ཤེས་རིག་གི་དར་བསྒྲེངས་མཁན་དྲ་བའི་དོ་དམ་པ་ཚོར།
མི་ཁོམ་པའི་རྒྱལ་སྲས།
འུ་ཚང་ལ་ཅིག་ཡོད་ཡོད་འདྲ་བའི་ཧི་གཟུགས་ཟིན་བྲིས་ཚང་གིས་བཞེས་ནིང་ལོར་མ་དངུལ་གྱི་མི་འདང་བའི་འབེན་དམིགས་སུ་བཟུང་དེ་མདོ་དབུས་ཁམས་གསུམ་ལ་འུར་དང་སྐད་འབོད་མང་པོ་རྒྱབ་བྱུང་བས་བོད་ཀྱི་སློབ་ཆེན་པའི་སྡེའི་སློབ་མ་རྣམས་གཙོ་བྱས་ཏེ་མི་རིགས་དང་སྐད་ཡིག་ལ་དུངས་ཞེན་མཚོ་ལས་ཟབ་པ་དག་གིས་མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་ཚུལ་དང་རང་རང་གི་ཁམས་དང་མོས་པས་དཔལ་འབྱོར་དང་བསམ་བློས་རྒྱབ་སྐྱོར་རིན་བྲལ་བགྱིས་པ་ནི་ཆེས་སྤྱིར་བཏང་བ་ཞིག་ག་ནས་ཡིན། ད་དུང་ཧི་གཟུགས་ཟིན་བྲིས་སུ་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་ཆེ་འབྲིང་ཆུང་གསུམ་ཀུན་གྱིས་བྱ་བར་བྲེལ་འཚུབ་ཆེ་བའི་བར་ནས་ཁོམ་གསེང་ལྷག་ཙམ་ཡོད་པའང་ཆུད་ཟོས་སུ་མ་བཏང་བར་རྩོམ་རྣམ་མི་འདྲ་མང་པོ་དབྱར་ཁའི་རྩྭ་ཐང་གི་མེ་ཏོག་དང་གསར་རྩོམ་ལ་ཞུགས་པ་དག་ཀྱང་ཆར་ཤུལ་གྱི་ཤ་མོ་ལྟར་བརྡོལ་བཞིན་པ་ནི་ཧི་གཟུགས་ཚང་ལ་མཚོན་ན་ང་རྒྱལ་དང་གཟི་བརྗིད་དུ་ཅིས་ཀྱང་སྒོམ་རིན་ཡོད་པ་ཞིག་ཏུ་མ་རེད་དམ། བོད་ཀྱི་རྩོམ་པོ་འདི་དག་ཡོད་པས་ཧི་གཟུགས་ཚང་གི་བླ་སྲོག་འཕེལ་བ་རེད་ལ་རྩོམ་ཡིག་སྣ་མང་རི་ལྟར་སྤུངས་ཡོད་པས་ད་བཟོད་ཧི་གཟུགས་ཚང་གི་ལང་ཚོ་ཡོངས་སུ་སྨིན་སོང་བ་མ་ཡིན་ནམ། འདི་ནི་དོ་དམ་པ་སུ་དང་སུ་ཡིན་རུང་ཧ་གོ་དགོས་རྒྱུ་ཞིག་ཡིན་པ་དང་རྩོམ་པོ་སྟོང་ཕྲག་ལྷག་གིས་རྩོམ་ཡིག་དག་ནི་རིན་ཐང་མེད་པའི་གད་སྙིགས་རྐྱང་རང་མིན་པའང་མཁྱེན་དགོས་ཀི་རེད། འདི་དག་མཁྱེན་བཞིན་ཤེས་བཞིན་དུ་རྩོམ་པོ་ཡོད་ཚད་ཀྱི་རེ་བ་སྟོང་ཟད་དུ་གཏོང་ཐུབ་པའི་དོ་དམ་པ་དེ་དག་ནི་ཇི་འདྲའི་རྟུལ་ཕོད་ཆེ་བ་ལ་ཨང༌། ཡང་ན་སུ་ཞིག་གིས་བསམ་གཟས་ཏེ་སེམས་གནག་ནས་ཉེས་ཅན་བཙོན་རྭ་ནས་གསོད་པ་ལྟ་བུར་སྨྲ་བརྗོད་ཀྱི་རང་དབང་ཀུན་ནས་འཕྲོག་ཏེ་ཟིན་བྲིས་ཀྱི་སྒོ་རྒྱབ་པ་རེད་ཟེར་ནའང་ཆེས་མི་རློམ་པའི་རྣམ་རྟོག་གི་དྲི་བ་བརྒྱ་ཕྲག་བསྟུན་མར་ཐོན་ཡོང་བས་ངས་འདི་ནས་དྲི་བ་དེ་དག་ཁྱེད་དོ་དམ་པ་དག་ལ་འདྲི་རྒྱུ་ནི་དམུས་བྱུང་བའི་གནས་ལགས་པས་འོ་བརྒྱལ་དང་འོ་བརྒྱལ་གྱིས་ངོ་མདོག་དམར་པོར་བསྒྱུར་རྒྱུ་ཕར་གཡུགས་ཞོག བརྒྱ་ལ་དེ་འདྲ་ཡིན་པས་དབང་དུ་བཏང་རུང་དེ་ནི་རང་རང་ཚོའི་ཐད་སོ་ནས་ལུགས་མཐུན་གྱི་བྱ་བར་འགན་མ་ཁུར་བའམ་ཧི་གཟུགས་ཟིན་བྲིས་ཀྱི་འགན་འཁྲི་གཙིགས་སུ་མ་བཟུང་བ་ལས་ཁག་དཀྲི་དང་བསྙོན་འཛུགས་བྱེད་ས་གཞན་ཞིག་ཏུ་འཚོལ་བ་ནི་ལོང་བས་འབྲོང་གཡག་ལ་ཞགས་པ་འདེབས་པ་དང་ཀུན་ནས་མཚུངས་པས་ཨ་ལ་དགོད་རེ་མི་བྲོའམ། ད་ནི་སྔོན་ཆད་ཀྱི་དོ་དམ་པ་སྐད་སྦོམ་པོ་དང་ལག་ཡས་རལ་གྲིའི་རྣོ་དཔལ་གྱི་རང་རློམ་ཅན་དག་གིས་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚོར་དཀར་ཐིག་ཐེངས་གཉིས་པ་དེ་ཡོང་རན་མིན་ནམ། དེ་ལྟར་འབུལ་བསྡུ་དང་དཀར་ཐིག་གི་སྒྱེ་མོ་ཡང་ཡང་གཟེད་རྒྱུ་བྱུང་ན་ད་བཟོད་ནད་པ་ལྟ་བུའི་ཧི་གཟུགས་ཟིན་བྲིས་ནད་ཁང་གང་ཞིག་ནས་བཅོས་ཐོན་དཔང་ཡིག་བཟུང་དེ་ངེད་ཅག་གི་མིག་ལམ་དུ་སླེབས་ཐུབ་ཨང༌། ངས་ཉིན་འདི་ཚོར་དེ་ལྟར་རེ་བ་རྒྱག་གིན་ཡོད་ལ་གྲོགས་པོ་ཚོས་ཀྱང་སྨོན་ལམ་དེ་ལྟར་འདེབས་རོགས་ཞུ་ཞུས་པ་ཡིན། ད་ལྟ་ལུས་ཡོད་པ་ནི་མཆོད་མེ་པོད་ཁུག་དང་ན་གཞོན་གསར་བ། སེང་རྡོར་དྲ་བ། གཞན་ད་ལྟ་བཙས་མ་ཐག་པའི་ཚངས་དབྱངས་དྲ་བ་སོགས་ཡིན་ནའང་འདི་དག་གིས་རྩོམ་པ་པོ་ཡོད་ཚད་ཀྱི་རེ་བ་ཡོངས་སུ་སྐོང་ཐུབ་རྒྱུ་ནི་སྔོན་གྱི་བཙན་པོ་སུ་ཞིག་གིས་དབུལ་ཕྱུག་ལན་གསུམ་སྙོམས་པ་དང་འདྲ་བར་ཚགས་མི་ཆུང་བས་ན་དོ་དམ་པ་དེ་དག་ལའང་ཅི་ཁག འོན་ཀྱང་སྤྱི་དོན་ཞིག་སྒྲུབ་པར་ཁས་འཆེ་བའི་སྙིང་སྟོབས་དང་ལྷག་བསམ་ལ་ང་ཚོས་ཅིས་ཀྱང་ཡི་རངས་དང་གོང་བཀུར་ཞུ་དགོས་པའི་གནས་དང་དྲ་ཚིགས་ཤིག་གཉེར་རྒྱུ་ནི་ཤིན་ཏུ་ནས་འོ་བརྒྱལ་ཆེ་རུང་སྟག་གི་རྔ་མ་མ་བཟུང་བཟུང་བཏང་ན་མི་གཏོང་རྒྱུའི་དམ་བཅའ་དང་ཆོད་སེམས་འདོར་མི་རུང་བའི་སེམས་གཏམ་འདི་ལྷག་ལུས་དྲ་ཚིགས་དོ་དམ་པ་དག་ལ་སྙིང་ཕུར་བརྡབ་པའི་བརྡ་རྟགས་ཡིན། ང་དང་ཀློག་པ་པོ་མང་པོས་དུས་ཚོད་ཀྱི་བར་གསེང་ནས་དགའ་སྤྲོ་མོས་གསུམ་གྱིས་ཀློག་འདོན་གྱེར་གསུམ་བྱེད་ས་ནི་ཁྱེད་ཅག་གི་དྲ་ཚིགས་ནས་རྙེད་པའི་ཤེས་ལྡན་པ་ཚོའི་ཀློག་རིན་ཡོད་པའི་སྙན་ངག་དང་འབོལ་རྩོམ་དག་ཡིན་ལ་འདི་དག་ཡོད་པས་མི་རིགས་ཤིག་གི་སྐད་ཡིག་གི་རིན་ཐང་རྟོགས་པ་དང་འདི་དག་ཡོད་པས་མི་རིགས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་འགྲོ་བཞིན་པར་གདོད་མི་ཟ། རེད་ཡ། ངའི་སྙིང་ཉེ་བའི་དོ་དམ་པ་དག བློ་མ་ཕམ བག་མ་འཁུམས། སེམས་མ་སྡུག་དང་ང་ཚོ་ཚང་མས་རེ་བའི་མིག་ཟུང་གི་རྒྱལ་མོ་ཁྱེད་ཅག་ལ་གཏད་ནས་ཡོད། ཁྱེད་ཅག་གི་དྲ་ཚིགས་འདི་ནས་ང་ཚོས་མཐུན་སྒྲིལ་ལག་ཟུང་དམ་དུ་སྦྲེལ་ནས་མདུན་བསྐྱོད་ཀྱི་སྐོར་བྲོ་འཁྲབ་ཆོག་ལ་བཙན་པོའི་སྙིང་སྟོབས་སེམས་སུ་སྒོམ་བཞིན་མི་རིགས་ལ་ལག་རྗེས་བསྐྲུན་ཆོག ང་ཚོས་རྐང་ལམ་ཕྲ་མོ་འདི་དེད་དེ་པོ་ཏ་ལར་མཇལ་དུ་འགྲོ ང་ཚོས་དབྱངས་གསལ་གྱི་དར་ཆ་འདི་ཧི་མ་ལ་ཡའི་དབུ་རྩེར་བསྐྱོན་དུ་འགྲོ
འགྲོ བོད་པ་ཚོ། ང་ཚོ་ཚང་མ་མཉམ་དུ་འགྲོ མུ་མཐུད་དུ་མཉམ་ནས་མཉམ་དུ་འགྲོ