ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

ཚུལ་ཁྲིམས་བློ་གྲོས་ཀྱི་གདོང་གྲོགས།

  རྩོམ་པ་པོ:ཐང་དགོན་མཁས་མཆོག་ཡོང་ཁུངས:ངེད་གཟིགས་གྲངས:3041ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/5/27 23:36:57ཚོགས་ཡར་སྤྲོད:admin
ཚུལ་ཁྲིམས་བློ་གྲོས་ཀྱི་གདོང་གྲོགས།
 
ཐང་དགོན་མཁས་མཆོག་གིས་བརྩམས།
 
   དུས་རབ་ཉེར་གཅིག་པའི་ནང་དུ་སྐུ་འཚོ་ཞིང་ཞལ་བཞུགས་པའི་བོད་ཀྱི་བསམ་བློ་པ་སྙིང་སྟོབས་ཅན་ཞོགས་དུང་ལགས་ཀྱིས་བརྩམས་ཆོས་སྐད་གྲགས་ཅན་བག་ཆགས་དོང་སྤྲུག་ཟེར་བ་ཞིག་བྲིས་ཏེ། བོད་རིགས་གཞོན་སྐྱེས་མང་པོ་བསམ་བློ་གསར་པའི་ས་བོན་དང་། སྙིང་སྟོབས་གསར་པའི་ཆུ་འགོ   འཚོ་བ་གསར་བའི་ཁ་ཕྱོགས་སོགས་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་ངེས་ཅན་ཐེབས་ཤིང་། ཕན་གནོད་གང་ཡིན་ལ་མ་བལྟོས་པར་ནུས་པ་ངེས་ཅན་ཞིག་ཐོན་ཡོད་པ་ཡོངས་གྲགས་སུ་གྱུར། དེ་དང་དུས་མཉམ་དུ་དེང་གི་གངས་ཅན་མཁས་པ་ཡོངས་ཀྱི་གཙུག་དང་རྩེ་མོ་ཞེས་མཁས་བླུན་ཀུན་གྱིས་ཁ་ནས་མ་ཎི་ལྟར་བཟློ་ལ།  སེམས་ལ་བསམ་གཏན་ལྟར་སྒོམ་པའི་གསེར་ལྗོངས་བླ་མ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་བག་ཆགས་དོང་སྤྲུག་ལ་དགག་རྩོམ་ཉུང་བསྡུས་བོད་པ་ཚང་གི་བཤད་སྲོལ་བེད་བཅད་ན། དཀར་ཕྱོགས་ངོ་སོ་མཐོ་ཞིང་། ནག་ཕྱོགས་དཔའ་བཀོང་པར་བྱེད་པ་ཞིག་བྲིས་གནངས་ཏེ། སྐུ་ཞབས་ཞོགས་དུང་འཁོར་དང་བཅས་པས་ཐུགས་སེམས་བདེ་བའི་ལན་འདེབས་བྱེད་མ་ཐུབ་པར་ལུས་པ་ན། སྒང་དྲུག་ལྗོངས་ཀྱི་ཡ་གྱལ་ཚ་བ་སྒང་ན་ལྟེ་ཁྲག་ཐོར་ཅིང་། རྩོམ་རིག་སྙན་པའི་གྲགས་པ་གངས་ཅན་གཞིས་བྱེས་གཉིས་སུ་འབྲུག་ལྟར་ལྡིར་ལ། རྣོ་མྱུར་རིགས་པའི་གློག་ཞགས་ཀྱིས་གངས་དཀར་ར་བའི་མུ་ཁྱུད་བསྡམས་པར་གྲགས་པའི་ཚ་སྒང་བློ་གྲོས་དཔལ་ལྡན་ནམ། སྙུག་མིང་ལ་ཚ་བ་མདའ་སྨྱུག་ཅེས་པ་གང་དེས་བག་ཆགས་དོང་སྤྲུག་གི་དགག་ལན་ཞོགས་དུང་གི་གདོང་གྲོགས་ཞེས་པའི་རྩོམ་ཡིག་གྲགས་ཆེན་ཞིག་བྲིས་གནང་པ་དེ། ཁོ་བོས་གོ་ཐོས་བྱུང་པས་རང་ཉིད་རྩོམ་རིག་སྒྱུ་རྩལ་ལ་རིང་ནས་དུང་པའི་རྐྱེན་གྱིས་ཅོ་ཀས་གནམ་ཆུ་སྒུག་སྒུག་བྱས་མཐར། མི་འགྱང་པར་གྲོགས་པོ་ཞིག་གིས་ཐུགས་རྗེས་འོག་ནས་རྩོམ་ཡིག་དེ་ཉིད་ལག་སོན་བྱུང་ཚེ་ཤི་བོ་ཆོས་ཕྲད་པ་བཞིན་ཡང་ནས་ཡང་དུ་བཀླགས།
སྤྱིར་གངས་ཅན་ལྗོངས་སུ་འབྲུག་ལྟར་ལྡིར་ལ་སེང་ལྟར་འཕྱོ་བའི་མཁས་པ་དག་གིས་དགག་སྒྲུབ་ཀྱི་རྣམ་གཞག་ལ་ཨ་སྡུག་ང་འདྲས་དཔྱད་རྗོད་བྱེད་པ་ནི་རྒྱ་མཚོའི་གཏིང་མཐའ་སྦལ་བས་འཇལ་བ་དང་གཉིས་སུ་མ་མཆིས་ལ། སྔོན་གྱི་དཔེ་ལ་འབྲོང་བུ་རྭ་འཛིང་བྱེད་ས་ལ། གླང་རྒན་རྭ་གཡུག་བྱེད་པ་དེ། ར་ཅོ་འཐོར་བའི་སྔ་ལྟས་ཡིན་ཞེས་པའི་གཏམ་དཔེ་དེ་ཡང་ཁོ་བོས་ཐོས་མྱོང་མོད། གྲུབ་མཐའ་རབ་འབྱམས་ལ་མ་འདྲིས་པས་གཞུང་རྩོམ་པ་ཡང་འདབ་གཤོག་ཅུང་ཟད་སྐྱེས་པའི་བྱ་འཕུར་ལ་བརྩོན་པ་བཞིན་བསྟོད་པ་ཡིན་གྱི་སྨད་པ་ནི་མ་ཡིན་ནོ་ཞེས་མཁས་པའི་གསུང་དུ་གྲགས་ལ། མ་ཚད་སྐབས་བབས་དོགས་འདྲི་བྱ་ཡུལ་མདའ་སྨྱུག་མཆོག་ནི་གང་ཡང་ཡོད་ཆོག་ལ་ཅི་ཡང་མེད་རུང་པའི་གུ་ཡངས་ཅན་ཞིག་ཡིན་ཚོད་སྣང་པས་རྨོངས་པ་སེལ་བའི་བློ་བསྐྱེད་ཅིག་མ་གནང་རུང་། ཞེན་པ་ལོག་པའི་བཀའ་བཀྱོན་དེ་འདྲ་ཕོག་མི་ཡོང་སྙམ་སྟེ་ཞུ་བ་ལགས་ན་ཐུགས་སེམས་གཡེང་བ་མེད་པ་རྩེ་གཅིག་ཏུ་བཏད་དེ་གསན་པར་ཞུ།
དེ་ཡང་ས་ཆེན་འདི་ཡི་སྟེང་གི་མི་གྲངས་མང་ཤོས་ཡོད་པར་གྲགས་པའི་ལྷོ་ཨ་ཧྥེ་རི་ཁ་དང་། ཤར་ཨེ་ཤ་ཡའི་གླིང་གི་མི་རྣམས་ཀྱིས་མི་རིགས་ལ་ངོམ་དུ་ཡོད་པའི་ལེགས་སྐྱེས་སྣ་གཅིག་འབུལ་མ་ཐུབ་ཅེས་ཐུགས་ཐག་ཆོད་པོའི་སྒོ་ནས་གསུངས་འདུག་ལ། རྒྱུ་མཚན་ནི་ཆེ་བའི་འཕུར་གྲུ་ནས་ཆུང་བའི་ཚ་དེམ་བར་གྱི་ཉེར་སྤྱོད་དེ་དང་དེ་མ་བརྙེས་པ་བཀོད་འདུག   ལེགས་སྐྱེས་འབུལ་ན་དངོས་གཟུགས་རྡོག་རྡོག་ཅིག་གསར་རྙེད་གསར་བཟོ་བྱེད་དགོས་པས་ཁྱབ་ན་གནས་ལུགས་འདྲ་ཡོད་མེད་མི་ཤེས་མོད། སྤྱིར་མི་རིགས་ལ་ལེགས་སྐྱེས་ཟེར་བ་དེ། ཕྱི་དངོས་པོའི་དཔལ་ཡོན། ནང་བསམ་པའི་དཔལ་ཡོན། ལམ་དང་སྲོལ་བཟང་། འཚོ་ལུགས་ཀྱི་དཔལ་ཡོན་སོགས་སྣ་ཚོགས་ཤིག་མཆིས་ལ། བསྡུ་ན་བདེ་སྐྱིད་སྐྲུན་པ་ལ་གོ་དགོས་པས་ཕྱི་ཁྲ་ཁྲ་ཟིང་ཟིང་ཙམ་གྱིས་མི་རིགས་ལ་བདེ་སྐྱིད་སྐྲུན་མི་ཐུབ་པ་རྒྱུན་ལྡན་འཚོ་བའི་ནང་དུ་མྱོང་བས་གྲུབ་ལ། ཕ་མ་མ་གཏོགས་ངོ་མི་མཁྱེན་ཞིང་། སྒོ་ཐེམ་མ་གཏོགས་རྒལ་མ་མྱོང་བའི་བྱང་ཐང་གི་འབྲོག་པ་ཚོ་ཕྱི་པགས་རྩག་གིས་ལྷག་རླུང་ཐུབ་ཙམ་ལས་མེད་ཀྱང་། ནང་འཛུམ་དཀར་གྱི་དགོད་སྒྲ་ནམ་ཡང་གྲག་ལ། བརྩེ་དུང་གི་ཕྱི་ཐག་རྟག་ཏུ་ཆད་པ་མེད། གདོང་ཆུ་བཤལ་གཏོང་པ་ཙམ་ཞིག་ལ་ཨ་སྒོར་ཁྲི་ཕྲག་གི་འགྲོ་སོང་གཏོང་པར་གྲགས་པའི་ནུབ་བྱང་གི་འབྱོར་བདག་རྣམས་པ། འཛུམ་མོ་དཀར་སྟོན་ན་སྲོག་ཆད་དང་། གདོང་པགས་པ་གཉེར་ན་ནག་བཙོན་བྱེད་འགྲོ་བ་ལྟར།ལོ་འཁོར་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་ཅུ། ཕ་མ་ཤི་མ་མ་འདས་ཀྱང་། ངོ་སྡུག་མུན་པ་ཐིབ་ཐིབ། ཧུ་ཁྱུ་གཡག་རྒོད་ངར་ངར་བྱེད་སྡོད་པའི་རྒྱུ་མཚན་གང་དུ་ཐུག་སོང་། བོད་པས་མཚོན་པའི་ཤར་ཕྱོགས་པ་རྣམས་ཀྱི་ཕ་མ་དག་གིས་བུ་ཕྲུག་ཆུང་ནས་མིག་གིས་འཚོ་ཆེ་ནས་སེམས་ཀྱི་འཚོ། ཁྱིམ་སོ་ཟིན་ཚེ་འཁྲེང་བཞིན་སྐྱེལ་མ་བྱེད། ནོར་སྐལ་ཕངས་མེད་སྤྲོད།  ཉེ་ན་དགའ་དགའ་སྤྲོ་སྤྲོ། འགྱང་ན་སེམས་པ་དཀར་པོ་ནམ་ཡང་བརྩེ་པས་མི་དོར་ཞིང་།  བུ་ཕྲུག་རྣམས་ཀྱིས་ཀྱང་ཕ་མའི་བཀའ་བཞིན་སྒྲུབ། གྱེན་ལ་རྐང་རྟེན། ཐུར་ལ་ལག་རྟེན།  ཞིམ་པོའི་ཟས་ཀྱི་ཕུད་འབུལ།  དྲོ་བོའི་གོས་ཀྱི་རྩེ་གཡོགས་པ་སོགས་ཀྱི་ལུགས་སྲོལ་ཡོད་ལ། ནུབ་ཕྱོགས་པ་རྣམས་ཀྱིས་བུ་ཕྲུག་རང་ལོ་བཅོ་བརྒྱད་ཟིན་ཚར་ན་ཕ་མས་ཁང་གླ་ལེན་པ་དང་། ཕ་མ་ལོ་གྲངས་དྲུག་བཅུ་ལོན་པ་དང་བུ་ཕྲུག་གིས་སྒོ་འདོན་པ་སོགས་ཤར་ནུབ་ཀྱི་བྱ་སྤྱོད་ལ་རོ་རྒྱབ་འཁུར་གྱི་ཁྱད་པར་འཆོར་འགྲོ་བ་འདི། ཁྱོད་རང་གིས་བཤད་པ་ལྟར་ཉྭ་གདོང་རིང་ཐུང་དང་ཉྭ་སྤུ་སྲབ་མཐུག་ཁྱད་པར་གྱིས་མིན་ན། ལེགས་སྐྱེས་ཟེར་བ་དེ་མིག་གིས་བལྟ་རྒྱུ་དང་ལག་པས་བསྙབ་རྒྱུ་ཡོད་པ་ཙམ་གྱིས་མ་ཁྱབ་པ་གསལ་བཤད་བྱས་པ་མ་ཡིན་ནམ།
མང་གཙོ་ཀ་བ་གསུམ་ལྡན་ཟེར་བ་འདྲ་མཉམ་དང་རང་དབང་གི་ཁྲིམས་སྲོལ་དེ་ཐ་སྙད་ཙམ་ཞིག་ནུབ་ཕྱོགས་ནས་དབུ་བརྙེས་པ་བདེན་དུ་ཆུག་ཀྱང་། སྟོན་པ་བཀའ་དྲིན་ཅན་གྱིས་ལོ་༢༦༠༠གོང་ནས་ཚོགས་ཀྱི་གཙོ་བོ་ཞེས་པའི་ལམ་སྲོལ་འདིས་དོན་ལ་མང་གཙོ་གསར་གཏོད་གནངས་ཟིན་དེ་ཡིད་ལ་ཟུངས།  གཞན་ཡང་མང་གཙོའི་ཆེད་དུ་ཁྲག་དང་རྔུལ་ཆུའི་འགྲོ་སོང་བཏང་མ་བཏང་དེ་ནང་པའི་ཆོས་ཀྱི་བག་ཆགས་ལ་འབྲེལ་ཅི་ཡང་མེད་དེ། ཆོས་ལུགས་རང་གི་ངོ་བོ་བདག་གཞན་བརྗེ་བའི་བསླབ་བྱ་གནང་མཁན་ཞིག་ཡིན་པས། རང་དབང་དང་། འདྲ་མཉམ།  མང་གཙོ་ནི་ཤུགས་ཀྱིས་མ་ཡོང་ཡང་འགལ་རྐྱེན་ནི་ག་ལ་བྱེད། ཆོས་འབག་གྱོན་པའི་མི་རེ་ཟུང་གིས་བྱ་སྤྱོད་དེ་ཆོས་ལུགས་ཀྱི་དབུ་ལ་གཡོགས་ན་ནི། ཚ་བ་རོང་གི་མདའ་སྙུག་དེ་རྒྱལ་མོ་རོང་གི་རྒྱ་གཞུ་ལྟར་འཁྱོགས་སོང་བ་མ་ཡིན་ནམ།
ཉི་ཧོང་གི་མཁས་པས་བར་རྡུལ་གསར་བརྙེས་བྱུང་བ་དེ། མི་རིགས་ལ་ལེགས་སྐྱེས་ཕུལ་བ་མ་ཡིན་པ་ཐལ། ཤར་ཕྱོགས་པ་རྣམས་ཀྱིས་ལེགས་སྐྱེས་སྣ་གཅིག་འབུལ་མ་ཐུབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་འདི་སྐུ་ཉིད་ཀྱི་དབུ་ལ་བབས་འདུག་མོད། རིག་པའི་དཔའ་བོ་ཁྱེད་ཀྱིས་འགལ་སྤོང་བྱེད་མ་ཤེས་པ་རེད་ཟེར་ན་ཧམ་པ་ཅུང་ཆེ་འགྲོ་ཡང་། དོན་ཆེན་པོ་ལ་དགོངས་པ་གཏད་དྲགས་པས་དགེ་ལྡན་པའི་ཚིག་སྤུ་ཏོག་དང་། རིག་འཕྲུལ་ཞེས་པའི་གཡོ་རྒྱུ་དེ་སྦྱང་པ་ཅུང་ཆུང་སྐྱོན་འདུག་ཅེས་མ་ཞུས་ཐབས་མེད་ཆགས་སོང་། 
ཤར་ནུབ་མི་རིགས་དབར་ལ་མི་ཚེའི་ལྟ་ཚུལ་སོགས་ལྟ་ཚུལ་གཞིའི་ཁྱད་པར་ཡོད་པའི་རྒྱུ་མཚན་གྱིས་ཞོགས་དུང་གིས་བག་ཆགས་དུང་སྤྲུག་དེ་ནག་ཐིག་ཐོག་ཏུ་ཕོག་ཡོད་མེད་བཤད་ཅིང་འཆད་པར་འགྱུར་ལ།  ཞོགས་དུང་གི་རྒྱུད་ཀྱི་ལྷ་ཆོས་བག་ཆགས་སྤོང་དཀའ་བའི་དཔེར་ནང་ཆོས་ནས་བཤད་པའི་ཀུན་བཏགས་དང་ལྷན་སྐྱེས་ཀྱི་བག་ཆགས་བཀོད་པ་ནི། ཡུངས་འབྲུ་ཆེ་བའི་དཔེར་རི་རབ་བཞག་པ་དང་འདྲ་བས་སྙན་ངག་དཔེ་རྒྱན་འབྲི་བའི་སྐབས་ཡིན་ན་མི་མཚམས་པ་མེད་མོད། གནས་ལུགས་རྡར་ཤ་གཅོད་པའི་སྐབས་འདིར་གོ་ཆོད་པའི་ཚིག་ཅིག་མ་རེད། བག་ཆགས་ཟེར་བ་དེ་རང་དང་རྒྱུད་གཅིག་ཏུ་གྱུར་པའི་གང་ཟག་ཅིག་གི་རྒྱུད་ལས་བྱུང་དགོས་པ་མ་གཏོགས་ཕ་མའི་བག་ཆགས་བུ་ཕྲུག་ལ་འགོ་རྒྱུ་ཡོད་པ་ནང་པའི་ཆོས་གཞུང་གང་དུ་ཡང་མ་གསུངས་ལ། ནུབ་དར་ཚན་རིག་པའི་ལུགས་ཀྱི་བག་ཆགས་དཔེ་གསར་འདྲ་ཡོད་ན་ནི་ཀུན་བཏགས་དང་ལྷན་སྐྱེས་ལ་དཔེ་སྦྱར་བའི་དགོས་པ་ཆུང་། ནང་ཆོས་ཀྱི་དབང་ཆ་སྒེར་བཅོས་མ་བྱས་པ་ཁྱེད་རང་གིས་ཀྱང་ཞལ་གྱིས་བཞེས་འདུག་པས། འཕྲུལ་ཆ་བཟོ་རྒྱུ་དང་བཟོ་གྲྭ་འཛུགས་རྒྱུ་ནང་ཆོས་ཀྱིས་དངོས་ཤུགས་གང་ཡང་བར་ཆད་བྱས་མེད་པ་དེ་དོན་ལ་གནས་པ་ཡིན། ལག་ཤེས་བཟོ་ལས་ཀུན་དང་པོ་བཟོ་འདོད། བར་དུ་སྦྱང་པ། མཐའ་མ་ལག་བསྟར་བྱེད་དགོས་པས་ཞོགས་དུང་མི་ཚེ་ཐུང་ཐུང་ཞིག་ལ་ཡོད་ཚད་བྱ་མི་ཐུབ་པ་བདེན་ཡང་། ཆོས་ཀྱི་བག་ཆགས་དང་དཔལ་འབྱོར་ཡར་རྒྱས་གཏོང་འདོད་གཉིས་རྣམ་གཅད་ཡོངས་གཅོད་ནི་མ་ཡིན་པས། བསམ་བློ་སྒེར་གཅོད་ཀྱིས་ལྐོགས་གྱུར་དང་གསང་བའི་སྒོ་ནས་འཚོལ་སྙེག་དང་རྟོག་དཔྱོད་ཀྱི་སྲོག་ལ་བསྙབས་པ་ནི་གང་ཡང་མེད་དོ། །ཆོས་རྣལ་མ་བྱེད་མཁན་ཞིག་ལ་བསམ་ན་དཔལ་འབྱོར་ཡར་རྒྱས་ཕྱོགས་སུ་རིག་པ་སྒྲིམ་མི་ཐུབ་པ་དངོས་གནས་ཡིན་ཡང་། བོད་མི་ས་ཡ་དྲུག་ཡོད་ཚད་ཆོས་པ་རྣལ་མ་གྱུར་སོང་བ་མ་ཡིན་པས་ངེད་ཚང་དཔལ་འབྱོར་རྗེས་སུ་ལུས་པའི་ངན་ཁག་ནང་བསྟན་གྱི་དབུ་ལ་གཡོགས་པ་འདི་དྲང་ཚུགས་མ་ཟིན་པའི་གཏམ་མ་རེདམ།  གལ་ཏེ་བོད་མི་ས་ཡ་དྲུག་ཡོད་ཚད་ཆོས་པ་རྣལ་མ་གྱུར་སོང་བ་ཡིན་ན་སྤྱི་ཁེགས་ན་བྱེ་བྲག་ཁེགས་དགོས་པས། བོད་པས་རྡུལ་མཚོན་མ་བཟོས་པ་ཡང་ཆོས་ཀྱི་ནུས་པའི་ཡིན་པ་དོན་གྱིས་ཁས་བླངས་ཏེ་ཁྱོད་ཀྱི་དམ་བཅའ་ཉམས་པ་མི་འགྱུར་གྲང་།   དམ་པའི་ཆོས་ཀྱི་བག་ཆགས་དང་འཇིག་རྟེན་འཕེལ་རྒྱས་ཕྱོགས་སུ་ཤ་ཐང་ཐང་འབད་མཁན་ཚོ་ལག་པ་རྒྱབ་འགལ་མ་གཏོགས་འགྲོ་ས་མེད་ན་དུང་ནས་སྤྲུག་པའི་དགོས་པ་སྤུ་ཙམ་མེད་དེ། སྦོ་ལ་གཤོག་པ་བཏགས་ནས་འཕུར་མཁན་གྱི་ཆོས་པ་ཚོ་ནི་བག་ཆགས་འདི་དགོས་ཀྱང་དགོས་ལ་ལྡན་ཡང་ལྡན། འཇིག་རྟེན་འཁོར་བའི་དོན་དུ་འབད་མཁན་རྣམས་པ་དགོས་ཀྱང་མི་དགོས་ལ་མེད་ཀྱང་མེད། ཅི་ཡི་ཕྱིར་ཞེ་ན། ལག་པ་རྒྱབ་མདུན་ཡིན་པས་སོ་ཟེར་ན་གསུང་ལན་ཅི་ཞིག་ཡོད། ཅི་ཡང་གསུང་རྒྱུ་མེད་ན་ཞལ་འཛུམ་མུལ་ལེར་བཞུགས་པར་མཛོད།
མཁན་ཆེན་མཆོག་གིས་སྐྱེས་བུ་ཆེ་འབྲིང་ཆུང་སོགས་འགྲེལ་བཤད་གནངས་བ་ནི་ནང་པའི་ཆོས་ལུགས་ལ་གདུལ་བྱའི་དབང་པོ་དང་མཚམས་པའི་ཉམས་ལེན་དུ་མར་དབྱེར་ཡོད་པས། ཞོགས་དུང་ལགས་ཀྱིས་གསུངས་པ་ལྟར་སྐུ་བཞི་དོན་དུ་གཉེར་མཁན་མིན་ཕྱིན་ཆད་ཕན་ཐོག་གང་ཡང་མེད་པ་དེ་འདྲ་མིན་པ་བསྟན་པ་ལས། ཞོགས་དུང་གིས་ཐེག་ཆེན་ཁས་མ་བླངས་ཀྱང་ཐེག་དམན་ཁས་ཨེ་ལེན་རེ་ནས་བྲིས་མིན་པས་འདྲེ་ཤར་སྒོ་ལ་གླུད་ཀྱང་ཤར་སྒོ་ལ་ཕོག་འདུག་སྙམ   མཐོ་རིས་དོན་གཉེར་ལ་ཆུང་ངུ་། ཐར་པ་དོན་གཉེར་ལ་འབྲིང་། རྣམ་མཁྱེན་དོན་གཉེར་ལ་ཆེན་པོ་གསུངས་པས་མཐོ་རིས་ནི་ལྷ་མིའི་གོ་འཕང་ཡིན་ལ་མིའི་བདེ་བ་ནི། མིང་དང་སྙན་གྲགས། ཐོབ་དང་གོ་ས། དཔལ་དང་འབྱོར་པ་སོགས་ལས་གུད་ན་མེད། དེ་ཉིད་འཇིག་རྟེན་ཕྱི་མ་ལ་ཡང་འབད་དགོས་གསུངས་ན་ཚེ་འདི་ལ་ཅི་ཕྱིར་མིན་ཏེ་ཤུགས་ཀྱིས་གྲུབ། ད་དུང་འཚོ་སྡོད་བྱ་ཐབས་དང་འགལ་འདུག་དགོངས་ན་སྐུ་ཉིད་འགལ་འབྲེལ་གྱི་རྣམ་གཞག་ལ་རྨོངས་པ་ཡིན་པས་རིག་འཕྲུལ་ཞེས་པའི་གཡོ་རྒྱུ་དེ་དགོས་པའི་དབང་གིས་ཟླ་རེ་གཉིས་སློབ་ན་ཨེ་མི་དྲག
སྐུ་ཞབས་ཞོགས་དུང་ལགས་ཀྱིས་རང་དོན་སྤུ་ཙམ་མེད་པར་གཞན་དོན་རྐྱང་རྐྱང་སྒྲུབ་པའི་བསམ་སྦྱོར་འདི་ཆོས་པ་རྣམས་ཀྱིས་མཐོ་བསྙེག་བྱ་ཡུལ་ལས། འཇིག་རྟེན་འཁོར་བའི་བདེ་འབྲས་གཉེར་མཁན་རྣམས་ཕན་ལས་གནོད་ཆེ་བ་བསམ་བཞིན་བཤད་པ་ཡིན་ཡང་། ནང་ཆོས་ནས་གསུངས་པའི་མི་དགེ་བཅུ་སྤོང་གི་བསླབ་བྱ་འདི་ངེད་བོད་པ་ཚང་ལ་ཨེ་དགོས་ཟེར་ནས་དྲིས་ན་དགོས་གསུང་ངམ་མི་དགོས་གསུང་། དགོས་ན་དབྱེ་གསལ་གང་ཡང་མེད་པའི་ནང་ཆོས་ཀྱི་བག་ཆགས་ཡོད་ཚད་དོང་སྤྲུག་བྱ་དགོས་ཟེར་བ་འདི་རྒྱུག་པ་ལེབ་འདུར་ཡིན་པས་དེ་ལ་ཐེག་པ་ཆེ་ཆུང་གི་གསལ་བཤད་གནང་བ་དེ་མ་གོ་བུ་ལ་བརྡ་སྤྲད་པ་མ་ཡིན་ནམ། མི་དགོས་ན་གདོང་དམར་སྣ་ལེབ་ཚང་གི་རྒྱུད་འཛིན་ཚོ་བྱམས་བརྩེ་དང་དགོད་སྒྲས་ཕོངས་ཤིང་རྐུ་ཇག་གཡོ་ཁྲམ་གྱི་མི་ཡུལ་ཞིག་བསམ་བཞིན་དུ་སྐྲུན་འདོད་ཡིན་པས་དེ་འདྲའི་བསམ་བློ་ཐབས་སྐྱོ་བོ་ཞོགས་དུང་ལགས་ཀྱི་ཐུགས་ལ་འཁོར་ཙམ་ཡང་བྱེད་མི་སྲིད། སྤྱིར་བྱམས་བརྩེ་དང་དྲང་བདེན་དགོས་ཀྱང་དམ་ཆོས་ནས་བཤད་པ་དེ་ཚོ་ཕྱི་མའི་བདེ་འབྲས་རྐྱང་རྐྱང་ལ་དམིགས་ཡུལ་བཟུང་ཕྱིར་མི་དགོས་ཞེ་ན། སྤྱི་ཚོགས་ལ་དགོས་པའི་ཞི་བདེ་བྱུང་ན་དམིགས་ཡུལ་གང་བཟུང་མ་བཟུང་ཁྱད་པར་མེད་ལ། རང་ཉིད་བདེ་འབྲས་དོན་གཉེར་མི་བྱེད་པའི་གཞན་ཕན་ཞིག་དགོས་ན་ཞོགས་དུང་བྱང་ཆུབ་སེམས་པ་ཆགས་ཚར་པ་ཡིན་རྒྱུ་རེད་དེ་ལྟར་ན་ཐེག་ཆེན་གྱི་ཆོས་ལས་ལྷག་པ་གང་དུ་ཡོད། །
འཛམ་གླིང་འདིར་མི་གསོད་རྟ་སྒྱེལ། རྐུ་འཕྲོག་ལོག་གཡེམ་མེད་པ་ནི་ཁྲིམས་ཀྱིས་སྒྲིག་གཞི་གཏན་འབེབས་དང་ལག་བསྟར་བྱེད་ཀྱི་ཡོད་པ་འདི་སྐུ་ཉིད་ཀྱི་ཞལ་བཞེས་གནང་འདུག་པ་འདིའི་མིང་ལ་ཁྲེལ་དང་ངོ་ཚ་ཟེར་གྱི་མ་རེད། གཞན་དུ་འཛམ་གླིང་ན་ཁྲེལ་དང་ངོ་ཚ་མེད་པའི་མི་མེད་པའི་ཐལ་པ་ཡོད་དེ། རྐུན་པོས་ཉི་མོ་བརྐུ་མི་རྐུ་པ་ཡང་ཁྲེལ་དང་ངོ་ཚ་སྲུང་པ་ཡིན་པསོ། །འདིར་ངེས་པར་ཤེས་དགོས་པ་ཞིག་ལ་ཁྲིམས་ཙམ་ལ་སྐྲག་པའི་མི་དེས་ཁྲིམས་ཀྱིས་མི་མཐོང་སར་བྱ་ངན་སྤྱོད་ངན་རི་འགུལ་ས་གཡོ་བ་བཟོ་ངེས་རེད་ལ། ལས་འབྲས་ལ་སྐྲག་པའི་མི་དེས་དངོས་ལྐོགས་གང་ལ་ཡང་བག་ཡོད་བྱེད་པའི་དབྱེ་བ་འདི་ཡང་མཁྱེན་པར་མཛོད་ལ་དམ་ཆོས་ནས་བཤད་པའི་བསླབ་བྱ་འདི་གཅེས་ནོར་ཞིག་ཏུ་བརྩིས་ནས་སྤྱི་བོའི་གཙུག་ཏུ་མ་བཀུར་ཀྱང་གངས་རི་ར་བའི་ཕ་མཐའ་ལ་རྡོ་ཕུད་དབྱུག་ཕུད་བྱེད་དགོས་པའི་ནག་ཉེས་དེ་འདྲ་བསགས་ཡོད་རྒྱུ་མ་རེད་ཅེས་ཞུ་བ་ཡིན།
 ཆོས་དད་ལ་མ་བལྟོས་པར་སློབ་གསོའི་ནུས་པ་ཐེབས་པའི་མི་ཡ་རབ་དཀར་མཛེས་ཕོ་གསར་ན་གཞོན་དེའི་མནའ་མ་ཡོ་རོབ་དབུས་མའི་བུ་མོ་དེ་འདྲ་ཡོད་པ་ཡང་ཁོ་བོ་ཡིད་ཆེས་ཡོད་ལ། ཡུལ་དེར་དངོས་པོ་བོར་སྟོར་བྱུང་ཡང་སླར་རང་ལག་ཏུ་ཚུད་པ་དེ་འདྲ་དང་། རྐུན་ཇག་ཧམ་འཕྲོག་གི་གནས་ཚུལ་ཐོས་དཀོན་པ་དང་། ཨ་རིས་རྒྱལ་ཁབ་ལ་ཁྱིམ་མཚེས་སྒོ་ལ་ཟ་བརྒྱབ་དགོས་པའི་སྲོལ་མེད་པ་དེ་ཚོ་ཁོ་བོས་མིག་མཐོང་ལག་ཟིན་མ་བྱུང་མོད། མཁས་དབང་ཁྱེད་ཀྱིས་དེ་ལྟར་གསུང་པ་ལ་ཡིད་ཆེས་ཡོད་པ་མ་ཟད་དེ་དག་དམྱལ་ཡུལ་ལ་ཞེད་ཅིང་ལྷ་ཡུལ་ལ་སྤྲོ་བའི་དབང་གིས་ཡིན་པས་མ་ཁྱབ་པ་ཡང་ཁོ་བོས་ཤེས་བཞིན་ཡོད། འོན་ཀྱང་བཟང་སྤྱོད་དེ་དག་ཐམས་ཅད་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ནང་དུ་མ་འདུས་པ་མེད་པས། ནང་ཆོས་ཀྱི་བག་ཆགས་ཡོད་ཚད་དུང་ནས་སྤྲུག་ན་སྤྱི་ཁེགས་ན་བྱེ་བྲག་ཁེགས་འགྲོ་བས་ང་ཚོས་བློ་འཚབ་དང་གསལ་བཤད་བྱེད་དགོས་ངེས་ཡིན་པ་ལས། བཟང་པོའི་ལྟ་བ་དང་སྤྱོད་པ་ཡིན་ན་ནང་ཆོས་དད་པ་བྱེད་པ་ལ་མེད་ན་མི་འབྱུང་བའི་འབྲེལ་བ་གྲུབ་ཡོད་པ་མཁན་ཆེན་མཆོག་གིས་གསུང་ཡང་མི་ཤེས་ལ་གསུངས་ཀྱང་མི་འདུག་གོ། ནུབ་ཕྱོགས་པ་ཚོས་སེམས་ཅན་གྱི་ཚེ་སྲོག་ལ་རྩིས་ཐང་སྤྲོད་འདོད་ཀྱིས་དམར་ཟས་སྤངས་མཁན་ཇེ་མང་དུ་འགྲོ་བ་འདིས་མ་ནམ་མཁའ་དང་ལས་རྒྱུ་འབྲས་གླེང་མཁན་ལ་འཁྲེལ་དགོད་བྱེད་ཀྱིན་མི་འདུག་གམ་ཞེས་པའི་དཀའ་བཀྱོན་འདི་བདག་ལྟ་བུ་ཤ་ཟས་སྤངས་མ་ཐུབ་པའི་སྟོན་པའི་རྗེས་འཇུག་ཅིག་ལ་མཚོན་ན་དགོངས་དག་ཐུགས་བདེན་ཞུ་རྒྱུ་ལས་ལྷག་མེད། གྲྭ་སའི་དགེ་བཤེས་དང་སྤོར་ཏོ་རྨོར་ཏོའི་བྱེད་སྟངས་འགའ་ཞོར་དུ་བཤད་འདུག་པ་དེ་ཞོར་དུ་བཤད་པ་རང་ཡིན་ཏེ་རང་གིས་རང་ལ་ཡང་ང་དྲང་པོ་དྲང་བདེན་ཡིན་གསུང་མཁན་ཁྱེད་ལྟ་བུ་ཞིག་གིས་ཆོས་འབག་གྱོན་མཁན་ཁ་ཤས་ཀྱི་བྱ་སྤྱོད་དེ་ནང་ཆོས་ཀྱི་ཞལ་ལ་མ་སྐུད་རོགས་ཞུ་བ་ཡིན།
ཁ་ཆེའི་རྒྱལ་ཁབ་ཨི་རན་དང་། ཉི་ཧོང་གྲོང་ཁྱེར་སྟེང་དུ་རྡུལ་མཚོན་དངོས་སུ་བེད་སྤྱོད་བཏང་མཁན་དང་། འཇར་མན་གྱི་དམག་དཔོན་ཧི་ཐི་ལིར་སོགས་ཀྱི་ཆོས་དད་ནི་ཁོ་བོ་ཁ་ཆེ་དང་ཡེ་ཤུའི་ཆོས་ལ་སྦྱངས་མ་མྱོང་པས་མི་ཤེས་ལ། ནང་པའི་རྒྱལ་ཁབ་བྱང་ཁོ་རེ་ཡའི་རྡུལ་མཚོན་བཟོ་མཁན་དེ་ལུགས་སྲོལ་གྱི་དད་པ་མ་གཏོགས་མེད་ན་ནི་རྨོངས་དད་ཡིན་ལ་རྨོངས་དད་མེད་ན་བྱམས་བརྩེ་ཉམས་འགྲོ་རེད་ཟེར་མཁན་ནི་སུ་ཡང་མི་འདུག དངོས་སུ་ཉམས་ལེན་བྱེད་མཁན་ཆོས་པ་རྣལ་ཞིག་ཡིན་ན་ནང་ཆོས་དང་ཡོངས་སུ་འགལ་བའི་གཞན་གནོད་ཀྱི་ཚན་རིག་ལག་རྩལ་རྩེ་མོར་སླེབས་པ་ཡང་ནང་ཆོས་བག་ཆགས་ཀྱིས་བཀག་མི་འདུག་ན་གཞན་སྤྱི་ཚོགས་ལ་ཕན་པའི་ཚན་རིག་ལག་རྩལ་མི་འགོག་པ་སྨྲོས་མེད་ཡིན་པས། ངེད་ཚང་གིས་མ་བྱུང་པ་ཡོད་ཚད་ཆོས་ཀྱི་དབུ་ལ་གཡོགས་ས་མེད་པ་ཆགས་སོང་བ་རེད།
ང་ཚོ་བོད་པས་རྡུལ་མཚོན་བཟོ་མ་ཤེས་པ་རེད་དམ་སྙིང་རྗེ་ཆེ་དྲགས་ནས་མ་བཟོས་པ་རེད་གཅིག་གསུངས་དང་གུས་པ་དགོད་བཞིན་ཉན་ཆོག་ཟེར་བའི་དོན་ནི། མཁན་ཆེན་མཆོག་གིས་གཞན་ལ་བརྩེ་བ་མེད་པར་ཆེས་ཉེན་ཁ་ཆེ་བའི་རྡུལ་མཚོན་སོགས་བཟོ་བ་ནི་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་བལྟ་བའི་སྐྱོན་དུ་གསུངས་པ་ལ་ཟུར་ཟ་བྱེད་པ་འདྲ། འོ་ན་ང་ཚོ་བོད་པ་ཚང་ཆེ་བའི་འཕུར་གྲུ་ནས་ཆུང་བའི་ཚ་དམ་བར་ཉེར་མཁོ་གཅིག་ཀྱང་བཟོ་མ་ཐུབ་པ་འདི་བཟོ་མ་ཤེས་པ་རེད་དམ་ཆོས་ཀྱི་བག་ཆགས་ཀྱིས་གནོན་དྲགས་ནས་མ་བཟོས་པ་རེད་གཅིག་གསུངས་གནོངས་དང་ཁོ་བོ་དགོད་བཞིན་ཉན་ཆོག ཡང་ན་(ལོག་རྟོག་སྙིང་སྟོབས་སུ།)འདུ་ཤེས་ཡོད་ཚད་ཀླད་པའི་རྣམ་འགྱུར་ཡིན་ཡང་ཀླད་པ་མེད་པའི་མི་རེ་བཟུང་དམིགས་གསལ་བཏང་བ་བཞིན་འདིར་ཡང་ཚན་རིག་གཞན་ཡར་རྒྱས་འགྲོ་བ་ལ་ནང་ཆོས་ཀྱིས་འགལ་རྐྱེན་བྱེད་ཀྱང་རྡུལ་མཚོན་གཅིག་པུ་དམིགས་གསལ་ཡིན་ཟེར་ན་ཨེ་མི་དྲག མདའ་སྙུག་མཆོག་སྤྱིར་ཐོས་རྒྱ་ཆེ་མདོག་འདུག་སྟེ་སྤྱི་བྱེ་བྲག་གི་རྣམ་གཞག་འདིའི་ཐད་ལ་ག་དུས་ཡིན་རུང་རྨོངས་རྟགས་དང་འཛོལ་རྟགས་ཤིག་སྟོན་ཡོང་གིན་འདུག   རིགས་པའི་དཔའ་པོ་ལགས་རིགས་པའི་འགྲོ་སྟངས་ཆགས་མི་འདུག་ཞུས་ན་ཁ་རྫབ་ཆེན་ཡིན་ཡང་རྟ་ཐོག་ནས་གྲོག་མ་མི་མཐོང་པའི་དཔེ་ལྟར་བསྡུས་གྲྭའི་རིགས་ལམ་ལ་ཐུགས་མཉམ་པར་མ་བཞག་པའི་སྐྱོན་ཡོད་ཚུལ་གཞན་དུ་ཡང་བཤད་པ་ཡིན།
ནུབ་ཕྱོགས་སུ་ཕྱི་ནང་གི་ཆོས་སྣ་ཚོགས་དར་ཞིང་ལས་འབྲས་ཁས་ལེན་པ་ཡོད་ཀྱང་རྡུལ་མཚོན་བཟོ་བསྐྲུན་སོགས་དཔལ་འབྱོར་དང་ལག་རྩལ་རྩེར་སོན་འདུག་ན། ང་ཚོ་ལ་ནང་ཆོས་དར་བ་དང་ལས་འབྲས་ཁས་ལེན་པའི་བག་ཆགས་མ་སྤྲུག་བར་མགོ་གནམ་ལ་འགྱོག་དུས་དང་རྐང་ས་ལ་འཛུགས་རྒྱུ་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། དྲི་བ་འདི་ནང་འགལ་མེད་པའི་ལན་ཕོག་ན་ངས་ཁྱེད་ལ་ཕྱག་གཉིས་འཚལ་ཆོག
འགྲུབ་མིན་ཐེ་ཚོམ་ཡིན་པ་ཞིག་གི་ཆེད་དུ་དཀའ་ངལ་བྱེད་པ་དོན་མེད་ཡིན་ན་ང་ཚོ་ད་ལྟ་རང་ཕ་མ་མཉམ་འཛོམས་ཞིམ་ཟ་ཞིམ་འཐུང་བྱེད་བཞིན༌ཕ་ཁྱིམ་དྲོན་མོའི་ནང་དུ་ཉལ་དགོས་པ་ལས་མི་རིགས་དང་མདུན་བསྐྱོད་ཟེར་ནས་མགོ་འཐོར་འཐོརཀླད་པ་སྐམ་སྐམ་རྒྱུགས་པ་སྙིང་པོ་ཅི་ཡང་མེདེ། ཙག་སྒྲ་བཟོ་མི་ཤེས་པའི་མི་རིགས་འདི་ང་ཚོའི་དུས་ཐོག་ལ་ཨ་རི་གཉིས་པ་ཆགས་མི་ཐུབ་པ་ཐ ེ་ཚོམ་མ་ཟད་ཚད་མས་ཀྱང་ངེས་པསོ། །ང་ཚོས་དཀའ་ངལ་ཁྱད་གསོད་བྱེད་པ་མི་རབས་ཕྱི་མའི་ཆེད་དུ་ཡིན་ཟེར་ན། ནང་ཆོས་ནས་བཤད་པ་ཚེ་ཕྱི་མའི་ཆེད་དུ་ཚེ་འདི་རིག་རིག་མཐོང་མཐོང་གི་བདེ་སྐྱིད་འགའ་བློས་གཏོང་པ་དང་། བདག་པའི་གཞན་གཅེས་པའི་སེམས་བསྐྱེད་ཟེར་བ་འདི་ཡང་གོ་རྒྱུ་མེད་པ་རེད་མི་འདུག་སྙམ།
བཙན་པོས་ཉམ་ཆུང་སྡང་། ཕྱུག་པོས་དབུལ་པོ་བརྙས་པ་སོགས་ཆགས་སྡང་རྨོངས་གསུམ་ཡོད་ཚད་མི་ཡི་རང་གཤིས་ཡིན་པས་བཅོས་སྒྱུར་བྱེད་མི་རུང་ན་མང་གཙོ་དང་། རང་དབང་། སྔོན་ཐོན། མདུན་བསྐྱོད།  རྟོག་སད་སོགས་སྙན་སྙན་འདི་ཚོ་གླེང་བའི་དགོས་ནུས་སྤུ་ཙམ་མེད་དེ། མིའི་གཤིས་ཀ་ནི་ཟ་ཉལ་སྡོད་གསུམ་ལ་དགའ་བའི་ཕྱིར། མ་ཤེས་ཤེས་པ། མི་ནུས་ནུས་པ། མི་ཕོད་ཕོད་པ་སོགས་སློབ་གསོའི་ནུས་པ་ལས་བྱུང་རུང་ཡིན་ན། ཉོན་མོངས་ཀྱིས་ཟིན་པའི་སེམས་འདི་ཡང་རིམ་བཞིན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཆགས་མི་ཐུབ་པའི་རྒྱུ་མཚན་སྤུ་ཙམ་ཡང་མ་གཞི་མ་གྲུབ་བོ། །
དེ་ཡང་མཁན་ཆེན་མཆོག་གིས་ངན་སྤྱོད་དེ་དག་དམ་པའི་ཆོས་ཀྱིས་མ་ཁེགས་པས་ཡིན་ནམ། ཉམས་སུ་མ་བླངས་པས་ཡིན། བླངས་ཀྱང་མ་ཁེགས་པ་ཡིན་སོགས་ལྗིད་གོག་ཡོད་པའི་འདྲི་བ་དེ་དག་ལ་ཁྱེད་ཀྱིས་ལན་མ་བཏབས་པར། རྟ་ངན་གྱེན་ལ་འགྲོ་དུས་ཡན་ལག་ཐུར་ལ་ཤོར་བའི་དཔེ་ལྟར། འབྲེལ་མེད་ཀྱི་སྐྱོན་བརྗོད་མང་པོ་བྱས་པ་དག་སྐབས་དོན་སྒྲིབ་བྱེད་ལས་མ་འདས་ལ། སྟོན་པས་དུག་གསུམ་སྤངས་ཡོད་མེད་དང་མ་ཆགས་ཆགས་ཚུལ་ལ་དགོས་པ་ཡོད་མེད། མར་བ་སོགས་སྔགས་པ་དག་དང་རྗེ་རིན་པོ་ཆེ་སོགས་འདུལ་འཛིན་རྣམས་ཀྱི་མཛད་པ་དེ་ཚོ་ཡོད་ངེས་ཀྱི་ཚད་མ་དང་མེད་ངེས་ཀྱི་ཐག་གཅོད་གང་ཡང་ང་ཕར་བཞག་ཁྱེད་ཀྱི་རྒྱུད་དུའང་ཚེ་འདི་ལ་སྐྱེས་དཀའ་ཚོད་སྣང་པས་བསྐལ་དོན་དུ་སོང་པའི་ཡུལ་ཞིག་ལ་མི་ཤེས་ཤེས་མདོག་བྱེད་པ་ནི་དུས་ཚོད་འགྲོན་པའི་རྒྱུ་ཡིན་པས་བསྐྱུར་ཞོག
མི་ཆོས་ཀུན་སྤྱོད་ཀྱི་རྩ་བ་བརྟན་པོར་ཚུགས་ཚར་བའི་སྤྱི་ཚོགས་དག་ཏུ་ཆོས་གཞུང་ནས་བཤད་པའི་སྙིང་རྗེ་དང་ལས་འབྲས་སོགས་རིན་ཐང་མེད་ཀྱང་། དགོས་པའི་དབང་གིས་དགའ་བོ་བྱེད་ཅེས་པ་འདི་ཐུགས་ལྷོད་དུ་མ་ཕབ་པའི་བཀའ་མོལ་ཡིན་ཡང་ད་ཞིབ་མོ་རྣམ་ཐག་བྱེད་པའི་ལོང་མི་འདུག ཡོད་མེད་ཐག་མི་ཆོད་པའི་ཕྱི་མའི་ཆེད་དུ་ཡོད་ངེས་ཀྱི་ཚེ་འདི་བློས་མི་ཐོང་བས་འབད་པ་དོན་མེད་ཡིན་ན། གྲུབ་མིན་ཐེ་ཚོམ་དུ་གྱུར་པའི་མ་འོངས་པའི་ཡར་རྒྱས་དང་དཔལ་ཡོན་གྱི་ཆེད་དུ་དཀའ་ངལ་ཁྱད་གསོད་ཀྱིས་འབད་པ་ཡང་དགོས་པ་མེད་ལ། ཐ་ན་མཐོང་མིན་ངེས་པ་མེད་པའི་སྟོན་གྱི་ལོ་ཏོག་ཆེད་དུ་དཔྱིད་ཀར་ཞིང་ལ་ས་བོན་འདེབས་ཤིང་ཕྲི་རློག་བྱེད་པ་དོན་མེད་དུ་ཐལ་པ་སོགས་ཧ་ཅང་ཐལ་བར་མི་འགྱུར་གྲང་།  ད་ནི་ཆོས་ལ་བརྩོན་དང་འཇིག་རྟེན་ལ་བརྩོན་ཚན་རིག་སྦྱོང་ངམ་དཔེ་ཆ་སྦྱོང་དཀར་ན་དཀར་ལེབ་ཡུག་གཅིག་དང་། ནག་ན་ནག་ལེབ་ཁྱུ་ཞིག་ཆགས་འགྲོ་བ་མ་ཡིན་ནམ།
ནང་ཆོས་རང་གི་ངོ་བོའི་སྟེང་ནས་དཔལ་འབྱོར་རླུང་རྟ་སྙན་གྲགས་སོགས་འབད་མི་མི་ཆོག་པའི་བཙན་བཀའ་བཏང་བ་གང་ཡང་མེད་ལ་ཡོད་ཀྱང་བོད་མི་ཐམས་ཅད་དེ་ལྟར་ཉན་མཁན་ཅི་ལ་ཡིན།  དེའི་ཕྱིར་བོད་པ་རྗེས་ལུས་ཀྱི་ངན་ཁག་འདི་ནང་ཆོས་ལ་དཀྲིས་ཀྱང་མི་འཁྲི་བ་ཡིན། ཆོས་ལུགས་བད་བཅད་ནས་སྲིད་དང་དཔལ་འབྱོར་ཁྲག་དཀྲུག་དཀྲུག་ཡོས་བརྔོ་བརྔོ་བྱ་མཁན་མི་རེ་ཟུང་དག་ནི་ཤི་ནས་རོ་ཡང་རུལ་ཚར་བས་རོ་ཐོག་བྲོ་འཁྲབ་ཀྱིས་སྙིང་ནད་བསངས་ཐབས་བྱེད་པར་འདོད་ན་ནི་གནས་ཚུལ་གཞན་ཡིན་པ་ལས་ང་ཚོའི་ཁ་ལ་རྡོ་རྗེ་དང་ལག་ལ་ལྕགས་སྒྲོག་བརྒྱབ་མཁན་དེ་ཆོས་འདི་མ་ཡིན་པར་མཁྱེན་པ་འཚལ།
གཞན་དོན་དུ་རང་ཉིད་བློས་གཏོང་མི་ནུས་རུང་གཞན་གྱི་མགོ་ཐོག་ཏུ་ཞབས་བྲོ་བརྒྱབ་ན་མི་འགྲིག་སྙམ་པ་འདི་མི་ཆོས་སྨྲ་བའི་བསམ་བློ་ཡིན་ན་སྐྱེས་བུ་ཆུང་ངུའི་ཉམས་ལེན་ནང་དུ་འདུས་འདུག་པས་ན་སྐྱེས་བུ་གསུམ་གྱི་ལམ་རིམ་བསྐྱར་བཤད་གནང་པ་ཡང་དགོས་མེད་རེད་མི་འདུག་སྙམ །
དམ་པའི་ཆོས་གཞུང་ནས་འབུལ་པོ་ལ་སྦྱིན་གཏོང་དང་། སེམས་ཅན་ལ་ཐོབ་ཐང་། སྤྱི་ཚོགས་ལ་འཆམས་མཐུན་སོགས་གསུངས་པ་ལས་ཕྱུག་པོའི་འབད་འབུངས་ཡོད་ཚད་རྩིས་མེད་ཀྱིས་དབུལ་པོར་སྤྲད་དགོས་ཟེར་བ་ཁོ་བོས་ནི་མ་མཐོང་བས་ཁུངས་ཤིག་ཡོད་ན་སྟོན་པར་ཞུ། སྟོན་རྒྱུ་མེད་ན་ཁྱེད་ཀྱི་མཚན་ལ་མདའ་སྨྱུག་བཏགས་པ་མི་འཚམས་པས་གཞུ་འཁྱོག་ཅེས་འདོགས་པར་ཞུ།  དབུ་མ་འཇུག་པ་ལས་ལོངས་སྤྱོད་འཚོལ་ཐབ་གནམ་གྲུ་བཟོ་སྟངས་དང་ཁང་པ་བརྒྱབ་སྟངས། ཞིང་ཁ་འདེབས་སྟངས་སོགས་བསྟན་མེད་པ་བདེན་དུ་ཆུག་ཀྱང་ནང་ཆོས་ནས་བཤད་ཚད་སྲིད་པའི་ཕུན་ཚོགས་ཀྱི་འགོག་རྐྱེན་དུ་སོང་ཡོད་སྙམ་པའི་ལོག་རྟོག་འདི《མི་རྣམས་བདེ་བ་འང་ལོངས་སྤྱོད་མེད་མིན་ལ》ཞེས་པའི་ཚིག་གཅིག་གིས་མགོ་གཏིང་སློག་བཞག་པ་འདི་རང་རེད།
ལོ་ངོ་སྟོང་ཕྲག་གི་རིང་ལ་ཞིང་འབྲོག་གཞུང་གསུམ་གང་ལ་མཐོ་བའི་མཁར་ནས་དམའ་པའི་སྒོ་ཐེམ་བར་བཟོ་བའི་ལག་ཆ་ཡོད་དོ་ཅོག་ལྷའི་ཕྱག་མཚན་རྐྱང་རྐྱང་མིན་ན། མི་ཡི་ལག་ཆ་གཅིག་ཀྱང་མ་བཟོས་ཟེར་བ་འདི་རང་ཉིད་གཡོན་ཐལ་གྱི་ལམ་དུ་ལྷུང་རྟགས་རེད། རིག་གནས་ལྔ་ལས་བརྩམས་པའི་སྐད་ཆ་དེ་ཚོ་སྐབས་སུ་མ་བབས་ཀྱང་བསྡོམས་བརྒྱབས་ཏེ་བཤད་ན། གསོ་བ་རིག་པ་ཙམ་མ་གཏོགས་དགོས་མཁོ་ཡོད་པའི་རིག་གནས་གཅིག་ཀྱང་མེད་ཅེས་པའི་གཏམ་འདིས་་གོང་དུ་བོད་སྐད་དང་བོད་ཡིག་སྤང་བྱ་ཡིན་པ་ཐལ་ཞེས་པའི་ཐལ་འགྱུར་དེ། ཞོགས་དུང་གི་ཁ་ལ་བསྐུས་ནས་མ་འགོས་ཀྱང་ཁྱེད་ཀྱི་ཞལ་ལ་མ་བསྐུས་ཀྱང་འགོས་སོང་བ་མ་ཡིན་ནམ།
 ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོའི་རིག་གནས་ལྔ་ལ་སྐྱོན་དེ་ཙམ་གཟིགས་ཚེ། སྒྲ་དང་སྙན་ངག  རྩིས་དང་སྡེབ་སྦྱོར་སོགས་་ཞོགས་དུང་གིས་གནམ་གྲུ་བཟོ་རྒྱུ་ལྟར་གོ་རིམ་མང་པོ་བརྒྱུད་མི་དགོས་པར་སྔོན་མའི་མཁས་པ་དག་གིས་སྐུ་ཚེ་གཅིག་ལ་གསར་གཏོད་དང་ལེགས་བཅོས་བྱས་པ་དུ་མ་མཇལ་རྒྱུ་འདུག་པས། ཁྱེད་ཀྱིས་ལེགས་བཅོས་དང་གསར་གཏོད་ག་དུས་གནང་ཡོང་སྙམ་ནས་སྒུག་ཡོད་པ་ལས། ཕ་ནོར་བདག་བཟུང་མི་ཤེས། གཞན་ནོར་རིན་གྱིས་མི་ཁུག་པའི་སྤྲང་པོ་དབྱུག་ཐོགས་དེ་འདྲ་ཁྱེད་དང་གཞི་མཐུན་མེད་པའི་རེ་བ་ཡོད།
ལོ་ངོ་སྟོང་ཕྲག་རིང་ངེད་ཚང་ལ་ཡོད་ན་མེད་ནའི་མཁས་པ་པཎྜིའི་ཏའི་མཚན་ཐོག་པ་ཡང་སྟོང་ཕྲག་ཡོད་པ་དག་བོད་བརྒྱུད་ནང་བསྟན་གྱིས་སྐྱེད་བསྲིངས་པ་ཤ་སྟག་ལས་ཕྱི་རྒྱལ་གྱིས་རོག་སྐྱོར་ཐོབ་པ་ཧ་ལམ་སྟོན་རྒྱུ་མེད་ལ། གྲྭ་བཙུན་འབུམ་ཕྲག་བྱུང་བ་དག་ཡིག་རྨོངས་ཞྭ་མོ་གྱོན་པ་རི་བོང་རའི་སྤུན་ཟླ་ཡིན། དེ་དག་བརྒྱ་ཆ་གོ་དགུ་ཞིང་འབྲོག་མི་སེར་བཀྱུས་མའི་བུ་ཕྲུག་ཡིན་པ་ལས་རྒྱལ་པོ་དང་བློན་པོའི་གདུང་སྲས་ཤ་སྟག་མིན། ཁྱེད་རང་ཡང་བོད་ཡུལ་ཆོལ་ཁ་གསུམ་དུ་རྩོམ་པ་པོའི་མིང་ཟ་རེ་ཟུར་གོ་རྒྱུ་ཡོད་པ་འདི་བོད་རྒྱུད་ནང་བསྟན་གྱི་ལྷན་གཅིག་བྱེད་འབྲས་ཡིན་པ་ལས་ནུབ་ཕྱོགས་པས་ཀ་མགོ་མེད་གཅིག་ཀྱང་བསླབས་པའི་ལོ་རྒྱུས་མེད་པ་འདི་སོམ་ལ། བོད་བརྒྱུད་ནང་བསྟན་གྱིས་མི་སེར་བཀྱུས་མ་གཅིག་ཀྱང་ཡིག་རྨོངས་སེལ་བའི་རོགས་རམ་གནང་མྱོང་བ་མ་མཐོང་པ་འདི་སྤྱིར་ཤེས་བྱ་ལ་མཐོང་རྒྱུ་མེད་པར་མི་བལྟ་བར། ལྟ་བ་པོ་སྐུ་ཉིད་ཀྱི་སྤྱན་ལ་ལོག་ཞེན་གྱི་ལིང་ཏོག་སྐྱེས་ཡོད་པར་བལྟ་པར་བྱའོ། །
ལྷ་ལ་ཕྱག་འཚལ་རྒྱུ་རི་སྐོར་མཚོ་སྐོར་འགྲོ་རྒྱུ་མ་ནི་གྲངས་མེད་གསོག་པར་དམ་བཅའ་རུ་འཇུག་པ་ནི་ནང་ཆོས་ཀྱི་དགོངས་པ་མིན་པར་ཁྱེད་ཕར་བཞག་ངས་ཀྱང་རྟོགས་ཡོད་པས། ནང་བསྟན་གྱི་སྐྱོན་དུ་སྒྲོགས་པ་ནི་ནང་ཆོས་ཀྱི་ངོ་བོ་མི་ཤེས་པ་དག་མགོ་སྐོར་གཏོང་རྩིས་ལས་བློ་དང་ལྡན་པ་སུས་ཀྱང་མཐོང་བ་ཙམ་གྱིས་བཞེད་བགད་ཀྱི་གནས་ཡིན་པར་རྟོགས་སླའོ། །
བསམ་བློའི་དཔལ་ཡོན་ཟེར་བ་དེ་ལྷག་བསམ་དང་དྲང་བདེན། བརྩེ་དུང་དང་ཞི་འཇམ། བཟོད་སྲན་དང་ཕྱི་ཐག་སོགས་ཡིན་པ་ལས་ཀ་ངོ་ར་ངོ་ཤེས་མིན་ཅི་ལ་ཡིན། གཞན་དུ་ཕྱི་རྒྱལ་མགོ་སེར་པ་བརྒྱ་ཆ་གོ་དགུ་བསམ་བློའི་དཔལ་ཡོན་སྐལ་བ་ཆད་པ་ཁས་ལེན་དགོས་པ་ཐལ། ཀ་ངོ་ར་ངོ་མི་ཤེས་པའི་ཕྱིར་ཟེར་པའི་ཐལ་འགྱུར་ཞིག་ལྕེ་རྩེ་ལ་སླེབས་འདུག་ཀྱང་ཁྱེད་ཀྱི་དགོངས་པ་ངོ་མ་དེ་མིན་པ་དང་། སྐུ་ཉིད་རིགས་ལམ་གྱི་འགྲོས་ལ་ཐུགས་ཉམས་བཞག་རྒྱུ་ཉུང་དྲགས་འདུག་པའི་ཐེངས་གཅིག་གུ་ཡང་འབུལ་ཆོག
ང་ཚོ་མི་རིགས་གཞན་ལྟར་ཧུར་བརྩོན་དེ་ཙམ་མེད་པ་དང་། ཕོ་བ་འབྲངས་མ་ཐག་བྲང་ཁོག་ཕྱེ་ནས་ཉི་མ་བསྲོ་འོང་བའི་སྒྱིད་ལུག་འཐོམ་སྦྲིད་ཆེ་བའི་ནལ་ཕྲུག་འདིའི་ཕ་རྒན་དེ། གང་ཡང་སྙིང་པོ་མེད་ཟེར་མཁན་གྱི་རིག་གཞུང་འདི་ཡིན་མིན་དོགས་པ་ཡོད་པ་བདེན་ན། ད་ནི་དོགས་པ་དེ་དག་བསེལ་རོགས་ཞུས་ཡོད་པས་རྗེས་མ་དོགས་པ་མི་དགོས་ས་དོགས་པ་སློང་ནས་དུས་ཚོད་འཕྲོ་བརླག་མི་གཏོང་པར་ཞུ།
སངས་རྒྱས་ཆོས་ལུགས་ཀྱི་རིན་ཐང་བདེན་པ་བཞིའི་སྟེང་ནས་མཇལ་དགོས་པ་བདེན་ཡང་། མཁན་ཆེན་མཆོག་གིས་སངས་རྒྱས་ཆོས་ལུགས་བདེན་མིན་དེ་ལྷ་འདྲེ་ཡོད་མེད་ཀྱི་སྟེང་ནས་བསྒྲུབས་པ་མ་མཐོང་ལ། སྲིད་འཛིན་རྦི་ཤུ་ཚང་གི་ནང་དུ་འདྲེ་འཛུལ་ན་བོད་པའི་སྔགས་པ་གདན་འདྲེན་དགོས་པས་མ་ཁྱབ་པ་འདི་ཡང་ཤེས་པར་གྱིས་ལ་དོན་མེད་ཀྱི་སྨྱོ་ལབ་ཉུང་ན་མཛེས་པ་ཡིན། ནང་ཆོས་རང་གི་ངོ་བོའི་སྟེང་ནས་བཤད་ན་མི་ཡི་གོ་ས་ལྷ་འདྲེ་ལ་སྤྲད་ཡོད་མེད་སྐྱབས་འགྲོའི་བསླབ་བྱ་ཙམ་ཐོས་པས་ཤེས་ལ། ངེད་བོད་ཚང་གི་ས་ཁུལ་རེ་ཟུང་དང་མི་བྱེ་བྲག་པ་འགའ་ཞིག་ལྟ་ཚུལ་དེ་འདྲ་ཡོད་པ་དངོས་ཡོད་ཡིན་མོད། ཆོས་མིང་པ་རེ་ཟུང་གི་བྱ་སྤྱོད་དང་ནང་ཆོས་ཀྱི་ངོ་བོ་གཉིས་དབྱེ་གསལ་ཡག་པོ་དགོས་ཞེས་སྔོན་ནས་ཞུས་ཟིན་པ་ཡིན།
ཡོད་ཚད་ལྷ་འདྲེ་ལ་ལག་པ་གཟེད་རྒྱུ་དང་བྱིས་པ་བསམ་མེད་ཅིག་སངས་རྒྱས་བྱང་སེམས་མཁས་དབང་གྲུབ་ཐོབ་སོགས་ཀྱི་གོ་ས་སྤྲོད་པ་འདིས་བོད་མི་རིགས་ཕྱིར་འཐེན་ཆེན་པོ་བྱས་ཡོད་པས་དེ་དག་མདུང་རྩེ་ཁ་སྤྲོད་ཀྱིས་ངོ་རྒོལ་བྱ་རྒྱུའི་ཐད་མདའ་སྨྱུག་ང་གཉིས་བཤད་ན་ཁ་གཅིག་སྙབ་ན་ལག་གཅིག  རྟ་ཁ་མཉམ་སྒྲིག་དང་། གྲི་ཁ་མ་མཉམ་འཕྱར་ཡིན་ལུགས་གཞན་དུ་བཤད་ཟིན་པ་ཡ ང་ཡིན་ལ་འདིར་ཡང་ཡིན།
བཙོག་པ་གཏོང་རྒྱུར་སྐྲག་ནས་ཟས་མི་ཟ་བ་ནོར་འཁྲུལ་ཡིན་ཡང་། ཟས་ཞིམ་འདུག་ཟེར་ནས་གྲོད་ཁོག་རལ་བཅུག་པ་ཡང་ནོར་འཁྲུལ་ཡིན། འཁོར་ཡུག་གནོད་སྐྱོན་ལ་སྐྲག་ནས་ཙག་སྒྲ་གཅིག་ཀྱང་མ་བཟོས་ན་ནོར་འཁྲུལ་ཡིན་སྲིད་ཀྱང་། མཚམས་མེད་ཚོད་མེད་ཀྱིས་སྣོད་བཅུད་རལ་བཅུག་པ་འདི་ཡང་ནོར་འཁྲུལ་ཡིན།  སྔོན་ཐོན་ནུབ་ཕྱོགས་པ་དག་གིས་ནང་ཆོས་སྦྱོང་བ་ནི་དད་པའི་སྒོ་ནས་སྦྱོང་བ། དགོས་པ་མཐོང་ནས་སྦྱོོང་བ། ཤེས་འདོད་བྱས་ཏེ་སྦྱོང་བ་སོགས་གཅིག་ཏུ་མ་ངེས་པས། རང་ལྡོག་ལ་དེ་ཡིན་འདི་མིན་གང་ཡང ་གླེང་རྒྱུ་མེད།
རྡུལ་མཚོན་གྱི་དགུན་དུས་ཞེས་པའི་སྐོར་ཡང་ཚན་རིག་དང་འགྲན་རྩོད་ཁོ་ནར་རེམ་ཚེ་འཇུག་འབྲས་དེ་འདྲ་འབྱུང་སྲིད་པ་ཉེན་བརྡ་ར་སྤྲོད་གནངས་པ་ལས། འགན་འཁྲི་ཡོད་ཚད་ང་ཚོ་ལ་འགེལ་པ་མ་རེད། ཡིན་ཡང་མི་རིགས་ཀྱི་འགན་འཁྲི་ཟེར་བ་དེ་ལོ་བརྒྱ་ཕར་ཞོག་ལོ་སྟོང་འདས་ཀྱང་ཁུར་དགོས་པ་ལས་ང་ཚོའི་མི་ཚེ་མ་གཏོགས་འགན་ལེན་མེད་པ་འདི་བསམ་བློ་པ་ཞིག་གི་ཞལ་ནས་འདོན་རུང་བའི་གཏམ་ཞིག་མ་རེད། བོད་པ་ཚང་གི་འགན་འཁྲི་འདི་ལོ་བརྒྱ་ཕན་ལ་འབྲེལ་མེད་ཡིན་ན་ཨ་རི་གཉིས་པ་ཆགས་རྒྱུ་ཁྱེད་ཀྱི་ཐུགས་བསྐྱེད་དེ་གཉིད་སྐྱིད་པོ་ཁུག་ན་མ་གཏོགས་མི་ཡོང་པར་མཁྱེན་པར་མཛོད། ངེད་ཚང་གི་རིག་གཞུང་སྔར་ཡོད་མ་ཉམས་སྟེང་གསར་གཏོད་དང་ནང་འདྲེན་བྱེད་དགོས་པ་ལས་སྔར་ཡོད་ཡོད་ཚད་དྲེད་མོས་ཀྱིས་ཕྱི་བ་གསོད་ལྟར་གྱུར་སོང་ན་མི་ལེགས་པས་རང་རྐང་སྟེང་དུ་རང་ཉིད་ལང་དགོས་གསུངས་པ་ལས་འདྲེ་རྐང་སྟེང་དུ་མི་ལུས་བཏེག་དགོས་གསུངས་པ་ཅི་ལ་ཡིན།
སྤྱིར་མདའ་སྨྱུག་མཆོག་ལྗིད་ན་ལྗིད་ཚོད་མི་འདུག་སྟོན་པ་སངས་རྒྱས་ཀྱང་ཕྱོགས་སྔ་འཇོག་ཡོང་གིན་འདུག་ལ། ཡང་ན་ཡང་ཚོད་མི་འདུག་ཕྱི་རྒྱལ་རྒད་པོའི་ཁ་ནས་རླང་པ་ཐོན་ཚད་སྒྲ་ཇི་བཞིན་དུ་འཛིན་གྱིན་འདུག དཔྱད་པ་མེད་པའི་ཡིད་ཆེས་ཡོད་ཚད་རྨོངས་དད་ཡིན་པས། ཆོས་ལ་རྨོངས་དད་བྱས་པ་དང་། ཚན་རིག་པ་རྨོངས་དད་བྱས་པ་གཉིས་སྤྱང་ཀི་དཀར་ནག་ཡོད་ཀྱང་རྔ་མ་ཕྲ་སྦོམ་མེད་པ་འདི་ཡང་མཁྱེན་པར་མཛོད་ལ་ཕྱིན་ཆད་མི་ངོ་ལ་མཛུབ་མོ་འཛུགས་པ་ལ་རང་སྟེང་དུ་ནག་ཐིག་མེད་དགོས་པ་ཐུགས་ལ་ཞོག།དེང་སང་བོད་ཡུལ་ཆོལ་གསུམ་སྤུན་ཟླ་འགའ་ཞིག་གིས་མདའ་སྨྱུག་མཆོག་བསྟོད་ན་བསྟོད་ཚོད་མི་འདུག་དགེ་འདུན་ཆོས་འཕེལ་མཐུན་དཔེ་འཇོག་གིན་འདུག་ལ། སྨད་ན་སྨད་ཚོད་མི་འདུག་དམར་ཆེན་གཏོར་མ་འཕེན་གྱིན་འདུག ཁོ་བོས་རྨོངས་འཆར་གྱི་སྒོ་ནས་བལྟས་ན་ཁོང་ཉིད་འགྲན་ཟླ་མེད་པའི་མཁས་པ་རེད་ཟེར་ན་གཡམ་རྒྱུགས་རེད་ལ། རྩོམ་རིག་སྒྱུ་རྩལ་ལ་ཁྱད་ཆོས་མི་འདུག་ཟེར་ན་ཕྲག་དོག་རེད་མོད། ཚ་བ་རོང་གི་སྨྱུག་མ་ལྟར་དྲང་པོ་དེ་འདྲ་མིན་པ་རིགས་པ་བརྒྱ་ཕྲག་གིས་སྒོ་ནས་ངེས་པ་བརྙེད་བྱུང་ངོ་། །
ནང་ཆོས་ལ་མཚོན་ན་གྲུབ་མཐའ་གོང་འོག་དབུ་སེམས་ཀྱི་ལྟ་བ་སོགས་དང་། བོད་དུ་སྔ་རབས་ཕྱི་རབས་དང་ས་དགེ་བཀའ་རྙིང་སོགས་དབར་དགག་སྒྲུབ་ཀྱི་མེ་ལྕེའི་་ཁྲོད་ཀྱི་མཁས་པ་ཡོད་ཚད་ཚད་མའི་སྐྱེས་བུ་ཡིན་མི་དགོས་ལ། ནུབ་དར་རིག་གསར་ཁྲོད་དུ་ཡང་ས་ལྟེ་སྨྲ་བ་དང་ཉི་དཀྱིལ་སྨྲ་བ། རྡུལ་ཆ་མེད་སྨྲ་བ་དང་ཚད་རྡུལ་ནུས་ཤུགས་སྨྲ་བ། དུས་དང་ནམ་མཁའ་ལྟོས་མེད་དུ་སྨྲ་བ་དང་ལྟོས་ཅན་དུ་སྨྲ་བ་་སོགས་རིག་ལམ་རྩུབ་བརྡར་ཁྲོད་དུ་རེས་རྒྱལ་རེས་ཕམ་གྱི་ངང་ཚུལ་འདི་བསམ་ན་ཚན་རིག་རྒད་པོ་ཡིན་ན་ཚད་མའི་སྐྱེས་བུ་ཡིན་པས་མ་ཁྱབ་པ་ཡང་ཤེས་དགོས།
མདོར་ན་ང་ཚོ་སེམས་ཅན་ཡོངས་ཀྱི་ཐོབ་བྱ་ནི་བདེ་སྐྱིད་ཁོ་ན་དང་སྤང་བྱ་ནི་སྡུག་བསྔལ་ཁོ་ན་ཡིན་ལ་བདེ་སྡུག་མྱོང་བྱེད་ཀྱང་ལུས་སེམས་གཉིས་སུ་ཡོད་པས་དེ་གཉིས་ཕྲལ་ཕུག་གཉིས་སུ་བདེ་བ་བྱུང་ན་ཆོས་ཀྱིས་སྒྲུབ་བམ་ཚན་རིག་པས་སྒྲུབ་ཁྱད་པར་ཅི་ཡང་མེད་ལ་དེ་ཉིད་ཐོབ་པར་མི་བྱེད་ན་ཆོས་ལུགས་ཉམས་སམ་ཚན་རིག་ཉམས་དགའ་སྡུག་ཅིག་ཡང་མེད་པ་འདི་ཁོ་བོས་ཕྱོགས་སྤ ྱི་དུས་སུམ་ལ་སྤྲིངས་པའི་བསྒྲགས་གཏམ་དང་བྱང་ཆུབ་ཀྱི་བར་དུ་མི་འགྱུར་བའི་དམ་བཅའ་ཡིན་ནོ།།
སྨྲས་པ། གངས་ཅན་མཁས་པའི་ཡ་གྱལ་མཁན་ཆེན་མཆོག །
རིགས་པའི་དཔའ་བོ་ཚ་བའི་སྨྱུག་རྒོད་བུ། །
བསམ་བློ་གསར་བའི་ཤིང་རྟ་ཞོགས་དུང་ལགས། །
ཁྱེད་གསུམ་སྐུ་ཚེ་ཡུན་དུ་བརྟན་པར་ཤོགས། །
འཛམ་གླིང་ཁྱོན་འདི་ཞི་བདེ་སྣང་བས་ཁྱབ། །
ཁ་བའི་ལྗོངས་སུ་རྨོངས་དད་མུན་པ་ཟས། །
གངས་ཅན་པ་ཚོ་དེང་རབས་ཕྱོགས་སུ་སྙེག །
དམ་པ་གསུམ་གྱི་བཞེད་དོན་འགྲུབ་འགྱུར་ཅིག །
གླིང་དཀར་ཕུ་ནུ་འདུས་ར་འཚོགས་པའི་ཚེ། །
ཁ་གླག་སྤྱང་གསུམ་བཞུགས་གྲལ་རྩོད་ན་ཡང་། །
སེར་པོ་ཧོར་ལ་དམག་སྣ་འདྲེན་པའི་དུས། །
དཔའ་བོ་གསུམ་གྱི་དཔུང་པ་མཉམ་སྒྲིགས་མཛོད། །
རྣམ་དཔྱོད་རིགས་པའི་གློག་ཞགས་འགྱུག་བའི་ཚེ། །
དམ་བཅའ་བྲག་རི་གཏོར་བ་མཁས་པའི་གཤིས། །
རྩོགས་ལྡན་གསར་པའི་དུས་སྟོན་བསུ་བ་ལ། །
སྲོག་སྙིང་ཁྲག་གསུམ་གཅིག་ཏུ་འདྲེས་པར་དགོས། །
ཕ་ཡུལ་བོད་ལྗོངས་ནག་ཆུའི་ཨ་མདོ་ཡིན། །
སྐྱེས་དུས་གཅིག་དགུ་བརྒྱད་བཅུ་ཐམ་པ་ཡིན། །
སྡོད་གནས་འཕགས་ཡུལ་སེར་བྱེས་གྲྭ་ཚང་ནས། །
དངོས་མིང་ཐང་དགོན་མཁས་མཆོག་ཅེས་བྱ་བས། །
༢༠༡༣།༡།༡༥ ཉིན་འབྲོག་རི་བོ་དགེ་ལྡན་བྱང་རྩེ་གྲྭ་ཚང་ནས་ལེགས་པར་གྲུབ་པའོ། །
གསལ་བཤད།    འདིར་ཡིག་ཚོགས་ལ་འཇིགས་ནས་ཕྱོགས་སྔ་མའི་བཞེད་པ་བཀོད་མ་ཐུབ་པས་ཅུང་གོ་མི་བདེ་ཡོད་རིགས་བཟོད་གསོལ་དང་གཞན་གྱི་ནོར་འཁྲུལ་ཅི་ཡོད་ལ་དག་བཅོས་གང་མང་གནང་རོགས།།
·རྩོམ་ཡིག་གོང་མ:༼ ཤིག ༽
·རྩོམ་ཡིག་འོག་མ:གྲོགས་ལྷ་མོ་དོན་འགྲུབ་ཀྱི་སྐྱེས་སྐར་ལ་ཕུལ་བ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 13:57:08 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 17:59:01 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 3:14:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།42.97MS