་འབྲེལ་ལུགས་འབྱུང་འདིས་ཀྱང་ཡོད་ཚད་ཡ་ང་བར་བཟོས་པ་ལོས་ཡིན།  འོན་ཀྱང༌། ཡིད་གཏིང་ནས་ཆད་དགོས་དོན་ཡང་མེད་དེ། ཀློག་པོ་ཁྱེད་དད་པ་དང་བྲན་འབངས་ཀྱི་འདུ་ཤེས་ལས་མེད་པ་ཞིག་མ་ཡིན་པར་དཔྱོད་ཤེས་དང་མི་བུའི་འདུ་ཤེས་ཆེ་བའི་རིག་གནས་པ་ཞིག་ཡིན་ན། མི་ལོ་སྟོང་གི་ཡར་སྔོན་ཏེ་མི་དྲི་བྲོ་ཞིང་མི་བུའི་དགའ་སྐྱོ་ཆགས་སྡང་མཐོང་དུ་ཡོད་པའི་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་ཁ་ཐོར་རྣམས་ལ་ལྟ་བ་གཞིར་བཞག་སྟེང། ལྷ་སར་ཕྱིན་པའི་དུས་ཚོད་ཁོ་བོ་ལྟར་ཉིན་བཅུ་ཁ་ལས་མེད་ཀྱང༌། མཇལ(ལྟ)རིན་ཡོད་པའི་ནོར་བུ་གླིང་ག་དང་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དག་ལ་གཟིགས་མོར་འགྲོ་བའི་རེ་བ་ཞུ།  དགོས་པ་འདི་ལྟར་ཡོད་དེ། ནོར་བུ་གླིང་ག་རུ་དེ་སྔའི་ས་ཆུའི་ཚོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་ཞིག་གི་འཕྲིན་ལས་རྣམ་བཞིའི་རྒྱ་ཁྱོན་དང་རྟགས་མཚན་མཐོང་ཐུབ་པ་དང༌། ལྕགས་རི་ར་བ་ནས་ཤིང་སྡོང་སྐྱེ་དངོས་བར་དང། མཚེའུ་ལྡིང་ཁང་ནས་ཉེར་སྤྱད་ཅ་ལག་བར་སོགས་ཕྱི་ནང་གི་བཀོད་པ་གང་ལ་བལྟས་ཀྱང་སྐབས་དེའི་བྱ་རྒོད་པོ་ཞིག་ལ་ཅི་ཚང་བྱིའུ་ཞར་མ་ཞིག་ལའང་ཚང་བའི་ལོ་རྒྱུས་མཐོང་དུ་ཡོད། གལ་སྲིད་པོ་ཏ་ལ་ནི་བོད་རྣམས་ནམ་མཁའ་དང་ལྷ་ལ་དགའ་བས་ཡར་ཡར་འཛེགས་པའི་ཆོས་ཀྱི་བསམ་བློ་མཚོན་པའི་དབང་དུ་བཏང་ན། ནོར་བུ་གླིང་ག་ནི་བོད་རྣམས་མི་དང་འཁོར་བ་ལ་དགའ་བས་མར་མར་འབབ་པའི་འཇིག་རྟེན་གྱི་བསམ་བློ་མཚོན་པའི་བརྡ་རུ་ཤར་འོང༌།
  འཇིག་རྟེན་གྱིབསམ་བློ་མཚོན་པའི་གནས་དེར་སླེབས་ཚེ། བརྗོད་དུ་མེད་པའི་ཚོར་བ་དང་བརྗོད་དུ་ཡོད་པའི་དྲན་པ་གང་ཡང་སེམས་ཁོང་དུ་སྤྲིན་བཞིན་འཁྲིགས་ཏེ་འོང་ཕྱིར་མཇལ(ལྟ)སྐོར་གྱི་གནས་ཁྱད་པར་བ་ཞིག་ཏུ་བསམས་ནས་ཁྱོད་ལ་ཆེད་དུ་མཚམས་སྦྱོར་བྱས་པ་ཡིན།
   རྟེན་རྫས་བཤམས་མཛོད་ཁང་དེ་ནི་ལོ་མང་མ་ལོན་པའི་བཤམས་མཛོད་ཁང་གསར་པ་ཞིག་ཡིན་ཀྱང༌། དེར་བོད་མིའི་ཆབ་སྲིད་ནས་དམག་དོན་བར་དང༌། ཆོས་ལུགས་ནས་རིག་གནས་བར།  ཐོན་སྐྱེད་རྒྱུ་ཆས་ནས་རི་སྐྱེས་སྲོག་ཆགས་བར་སོགས་ཀྱི་རྟེན་རྫས་རྩ་ཆེན་གང་མང་བསྟར་ལ་བསྒྲིགས་ཤིང་ཐོ་ལ་བཀོད་དེ་རྡོ་ཆས་གསར་རྙིང་གི་དུས་རབས་ནས་ད་ལྟ་ལ་ཐུག་གི་བར་གྱི་ལོ་རྒྱུས་ལྟད་མོ་དངོས་པོའི་གཟུགས་ཀྱིས་བསྟན་འདུག  ཐོས་པ་བརྒྱ་ལས་མཐོང་བ་གཅིག་ལྷག་པའི་རྟེན་རྫས་རྣམས་སྨྲ་བ་མེད་ཀྱང་སྨྲ་བ་ཅན་གྱི་མི་རྣམས་ལ་འུ་ཚོའི་ལོ་རྒྱུས་ཀྱི་འཕེལ་རིམ་སྒྲ་མེད་དུ་གསུང་གི་འདུག་ཕྱིར་མཇལ་རིན་དང་ལྟ་རིན་འདུག་ཅིང་ཞིབ་འཇུག་བྱ་རིན་དེ་བས་ཆེ་བར་སེམས། གལ་སྲིད་བླུན་རྟུལ་གླེན་གསུམ་གང་རུང་ཞིག་མིན་ན་ངོ་མཚར་མཐོང་དུ་ཡོད་པའི་གནས་དེ་དག་ཏུ་ཕྱིན་ཚེ་རིག་གནས་དང་ལོ་རྒྱུས་ཀྱིས་ཕྱུག་པའི་མི་རིགས་གཞན་དག་ལ་ངོ་གནོང་མི་དགོས་པའི་རང་རྩིས་དང་རང་རློམ་གྱི་བློ་ཞིག་ངང་ཤུགས་ཀྱིས་སྐྱེ་འོང༌། བོད་མི་ཞིག་ལ་མཚོན་ན། རང་རྩིས་ཀྱི་བློ་དང༌། རང་རློམ་གྱི་བློ།  རང་གཅེས་ཀྱི་བློ། རང་བཀུར་གྱི་བློཞ། རང་མགོ་ཡར་ཐོན་གྱི་བློ། ངའོ་སྙམ་པའི་བློ་སོགས་དང༌། གཞན་ཡང་ཁོག་དཔུང་དང༌། ལ་རྒྱ།  དབའ་སྤོབས་འདུ་ཤེས་སོགས་མདོར་ན་མི་བུའི་སྙིང་སྟོབས་ཆེན་པོ་ཞིག་ཡོད་པ་གལ་ཆེ་བ་ནང་བཞིན།  མི་རིགས་ཤིག་ལ་མཚོན་ནའང་བློ་དང་འདུ་ཤེས་དེ་སོགས་ལྡན་པ་ཤིན་ཏུ་འགངས་ཆེན་པོ་རེད། གོང་གི་གནས་དེ་དག་ཀྱང་པོ་ཏ་ལ་ཇི་བཞིན་མི་རིགས་རང་རྩིས་ཀྱི་བློ་དང༌། མི་རིགས་རང་རློམ་གྱི་བློ། མི་རིགས་རང་གཅེས་ཀྱི་བློ། མི་རིགས་རང་བཀུར་གྱི་བློ། མི་རིགས་རང་མགོ་ཡར་ཐོན་གྱི་བློ། མི་རིགས་ངའོ་སྙམ་པའི་བློ་སོགས་དང༌། མི་རིགས་ཀྱི་ཁོག་དཔུང་དང༌། མི་རིགས་ཀྱི་ལ་རྒྱ། མི་རིགས་ཀྱི་དཔའ་སྤོབས་འདུ་ཤེས་སོགས་མི་རིགས་ཀྱི་སྙིང་སྟོབས་བསྐྱེད་པའི་གནས་མཚར་ཅན་དུ་སོང་གཤིས། ཁོ་བོས་དྲང་ཕྱོགས་ཀྱི་ཨམཚར་གཅིག་ཏུ་བརྩིས་ནས་ཨ་མཚར་མཚར་དགུའི་མཇུག་ཏུ་བཀོད་པ་ཡིན།
མཇུག་བསྡུ་བ།
 
   ལྷ་ས་ལ་མཇལ་སྐོར་དུ་འགྲོ་མཁན་ཞིག་ཡིན་ན་ལྷ་ལྡན་གཙུག་ལག་ཁང་དང་པོ་ཏ་ལ། སེ་འབྲས་དགའ་གསུམ་སོགས་གཙུག་ལག་ཁང་དང་ལྷ་ཁང༌། དགོན་པ་སོགགས་ལ་མཇལ་ཕྱག་མཆོད་པ་ཡིད་ཚིམ་པ་ཞིག་བྱས་རྗེས་བླུན་པོའི་སྨོན་ལམ་ཙམ་གྱིས་བྱིན་རླབས་ལོན་པ་ཤར་ཞིང་བསམ་གཞིག་གང་ཡང་མེད་པའི་ངང་ལ་ཕྱིར་ལོག་འོང། ལྷ་ས་ལ་ལྟ་སྐོར་དུ་དུ་འགྲོ་མཁན་ཞིག་ཡིན་ན་པོ་ཏ་ལ་སོགས་མིས་བཟོས་ཤུལ་བཞག་རིག་གནས་ཀྱི་བྲང་ས་དང་རི་ཆུ་མཚོ་གསུམ་སོགས་རང་བྱུང་ཡུལ་ལྗོངས་ཀྱི་བཀོད་པ་དག་ལ་ལྟད་མོར་ལྟ་ཞིང་མ་མཐོང་རྒྱང་གྲགས་ཀྱི་ངོ་མཚར་མཐོང་བས་དགའ་སྟེ་བསམ་གཞིག་གང་ཡང་མེད་པའི་ངང་ལ་ཕྱིར་ལོག་འགྲོ། ཁ་ཆེན་དབང་ཆེན་ཞིག་སླེབས་ཚེ་མ་གཞི་ནས་གཡུང་བའི་སྣོད་བཅུད་དེ་ཅི་ལྟར་མུ་མཐུད་དུ་དབང་སྒྱུར་བའི་གདམས་ངག་བསྟན་ཏེ་ཕྱིར་ལོག་འགྲོ་བ་དང༌།  རྒྱུ་ཅན་ཁེ་ཕན་བསམ་པའི་་ཚོང་པ་ཞིག་འབྱོར་ཚེ་ས་སྟེང་ཚོང་ར་དང་ས་འོག་གཏེར་ཁ་འཚོལ་ཞིང་ཞོར་ལ་གནའ་རྫས་དཀོན་པོ་གང་རུང་རེ་ཨེ་ལོན་བལྟས་ཏེ་ལོག་འགྲོ།  ཁོ་བོ་ཉམ་ཆུང་གི་རིག་གནས་པ་ཞིག་ཡིན་ཕྱིར། ལྷ་སའི(བོད་ཀྱི)སྲིད་འབྱོར་རིག་གསུམ་དང༌། ཆོས་ལུགས་དམངས་སྲོལ། ས་རྒྱུས་ལོ་རྒྱུས་སོགས་ལ་རིག་གནས་ཀྱི་སྤྱན་མིག་ཁྱེར་ཏེ་ཅི་ཡང་བཙལ་མོད་ཅི་ཡང་མ་རྙེད”①པས་བསམ་གཞིག་སྣ་ཚོགས་ཁུར་བོར་ཁུར་ཏེ་ལོག་ཅིང༌། མཇུག་མཐར་ཨ་མཚར་མཚར་དགུར་བཏགས་ཀྱང་ཕལ་ཆེར་ལྡོག་ཕྱོགས་ཀྱི་མཚར་པོར་སོང་བའི་ཡི་གེ་འདི་ཙམ་ལས་འབྲི་ཐུབ་ས་མ་སོང༌། 
སྨན་བླ་སྐྱབས་ཀྱི་ཚིག
   ཆོས་མ་གཏོགས་མི་དགོས་པའི་བོད་མི་རྣམས་ལ་ཁོ་བོའི་རྩོམ་གྱིས་རྩོམ་གོ་མི་ཆོད་པ་ཤེས་ནའང༌། ནམ་ཞིག་ལྷ་རྣམས་ལ་ལྷག་པ་ནི་སྒྱིད་ལུག་རྙིང་ཞེན་གྱི་བསམ་བློ་ཆེ་ཞིང་རང་བརྩིས་ཧུར་བརྩོན་གྱི་སེམས་ཤུགས་ཉམས་ལ་འཇིགས་རུང་དངངས་སྐྲག་གིས་འཚོ་བའི་མི་རྣམས་དང༌། མི་རྣམས་ལ་ལྷག་པ་ནི་གསེར་དངུལ་ཟངས་ལྕགས་ཀྱིས་སྦྱངས་རྡུང་བྱས་ཤིང་མར་མེ་བདུག་སྤོས་ཀྱིས་གསོལ་མཆོད་བཤམས་ལ་རང་དབང་རང་གིས་ཁ་ལོ་བསྒྱུར་མི་ནུས་པའི་ལྷ་ཚོགས་ཀྱི་འཇིག་རྟེན་ལས་མཐོང་དུ་མེད་པའི་བསྐལ་པ་ཤར་ལོས་འོང་སྙམ་པ་མ་བཟོད་པས། ལེགས་བཅོས་ཨེ་འབྱོན་གྱི་ཀུན་སློང་གིས་གནས་ཚུལ་གསོང་བོར་བརྗོད་ཁུལ་བྱས་པ་ཡིན་མོད། གཞན་གྱིས་ང་ལཁྱོད་ཀྱིས་ངན་པ་རྐྱང་རྐྱང་མ་གཏོགས་བཟང་པོ་མི་མཐོང་བ་ཅི་ཡིནཞེས་སྨོད་པ་བཞིན་བྲིས་ཚད་ངན་ཕྱོགས་ཡིན་པའི་བདེན་ཁ་ཡང་སྟེར་དགོས་ཕྱིར།  ངན་ཕྱོགས་མཐོང་བས་སེམས་པ་མི་བཟོད་ན་ཁོ་བོའི་མཐོང་སྣང་ཡོད་ཚད་འཁྲུལ་སྣང་དུ་སྒོམས་ལ་ལྷོད་ལྷོད་བཞུགས་གདན་འཇགས་རོགས་སྙིང་ནས་ཞུ།  དེ་ལ་གནས་ལུགས་ཇི་ལྟར་ཤུགས་ཆེ་ན།། དུངས་ཞེན་ལ་ནི་དེ་ལྟར་གནོད།།ཅེས་ཁོ་བོས་སྔར་ནས་བྲིས་ཡོད་པ་སྟེ་དེ་ལས་གཞན་བཤད་རྒྱུ་མེད།
   ཆ་གཅིག་ནས་བལྟས་ན། རང་ལྷ་སར་ཕྱིན་པ་དོན་སྙིང་ཡོད་པ་ཞིག་བྱ་འདོད་པའི་རང་སེམས་རང་གསོའི་བྲིས་རྩོམ་དུ་སོང་བ་འདི། རྒན་པོ་ཀླུ་རྒྱལ་འབུམ་ལ་དོན་ཆུང་དང༌།། བྱི་ལི་བསོད་ནམས་ཐར་ལ་དོན་ཆེན་ཡིན།།ཞེས་པ་ལྟར་སྙིང་མེད་རྒན་པོ་རྣམས་ཀྱིས་བལྟས་ན་སྔར་ལས་བློ་ཕམ་ཡི་ཆད་ཀྱིས་དཔའ་ཞུམ་དཔུང་སྡུམ་དོན་ཆུང་དུ་འགྱུར་ལོས་འགྲོ་སྙམ་པ་དང༌། སྙིང་ཅན་གཞོན་སྐྱེས་
དགེ་ཆོས་ཀྱི《འདོད་པའི་བསྟན་བཅོས》ལས་དྲངས།
རྣམས་ཀྱིས་བལྟས་ན་སྔར་ལས་ཁོག་དཔུང་ལ་རྒྱའི་སྤོབས་པ་སྐྱེས་ཏེ་སྙིང་སྟོབས་དང་དཔའ་གདེང་རྒྱས་པའི་དོན་ཆེན་དུ་འགྱུར་ལོས་འོང་སྙམ་པ་འདུག་སྟེ། ཁོ་བོས་འདོད་པ་ནི་ཕྱི་མ་ཡིན་པ་བཤད་མ་དགོས། གང་ཡང་མི་རྣམས་རང་ཉིད་ཀྱི་ཡུན་རིང་གི་བདེ་སྡུག་ལ་ཆེས་མ་མཐའི་བསམ་གཞིག་འཁོར་ཏེ། ནམ་ཞིག་འུ་ཚོར་དོན་དམ་གྱི་ཨ་མཚར་མཚར་དགུའི་ལྟད་མོ་མངོན་སུམ་མཐོང་བའི་རྐྱེན་དུ་འགྱུར་ན་ནི་ཁོ་བོའི་འདོད་དོན་ཡོངས་རྫོགས་དེར་གྲུབ་པ་ཡིན་ལ་ཁོ་བོའི་དམིགས་ཡུལ་ཐམས་ཅད་ཀྱང་དེར་རྫོགས་པ་ཡིན།
   འདི་ལྟར་ལྷ་ས་ལ་ཕྱིན་པའི་མཐོང་ཐོས་མྱོང་གསུམ་རྣམས་ཨ་མཚར་སྣ་དགུར་བསྡུས་ཤིང༌། སྲིད་འབྱོར་རིག་གསུམ་དང༌། ཆོས་ལུགས། ལོ་རྒྱུས། མི་གཤིས་སོགས་ལ་བསམ་གཞིག་ཅུང་ཟད་བྱས་ཤིང་ལྟ་ཚུལ་རོབ་ཙམ་བཏོན་པ་རྣམས་ཕྱི་ནང་དྲང་ལྡོག་ཉ་ཉུང་མཉམ་བསྲེས་ཀྱིས་ཀུན་ལ་གཟིགས་མོར་ཕུལ་པ་འདིར་སྒྲོ་བཏགས་ཀྱི་ཆ་དང༌། བསྡུས་བརྗོད་ཀྱི་ཆ། འཁྱོག་བརྗོད་ཀྱི་ཆ། དངོས་མིན་གྱི་ཆ། ཡང་མ་དག་པའི་ཆ་སོགས་ཡོད་ལས་ཆེ་མོད། བྲིས་ཚད་མི་རྣམས་རང་དབང་ཐོབ་ཐང་གིས་འཚོ་བའི་ས་བོན་དུ་འགྱུར་བའི་སྲིད་པ་ཡོད་པ་དང༌། བྲིས་ཚད་མི་རྣམས་ཁེ་ཕན་འདྲ་མཉམ་གྱིས་འཚོ་བའི་ས་བོན་དུ་འགྱུར་བའི་སྲིད་པ་ཡོད་པ། བྲིས་ཚད་མི་རྣམས་རང་རྩིས་རང་རྟོན་རང་གཅེས་ཀྱིས་འཚོ་བའི་ས་བོན་དུ་འགྱུར་བའི་སྲིད་པ་ཡོད་པ།  བྲིས་ཚདའཛམ་བུ་གླིང་གི་མི་རྣམས་ཚེ་ལོ་བརྒྱ་ཕྲག་དུ་མ་ཐུབ་པ་དང༌། ལོངས་སྤྱོད་ཕྱུག་པོ་འདྲ་མཉམ་ཡིན་པ། དབུལ་པོ་གཅིག་ཀྱང་མེད་པ་ཞིག་འོངསཔའི་སྨོན་ལམ་གྱི་ས་བོན་དུ་འགྱུར་བའི་སྲིད་པ་ཡོད་ན། ཁོ་བོར་འབྲས་བུ་རིན་པོ་ཆེ གསེར་དངུལ་དུ་འགྱུར་བའི་རོ་དངོས་གྲུབ་ཅན་གྱི་སྐྲ་ཉག་མ་འགའ”①ལས་མ་ལོན་ཀྱང༌། ནམ་དུ་ཡང་བདེ་སྤྱོད་བཟང་པོའི་དཀའ་སྤྱོད་ཀྱི་སྐྱེ་བ་ལེན་པའི་དམ་བཅའ་བར་འདོད་པ་ཡིན།
གོང་གི་ཚིག་དེ་མི་རོ་རྩེ་སྒྲུང་ལས་དྲངས།
                                                                               2006 12 28-2007 2 7
 
·རྩོམ་ཡིག་གོང་མ:བན་བོན་གྱི་བླ་མ་རོང་ལེའི་ཞབས་བརྟན་བདུད་རྩིའི་བུམ་བཟང་།
·རྩོམ་ཡིག་འོག་མ:ཁམས་ཕྱོགས་ཀྱི་གླུ་ཡི་ཁྱད་ཆོས་སྐོར་གླེང་བ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ཨ་མཚར་མཚར་དགུའི་བརྒྱད་པ། 2011/6/3 17:05:54
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 14:49:51 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:01:44 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:46:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS