ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

ཨ་རིན་ནས་བསྒྱུར་བའི་སྐུ་ཞབས་ཧུའུ་ཧྲིའི་འབོལ་རྩོམ་ཅིག

  རྩོམ་པ་པོ:ཨ་རིན་གྱིས་བསྒྱུར།ཡོང་ཁུངས:ན་གཞོན་གསར་པ།གཟིགས་གྲངས:1392ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/3/28 19:09:55ཚོགས་ཡར་སྤྲོད:ངེད།
                         
             གནད་དོན་མང་དུ་དཔྱོད། རིང་ལུགས་ཉུང་དུ་ཤོད།
                             ཧུའུ་ཧྲི།  ཨ་རིན་གྱིས་བསྒྱུར།

《གཟའ་རེའི་དཔྱད་བརྗོད་》ཀྱི་པར་ཐེངས་ཉེར་བརྒྱད་པའི་སྟེང་དུ། ངས་ཉེ་ཆར་འདི་ལྟར་བཤད་མྱོང༌། “ད་ལྟའི་དཔྱད་བརྗོད་པའི་སྡེ་ཧ་ཅང་ཉེན་ཁ་ཆེ་སྟེ། ཤོག་བུའི་ངོས་ཀྱི་རིག་གཞུང་ཁོ་ནར་རིས་སུ་ཆད་པ་ལས་ཀྲུང་གོའི་དེང་རབས་ཀྱི་སྤྱི་ཚོགས་དགོས་མཁོ་ངོ་མ་ཅི་ཞིག་ཡིན་པའི་གནས་ཚུལ་ལ་ས་གནས་རྟོག་དཔྱོད་གནང་གི་མེད། ཁུང་བཀུར་ལྷ་མཆོད་ཀྱི་མི་དེ་ཚོས་མིག་སྔའི་སྤྱི་ཚོགས་ཀྱི་དགོས་མཁོ་རྒྱུས་དཀོན་པ་སྨྲས་མེད་རེད་ལ། དམག་རྒྱལ་རིང་ལུགས་སམ་སྲིད་གཞུང་མེད་པའི་རིང་ལུགས་སུ་རྨོངས་དད་བྱེད་པའི་མི་དེ་ཚོའང༌། མིག་སྔའི་སྤྱི་ཚོགས་ཀྱི་དགོས་མཁོ་རྒྱུས་ཡོད་པ་དག་ཨེ་ཡིན་ནམ།” “ཤེས་དགོས་པ་ནི་དཔྱད་བརྗོད་པའི་བླ་མེད་ཀྱི་འགན་འཁྲི་དེ། དངོས་ཡོད་སྤྱི་ཚོགས་ཀྱི་གནས་བབ་ལ་སེམས་ཞིབ་མོས་རྟོག་ཞིབ་བྱེད་པ་དེ་རེད། རིག་གཞུང་ཡོད་ཚད་དང་རིང་ལུགས་ཡོད་ཚད་ནི་འདི་ལྟའི་རྟོག་ཞིབ་ཀྱི་ལག་ཆ་ཙམ་རེད། རིག་གཞུང་གི་ཟུར་ལྟའི་དཔྱད་གཞི་མཆིས་ཚེ། ང་ཚོས་རྟོག་ཞིབ་ཀྱི་གནས་ཚུལ་དང་དེའི་རིན་ཐང་ངེས་སླ་ཞིང༌། མུག་སྐྱོབ་ཀྱི་ཐབས་ཤེས་ཅི་འདྲ་བ་བཀོལ་སྤྱོད་བྱེད་པའང་ཤེས་སླ།”
ངའི་འདི་ལྟ་བུའི་དཔྱད་བརྗོད་ལ་མི་མང་པོ་ཞིག་ཉན་པར་མི་དགའ་བ་ཁོ་ཐག་ཡིན། རེད་མོད། ཉིན་དུ་མའི་སྔོན་ལ་《གཞུང་སྐད་ཚགས་ཤོག་》《མི་སེར་རྒྱལ་ཁབ་གསར་བའི་ཚགས་ཤོག》 《མི་སེར་ཚགས་ཤོག》དང་འཇར་པན་སྐད་ཀྱི་《ཙི་ན་གསར་བའི་ཚགས་ཤོག་》སོགས་ཀྱིས། ཨན་ཧྥུའུ་ཚོགས་པའི་(安福部 ཀྲུང་ཧཱ་མན་གོའི་སྐབས་དམག་ཤེད་ཅན་ཏོན་ཚང་གི་རྩ་འཛུགས་ཤིག་ཡིན་ལ་སྲིད་ཀྱི་སྟོབས་ཤུགས་ཀྱང་ཆེ་སྐད། ཡིན་ནའང་ཕྱིས་རྒྱལ་འཚོང་ཚོགས་པར་གྱུར་བར་སྨྲ།)གཙོ་འཛིན་ལྦང་ཅེ་ཐང་གིས་བཏོན་པའི་དམངས་འཚོའི་རིང་ལུགས་ཀྱི་ཁྲོམ་བཤད་ལ་ངོ་བསྟོད་དང་ཆབས་ཅིག ཨན་ཧྥུའུ་ཚོགས་པས་“དམངས་འཚོའི་རིང་ལུགས་ཞིབ་འཇུག་ཚོགས་པ་”ཞིག་འཛུགས་པའི་ཇུས་གཞི་ལའང་ངོ་བསྟོད་གནང་གི་འདུག མང་ཤོས་ཀྱིས་དུས་རབས་དང་མཐུན་ཐབས་ཡོངས་པའི་ཟོལ་བཅོས་ཀྱི་བྱ་སྤྱོད་འདིར་འཕྱ་དགོད་བྱེད་སྲིད། ཡིན་ཡང༌། གསར་འགྱུར་དེ་ཐོས་རྗེས་རང་ལ་དྲན་ཚོར་འདི་ལྟ་བུ་ཞིག་བྱུང་སྟེ། “ཨན་ཧྥུའུ་ཚོགས་པས་ཀྱང་དམངས་འཚོའི་རིང་ལུགས་འུད་སྒྲོག་བྱེད་ཀྱི་ཡོད་འདུག དེས་ང་ཚོ་ལྟ་བུའི་དཔྱད་བརྗོད་པ་ལོ་ཆུང་དག་ལ་སྐྱོན་བརྗོད་བྱས་པ་མིན་ནམ།”སྙམ། སྐྱོན་བརྗོད་ཅི་ལྟ་བུ་ཡིན་ནམ་ཞེ་ན། དེ་རིམ་པ་གསུམ་གྱི་སྟེང་ནས་བཤད་ཆོག་སྟེ། གཅིག “རིང་ལུགས་”སྙན་མོའི་སྟོང་བཤད་ནི་ཆེས་སླ་མོའི་ལས་ཤིག་རེད། དེ་སྤྲང་ཕྲུག་མིའུ་ཆུང་དག་གིས་བསྒྲུབ་ནུས་ལ་ནེ་ཙོ་དང་སྐད་པར་འཁོར་ལོས་ཀྱང་འཇོན་ནུས། གཉིས། ནང་འདྲེན་བྱས་པའི་ཕྱི་ཡོང་གི་“རིང་ལུགས་”སྟོང་བཤད་དེས་ཅི་ཡང་མི་ནུས་པ་རེད། རིང་ལུགས་ཡོད་ཚད་ནི་ཡུལ་དུས་ག་གེ་མོའི་སེམས་ལྡན་པ་དག་གི་ཡུལ་དུས་ག་གེ་མོའི་སྤྱི་ཚོགས་སུ་མཁོ་བའི་མུག་སྐྱོབ་ཀྱི་ཐབས་ཤེས་ཤིག་རེད། ང་ཚོས་རང་ངོས་ནས་སྤྱི་ཚོགས་ཀྱི་དགོས་མཁོར་དངོས་སུ་རྟོག་དཔྱོད་ཟབ་འཇུག་མི་བྱེད་པར། རིང་ལུགས་ག་གེ་མོ་འུད་སྒྲོག་རྐྱང་རྐྱང་བྱས་པ་ནི་སྨན་པ་ཞིག་གིས་མན་ངག་ཁོ་ན་བློར་ངེས་པ་ལས། ནད་པའི་ནད་རྟགས་ལ་ཞིབ་འཇུག་མི་བྱེད་པ་དང་འདྲ། དེ་ལྟར་ན་ཕན་ཐོགས་འབྱུང་སྲིད་དམ། གསུམ། ཤོག་བུའི་ངོས་ཀྱི་“རིང་ལུགས་”ལ་རིས་སུ་ཆད་པ་ནི་ཧ་ཅང་ཉེན་ཁ་ཆེ༌། འདི་འདྲའི་ཁ་རྒྱུན་སླ་མོ་ཡིན་ཡང༌། ཁྲེལ་མེད་པའི་སྲིད་ཚོང་པ་ཚོས་བཀོལ་སྤྱོད་ཀྱིས་མི་ལ་གནོད་འཚེ་གཏོང་སྲིད། ཡོ་རོབ་གླིང་གི་སྲིད་ཚོང་པ་དང་འབྱོར་ལྡན་པ་ཚོས་རྒྱལ་ཁབ་རིང་ལུགས་ཀྱི་རེག་དུག་བེད་སྤྱད་མྱོང་བ་མི་ཚོས་ཤེས་ཡོད་ངེས། ད་ལྟ་ཀྲུང་གོའི་སྲིད་ཚོང་པ་ཚོས་ཀྱང་ག་གེ་མོའི་རིང་ལུགས་བཀོལ་སྤྱོད་ཀྱིས་མི་ལ་མགོ་བསྐོར་གཏོང་ངེས།
ལྕམ་རོ་ལུན་གྱིས། “རང་དབང་རང་དབང༌། གནམ་འོག་གི་ནག་ཉེས་ཇི་སྙེད་ཁྱོད་ཀྱི་མིང་གཡར་ཏེ་བཟོས་པ་ཞིག་རེད་”ཅེས་གསུངས། མིང་སྙན་པའི་རིང་ལུགས་ཡོད་ཚད་ལ་འདི་འདྲའི་ཉེན་ཁ་ཡོད་སྲིད། གཤམ་གྱི་རིགས་འདི་གསུམ་པོ་ལྷན་དུ་བསྡུས་ཏེ་བལྟས་ཚེ་“རིང་ལུགས་”ཀྱི་ངོ་བོ་གསལ་འོང༌། “རིང་ལུགས་”ཤིག་ཡིན་ན་དུས་སྐབས་ངེས་ཅན་ཞིག་གི་ཁྲོད་ནས་མགོ་བསླངས་པ་ཞིག་རེད། སྤྱི་ཚོགས་ག་གེ་མོ་ཞིག་དུས་རབས་ག་གེ་མོར་སླེབས་རྗེས། ཤན་ཤུགས་ག་གེ་མོའི་འོག་ཏུ་མིག་སྔའི་གནས་བབ་ལ་ཡིད་མི་ཚིམ་པའི་འདོད་བློ་མངོན་དུ་གསལ་བར་གྱུར་ལ། དེར་རྐྱེན་བྱས་སེམས་ལྡན་པ་ཚོས་འདི་འདྲའི་སྣང་ཚུལ་ལ་རྟོག་དཔྱོད་ཀྱིས་འཐེན་པའི་མུག་སྐྱོབ་ཀྱི་ཐབས་ཤེས་ཤིག་རེད། འདི་ནི་“རིང་ལུགས་”ཀྱི་ཐོག་མའི་རྣམ་པ་རེད། འདི་འདྲའི་རིང་ལུགས་ཐོག་མར་མགོ་བསླང་དུས། ཕལ་ཆེ་བ་ནི་བར་སྐབས་ཙམ་ལ་མུག་སྐྱོབ་གནང་བའི་ལྟ་ཚུལ་རང་མཚན་པ་ཞིག་ཡིན། ཕྱིས་སུ་ལྟ་ཚུལ་རང་མཚན་པ་འདི་དག་ཁྱབ་བསྒྲགས་བརྒྱུད་པ་དང་ཁྱབ་བསྒྲགས་ཀྱི་ལས་བྱེད་པའི་མི་དེས་ཀྱང་དོན་གྱི་གནད་བསྡུ་ཕྱིར་ཡིག་འབྲུ་གཉིས་ལ་བརྟེན་ཏེ་དེས་ལྟ་ཚུལ་རང་མཚན་པའི་ཚབ་བྱས་པ་རེད། དེ་བས་དེར་ཁོས་“ག་གེ་མོའི་རིང་ལུགས་”ཞེས་འབོད་ཀྱི་ཡོད། ལྟ་ཚུལ་དེ་རིང་ལུགས་སུ་འགྱུར་བ་དང་ཆབས་ཅིག རང་མཚན་པའི་འཆར་གཞི་དེ་ཡང་སྤྱི་མཚན་པའི་མིང་ཚིག་ཅིག་ཏུ་གྱུར་བ་རེད། “རིང་ལུགས་”ཀྱི་ཞན་ཆ་དང་ཉེན་ཁ་ཡང་འདི་ན་མཆིས་ཏེ། འཇིག་རྟེན་སྟེང་སྤྱི་མཚན་པའི་མིང་ཚིག་ཅིག་གིས་གྲུབ་མཐའ་ག་གེ་མོའི་རང་མཚན་པའི་ལྟ་ཚུལ་ཡོད་ཚད་ནང་དུ་བསྡུ་ཐུབ་མེད་པས་ཡིན།
དཔེར་ན། “སྤྱི་ཚོགས་རིང་ལུགས་”ཞེས་པའི་མིང་ཚིག་འདིར་མཚོན་ན། མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་དེ་ལྦང་ཅེ་ཐང་གི་སྤྱི་ཚོགས་རིང་ལུགས་དང་མི་འདྲ་ཞིང༌། ཁྱོད་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཡང་ང་ཡི་སྤྱི་ཚོགས་རིང་ལུགས་གཉིས་དང་མི་འདྲ་སྟེ། སྤྱི་མཚན་པའི་མིང་ཚིག་ཅིག་གིས་དེ་དག་བསྡུ་ཐུབ་པ་ཞིག་གཏན་ནས་མིན། ཁྱོད་ཀྱིས་ཁྱོད་ཀྱི་སྤྱི་ཚོགས་རིང་ལུགས་གླེང་ཞིང་ང་ཡིས་ང་ཡི་སྤྱི་ཚོགས་རིང་ལུགས་གླེང༌། ལྦང་ཅེ་ཐང་གིས་ཀྱང་ཁོའི་རང་གི་སྤྱི་ཚོགས་རིང་ལུགས་གླེང་བ་དེ་ལས། ཀུན་གྱིས་མིང་ཚིག་གཅིག་སྤྱོད་མུས་མཆིས་མོད་དེ་དག་གི་བར་ལ་དུས་རབས་དུ་མའི་ཆོད་སྲིད་ལ། ལེ་དབང་ཁྲི་གཉིས་གསུམ་གྱི་རྒྱང་ཁད་ཡོད་ཀྱང་ངེས། དེ་བཞིན་ཁྱོད་དང་ང༌། ལྦང་ཅེ་ཐང་ང་ཚོ་གསུམ་པོས་རང་ཉིད་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་ཞེས་སྨྲས་བཞིན། ཚང་མས་སྤྱི་མཚན་པའི་མིང་ཚིག་འདི་བཀོལ་ཏེ་མི་གཞན་ལ་མགོ་བསྐོར་ཆོག་པ་རེད། འདི་ནི་“རིང་ལུགས་”ཀྱི་སྟོང་ཆ་དང་ཉེན་ཚབས་མ་རེད་དམ།
ངས་ད་དུང་མི་ཀུན་གྱིས་གླེང་བཞིན་པའི་ཐལ་དྲགས་རིང་ལུགས་(过激主义)པའི་སྐོར་གྱི་དཔེ་ཞིག་འཇོག ད་ལྟའི་ཀྲུང་གོར་མི་ག་ཚོད་ཅིག་གིས་མིང་ཚིག་འདིའི་སྙིང་པོ་ལོན་གྱི་ཡོད་དམ། ཡིན་ཡང༌། མི་ཀུན་གྱིས་“ཐལ་དྲགས་རིང་ལུགས་པར་”སྡིག་དམོད་དང་འཁོན་སེམས་འཆང་གི་འདུག་སྟེ། ནང་སྲིད་པུའུ་ཡིས་“ཐལ་དྲགས་རིང་ལུགས་པ་”བཙན་འགོག་བྱ་དགོས་པའི་བཀའ་ཕབ་ཡོད་ཅིང༌། ཚའོ་ཁོན་གྱིས་ཀྱང་“ཐལ་དྲགས་རིང་ལུགས་པ་”བཀག་སྡོམ་བྱེད་པའི་ཕྱག་བསྟར་མ་བྲིས་འདུག དེ་བཞིན་ལོ་ཡོན་ཞང་གིས་ཀྱང་“ཐལ་དྲགས་རིང་ལུགས་པ་”རྩད་ཞིབ་བཀག་རྒྱ་གནང་གི་ཡོད། ཟླ་གཉིས་ཀྱི་སྔོན་དུ། པེ་ཅིང་གི་དཔོན་པོ་རྒན་པ་རེ་གཉིས་ཀྱིས་སྟོན་མོ་ཞིག་གི་སྟེང་དུ་ཤུགས་རིང་ནར་ནར་གྱིས། “མ་བཟང་ཐལ། ཐལ་དྲགས་གྲུབ་མཐའ་ཀྲུང་གོར་ཐོན་ཟིན་”ཟེར། ཡང་ཉིན་གཉིས་ཀྱི་སྔོན་ལ། དཔོན་པོ་ཆུང་ངུ་ཞིག་གིས་ངའི་ལག་གི་རླུང་གཡབ་མཐོང་མ་ཐག ཡ་མཚར་པའི་ངང་“འདི་ཐལ་དྲགས་ཚོགས་པའི་ཧུའུ་ཧྲི་མ་རེད་དམ་”ཟེར། ཧ་ཧ། འདི་ནི་“རིང་ལུགས་”ཀྱི་སྤྱོད་ཡུལ་རེད། ངའི་སེམས་སུ་རིང་ལུགས་སྟོང་བཤད་གནང་བར་ཉེན་ཁ་ཆེ་བར་འདོད་པས། ད་ལྟའི་དཔྱད་བརྗོད་པའི་སྡེ་ཡི་བློ་མཐུན་གསར་བ་དག་ལ། “ཁྱེད་ཅག་གིས་གནད་དོན་མང་དུ་འདོན་པ་ལས་ཤོག་བུའི་ངོས་ཀྱི་རིང་ལུགས་ཉུང་ཙམ་ཤོད་རོགས་་”ཞེས་སྒྲོན་ལ། དེ་ལས་ད་དུང་གཏིང་ཟབ་ས་ནས་བཤད་ན། “ཁྱེད་ཅག་གིས་གནད་དོན་མང་པོར་ཞིབ་འཇུག་གིས་གནད་དོན་འདི་དང་གན་ཇི་ལྟར་ཐག་གཅོད་དགོས་པ་མ་གཏོགས། རིང་ལུགས་འདི་ལྟ་བུ་ངོ་མཚར་ཆེ་ཚུལ་དང་རིང་ལུགས་གན་ཇི་འདྲའི་གནད་ཕུགས་ཚུལ་སོགས་འུད་སྒྲོག་མི་གནང་བར་ཞུ་”ཞེས་ཀྱང་སླན་ནོ།།
ད་ལྟའི་ཀྲུང་གོར་ཐག་གཅོད་རན་པའི་གནད་དོན་ཧ་ཅང་མང་སྟེ། ངལ་རྩོལ་པའི་འཚོ་ཚིས་གནད་དོན་ནས་སྲིད་བློན་གྱི་དབང་ཆའི་གནང་བཀག་གི་གནད་དོན་དང༌། སྨད་འཚོང་མའི་གནད་དོན་ནས་ཐོབ་ཚོང་རྒྱལ་ཚོང་གི་གནད་དོན། ཨན་ཧྥུའུ་ཚོགས་པ་གཏོར་བའི་གནད་དོན་ནས་རྒྱལ་སྤྱིའི་མནའ་འབྲེལ་ཚོགས་པར་ཞུགས་པའི་གནད་དོན། བུད་མེད་ཀྱི་བཅིངས་འགྲོལ་གནད་དོན་ནས་སྐྱེས་པའི་བཅིངས་འགྲོལ་གནད་དོན་སོགས་གང་ཞིག་ང་ཚོས་ཐག་གཅོད་མི་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་རེད། ང་ཚོས་ངལ་རྩོལ་པའི་འཚོ་ཚིས་གནད་དོན་ཞིབ་འཇུག་མི་བྱེད་པར་སྤྱི་ཚོགས་རིང་ལུགས་འུད་སྒྲོག་བྱེད་རྐྱང་དང༌། བུད་མེད་ཇི་ལྟར་བཅིངས་འགྲོལ་བྱེད་པའམ་ཡང་དག་པའི་ཁྱིམ་ཚང་སྒྲིག་གཞི་ཇི་ལྟར་འཛུགས་རྒྱུའི་གནད་དོན་ལ་ཞིབ་འཇུག་མི་བྱེད་པར། བུད་མེད་སྤྱི་དབང་རིང་ལུགས་(རྒྱའི་སྐད་དུ་公妻主义ཟེར་ལ། སུའུ་ལུན་རྒྱལ་ཁབ་མ་འཐོར་གོང་དུ་བཙུགས་པའི་སྒྲིག་སྲོལ་ཞིག་སྟེ། ལམ་ལུགས་འདིས་ཁྱིམ་གཞི་འཛུགས་པ་ནི་མ་རྩ་རིང་ལུགས་ཀྱི་རྒྱུ་ནོར་ཁེར་དབང་གི་ནད་རྙིང་ཡིན་པར་སྨྲ་བས། ལོ་བཅོ་ལྔ་ནས་ཉི་ཤུའི་བར་གྱི་བུད་མེད་དག་ལ་གོང་རིམ་གྱི་ཆོག་མཆན་ཡི་གེ་བླངས་རྗེས་རང་མོས་ལྟར་བཙན་གཡེམ་བྱེད་ཆོག་ཅིང༌། མཐར་གཏུགས་ན་ཡོད་ཚད་སྤྱི་ལ་དབང་བ་ཞིག་ཏུ་ངོས་འཛིན།)དང་མཛའ་འགྲོགས་རང་མོས་(རྒྱའི་སྐད་དུ་自由恋爱ཟེར། འགྲོ་མིའི་ཁེ་དབང་གི་ངོས་ནས་དེ་རང་དབང་ཞིག་ཏུ་རྩིས་ཆོག་ཀྱང༌། ཀུན་སྤྱོད་ཀྱི་ངོས་ནས་འགྲོ་མིའི་ཀུན་སྤྱོད་ལ་གཉའ་ཕབ་ཡོད་པར་སྨྲ།)འུད་སྒྲོག་བྱེད་པ། དེ་མིན་ང་ཚོས་ཨན་ཧྥུའུ་ཚོགས་པ་ཇི་ལྟར་རྩ་གཏོར་དང་ལྷོ་བྱང་གི་གནད་དོན་ཇི་ལྟར་ཐག་གཅོད་པའི་སྐོར་ལ་ཞིབ་འཇུག་མི་གནང་བར། སྲིད་གཞུང་མེད་པའི་རིང་ལུགས་འུད་སྒྲོག་བྱེད་རྐྱང་གིས་“ང་ཚོས་གླེང་བཞིན་པ་དེ་རྩ་བའི་ཐག་གཅོད་ཡིན་”ཅེས་ཡིད་ཚིམ་པའི་ངང་རང་བསྟོད་བྱེད་ཀྱི་འདུག དྲང་མོར་བཤད་ན། འདི་ནི་རང་མགོ་རང་གིས་གཡོགས་པའི་གཉིད་བཤད་རེད་ལ་ཀྲུང་གོའི་བསམ་བློ་པའི་སྡེ་ཉམས་ཆག་ཏུ་གྱུར་བའི་བདེན་དཔང་བཙན་པོ་དང་ཀྲུང་གོའི་སྤྱི་ཚོགས་བཅོས་བསྒྱུར་ལ་སྲོག་ཁྲིམས་བཅད་པའི་ཁྱབ་བསྒྲགས་ཀྱང་རེད།
ཅིའི་ཕྱིར་རིང་ལུགས་གླེང་བར་མོས་པའི་མི་ཧ་ཅང་མང་ལ་གནད་དོན་ཞིབ་འཇུག་བྱེད་པའི་མི་ནི་ཧ་ཅང་ཉུང་བ་ཡིན་ནམ། འདི་ཐམས་ཅད་པོ་སྒྱིད་ལུག་ཅེས་པར་འབྲེལ་འདུག་སྟེ། དཀའ་མོར་ཕྱིར་བཤོལ་གྱིས་སླ་མོར་གཞོལ་པ་སྒྱིད་ལུག་གི་མཚན་ཉིད་རེད། གནད་དོན་ཞིབ་འཇུག་ཧ་ཅང་དཀའ་ལ་རིང་ལུགས་འུད་སྒྲོག་ལས་སླ་མོ་ཡིན་པས་ཏེ། དཔེར་ན། ཨན་ཧྥུའུ་ཚོགས་པ་ཇི་ལྟར་གཏོར་བའི་ཚུལ་དང་ལྷོ་བྱང་འདུམ་འགྲིག་གི་གནད་དོན་ཐག་གཅོད་པར་ཞིབ་འཇུག་གནང་ན། འདི་ལ་ཡིག་ཆ་འཚོལ་སྡུད་དང་བསམ་འཆར་བསྡུ་ལེན། གནས་བབ་རྟོག་དཔྱོད། ད་དུང་དཀའ་ལས་མང་པོ་མྱོང་དགོས་པ་སོགས་བརྩོན་པ་ངེས་ཅན་བྱ་དགོས། དེས་ན་ད་གཟོད་ཐག་གཅོད་ཀྱི་བསམ་འཆར་ཞིག་རེག་ཐུབ། ཡང་འདིའི་སྐོར་ལ་མེ་ལོང་ལྟ་བུའི་ཐབས་ཤེས་སུ་ཟུར་ལྟ་དང་ལྷག་བསམ་གྱི་རོགས་རམ་གནང་མཁན་མེད་ལ། པོ་ལ་ཐུའུ་ལྟ་བུའི་ལུང་ཡང་དྲངས་རྒྱུ་མེད་ཁར་《དབྱིན་ཇིའི་ཤེས་བྱ་ཀུན་འདུས་ཆེན་མོ་》ལྟ་བུར་ཡང་འཚོལ་རྒྱུ་མེད་དེ། ཡོད་ཚད་རང་ཉིད་ཀྱི་ཞིབ་འཇུག་གི་བརྩོན་པ་དེར་བརྟེན་དགོས་ན། འདི་ལས་དཀའ་མོ་ཞིག་མ་རེད་དམ། དེ་ནི་་“སྲིད་གཞུང་མེད་པའི་རིང་ལུགས་”ལྟ་བུར་འུད་སྒྲོག་བྱེད་པ་དང་མི་འདྲ་སྟེ། 《རང་དབང་རེག་ཟིག་》གི་དཔེ་ཆ་རེ་གཉིས་ཉོས་ཏེ་བལྟས་པས་ཆོག་ལ། ཕྱི་ཡིག་གི་སྲིད་གཞུང་མེད་པའི་རིང་ལུགས་ཀྱི་དེབ་ཆུང་རེ་གཉིས་ཉོས་ཏེ་བལྟས་པས་ཆོག དེ་ཁར་《དབྱིན་ཇིའི་ཤེས་བྱ་ཀུན་འདུས་ཆེན་མོ་》བསྐྱར་སློག་འགའ་བྱས་ཚེ། དེ་འདྲའི་འུད་སྒྲོག་ལ་འཛེམ་དོགས་མི་དགོས་པས་འདི་ཆེས་སླ་བའི་ལས་ཤིག་མ་རེད་དམ།
རིང་ལུགས་འུད་སྒྲོག་གིས་གནད་དོན་ལ་ཞིབ་འཇུག་མི་གནང་མཁན་དེ། ལས་དཀའ་མོར་སྐྲག་ཅིང་སླ་མོར་རེ་བ་ཅན་དང་སྒྱིད་ལུག་ཅན་ཁོ་ན་རེད། གང་ལྟར་རིན་ཐང་མཆིས་པའི་བསམ་བློ་ཇི་སྙེད་འདི་དང་གན་གྱི་གནད་དོན་རང་མཚན་པར་འཇུག་སྟེ་གྲུབ་པ་ཞིག་རེད། ཐོག་མར་གནད་དོན་གྱི་ཕྱོགས་སོ་སོའི་དངོས་ཡོད་རེ་རེར་ཞིབ་འཇུག་གིས་གནད་ཀྱི་འབྱུང་རྩ་གང་ལ་ཐུག་ཡོད་པར་བལྟ་བ་དེ་བསམ་བློའི་ཐེམ་སྐས་དང་པོ་རེད། དེ་ནས་རང་གི་ཚེ་གང་བོའི་ཉམས་མྱོང་གཞིར་བྱས་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་རེ་རེ་འདོན་པ་དེ་བསམ་བློའི་ཐེམ་སྐས་གཉིས་པ་ཡིན། དེའི་འཕྲོར་ཚེ་གང་བོའི་ཉམས་མྱོང་ཤེས་བྱ་བཀོལ་སྤྱོད་དང་དེའི་སྟེང་བསམ་ཡན་གྱི་ནུས་པར་བརྟེན་ཏེ་གནད་དོན་ཐག་གཅོད་ཀྱི་མ་དཔེ་རིགས་འདེད་ཀྱིས་མཇུག་འབྲས་ཅི་ལྟ་བུ་ཐོབ་པར་བསམ་དགོས་ཤིང༌། འབྲས་བུ་འདིའི་ཕན་ནུས་དེས་དོན་གྱིས་མིག་མདུན་དུ་ལྷག་པའི་གནད་དོན་དཀའ་མོ་འདི་ཐག་གཅོད་ཐུབ་མིན་ལ་རིགས་འདེད་བྱེད་དགོས། རིགས་འདེད་ཀྱི་འབྲས་བུར་ཐག་གཅོད་ཐབས་ཤིག་གཏན་ལ་ཕབ་ནས་འདི་ངའི་རང་གི་ལྟ་ཚུལ་ཡིན་པར་སེམས་པ་དེ་བསམ་བློའི་ཐེམ་སྐས་གསུམ་པ་རེད། ལར་རིན་ཐང་གི་བསམ་བློ་ཇི་སྙེད་ཐོག་མཐའ་བར་གསུམ་དུ་ཐེམ་སྐས་འདི་གསུམ་པོ་ངེས་པར་དུ་བརྒྱུད་དགོས། གལ་ཏེ་དེ་ལྟ་མ་ཡིན་ན་དཔྱད་བརྗོད་པར་མི་བརྩི་སྟེ་བཤུ་འབྲི་ལ་གོམས་པ་ཙམ་མོ།།
རེད་མོད། ཀློག་པ་པོ་ཚོ་ངའི་བསམ་ཚུལ་ལ་གོ་བ་མི་ལོག་པར་མཛོད། ངས་མི་ཀུན་ལ་རིག་གཞུང་དང་རིང་ལུགས་ཡོད་ཚད་ལ་ཞིབ་འཇུག་གནང་མི་རུང་གི་སློབ་གསོ་གཏོང་བ་གཏན་ནས་མིན། རིག་གཞུང་ནི་ང་ཚོས་གནད་དོན་ལ་ཞིབ་འཇུག་གནང་བྱེད་ཀྱི་ལག་ཆ་ཞིག་རེད། གལ་ཏེ་རིག་གཞུང་དེ་ལག་ཆར་བེད་མ་སྤྱད་ན། སྐུ་ཞབས་ཐོན་ལྦང་ཡཱང་གིས་སྨྱུག་མར་ཅེར་ནས་ཀློའུ་འདང་རྒྱག་པ་ལྟ་བུ་སྟེ། དངོས་པོའི་གནས་ལུགས་ལ་སྟོང་བསམ་གྱིས་དེས་ཅི་ཡང་མི་འགྲུབ་པ་རེད། རིག་གཞུང་སྣ་ཚོགས་དང་རིང་ལུགས་ཀུན་ལ་ང་ཚོས་ངེས་པར་དུ་ཞིབ་འཇུག་བྱ་དགོས། རིག་གཞུང་མང་པོ་ཟུར་ལྟའི་དཔྱད་གཞིར་གྱིས་གནད་དོན་རང་མཚན་པ་ཞིག་མཐོང་བ་ཡིན་ན་ད་གཟོད་དེ་ཐག་གཅོད་པའི་ཐབས་ཤིག་རྙེད་ངེས། ཡིན་ཡང༌། ངའི་རེ་བར་ཀྲུང་གོའི་དཔྱད་བརྗོད་པ་ཚོས་“རིང་ལུགས་”ཡོད་ཚད་ལོགས་སུ་བཞག་སྟེ་ཟུར་ལྟའི་ཡིག་ཆ་བྱེད་པ་ལས། བྲང་ཁར་བཏགས་ནས་ངོམ་སྤྱད་པོ་མི་བྱེད་པར་ཞུ། དེ་མིན་ན་རིག་གནས་ཀྱི་ཆུ་ཚད་མེད་པའི་མི་ཞིག་གིས་བླངས་ཏེ་ཡང་མི་གཞན་ལ་འུད་སྒྲོག་བྱེད་སྲིད། “རིང་ལུགས་”ཀྱི་ཆེས་ཆེ་བའི་ཉེན་ཁ་ནི་མིའི་ཡིད་ཚིམ་སླ་བ་དེ་རེད་ལ། སེམས་སུ་ནད་བརྒྱ་འཇོམས་པའི་གཉེན་པོ་ལྟ་བུའི་“རྩ་བའི་ཐག་གཅོད་”ཅིག་རྙེད་སོང་བར་འདོད་ཡོད་པས། དེ་ནས་བཟུང་སེམས་ཞིབ་མོ་དང་འབད་བརྩོན་ཆེན་པོས་འདི་དང་དེའི་གནད་དོན་རང་མཚན་པ་ཐག་གཅོད་པའི་ཐབས་ལམ་འཚོལ་གྱི་མ་རེད།
ཞེས་༢༠༡༠ལོའི་ཟླ་༣ཚེས་༢༡ཉིན་སི་ཁྲོན་མི་རིགས་སློབ་གླིང་དུ་རྫོགས་པར་བསྒྱུར་བ་དགེའོ།།

·རྩོམ་ཡིག་གོང་མ:གངས་རིའི་སྲས་མོ་དབང་མོ།
·རྩོམ་ཡིག་འོག་མ:རིགས་ཞེན་ལ་རྒྱ་བརྟན་པའི་ལག་རྗེས་གང་།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྙིང་གཏམ་སུམ་ཅུ་པ་ཞེས་བྱ་བ་བཞུགས་སོ། ། 2015/2/6 12:39:00
·དྲང་གཏམ་རྨ་ཐོག་གཙགས་འདེབས། 2014/4/5 23:03:42
·ཝ་ནག་ལུང་པ། ༡༠ ༡༡དང་བཀླག་ཐོ། 2013/12/25 21:18:54
·བདེན་པ་སྐྱོང་བར་སྐུལ་བའི་གཏམ། 2013/10/3 11:33:20
·བོད་ཕྱི་ནང་གི་དྲ་འབུ་རྣམས་ལ་གདམས་པ་གསེར་རི་མ། 2013/7/18 11:38:29
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 4:19:12 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 15:35:50 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/12 17:51:50 [来自: 112.5.243.142]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།169.92MS