བོད་སྐད་ཡིག་སྐོར་གྱི་བཀའ་སློབ།
ཨ་ལགས་ཤར་གདོང་ཚང་།
བོད་ཀྱི་སྐད་ཡིག་ལ་ལོ་རྒྱུས་ཐོག་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་དུས་ཡུན་ཡོད། དུས་ཡུན་དེའེ་རིང་ལ་བོད་ཀྱི་མཁས་དབང་རིམ་བྱོན་རྣམས་ཀྱིས་དཀའ་སྤྱད་ཁུར་དུ་བཞེས་ནས་རྒྱུན་འཛིན་དར་སྤེལ་མཛད་དེ་ད་ལྟའི་བར་ལ་སླེབས་ཡོད། དུས་རབས་དེ་སྙེད་ཀྱི་ནང་དུ་དར་རྒུད་ཇི་སྙེད་ཅིག་བྱུང་ཡོད། བོད་ཀྱི་སྐད་ཡིག་གི་ཁྱད་འཕགས་རང་བཞིན་ལ་རང་གིས་བསྟོད་པ་བྱས་ནས་བསྡད་པས་མི་ཆོག་པ་མ་ཟད། འདིའི་ཐད་ལས་ཀ་ཧུར་པོ་དང་ཡང་འབད་བསྐྱར་འབད་རྒྱུན་བསྲིང་ཞིག་བྱེད་དགོས། དེ་ལྟར་བྱས་ན་བོད་མིའི་ཁ་དཔེར། བུ་ཕས་མི་བསྟོད་དགྲས་བསྟོད།བུ་མོ་མས་མི་བསྟོད་གནས་ཀྱིས་བསྟོད།ཟེར་བ་ལྟར་འོང་ངེས་པ་ཡིན། བོད་ཀྱི་སྐད་ཡིག་གི་བྱ་བ་དར་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་བར་དཀའ་སྤྱད་དང་བརྩོན་འགྲུས་ཁུར་དུ་འཁྱེར་ནུས་པའི་སྙིང་སྟོབས་ངེས་པར་ཡོད་དགོས། དེ་ཡང་རྡོ་སྦིས་དགེ་བཤེས་རིན་པོ་ཆེ་དང་། ཨ་མདོ་རེབ་ཀོང་གི་ལོ་ཙཱ་བ་ཆེན་པོ་དགེ་འདུན་ཆོས་འཕེལ་སོགས་ཀྱིས་བོད་རང་གི་སྐད་ཡིག་ལ་དཔྱིས་ཕྱིན་པའི་སློབ་གཉེར་གནང་བའི་ཁར་སྐད་དང་ཡིག་རིགས་གཞན་ལའང་འབད་པ་གནང་བས་སའི་སྟེང་གི་སྒྲོན་མེ་ལྟ་བུར་གྱུར་ཏེ་རྒྱལ་ཁབ་ཕྱི་ནང་ཀུན་ལ་སྙན་གྲགས་ཁྱབ་པ་འདི་བྱུང་། ཁོང་རྣམ་པས་ཀྱང་དང་པོ་སློབ་གཉེར་གནང་དུས་དམ་པ་གོང་མའི་ཕྱག་བཞེས་བཟང་པོ་ལྟར་དཀའ་སྤྱད་དང་བརྩོན་འགྲུས་ཀྱི་འཚོ་བ་བབ་ཆགས་པ་ཁོ་ན་ལ་བརྟེན་པ་ལས་གཞན་མིན། མདོར་ན་བོད་ཀྱི་སྐད་ཡིག་གི་བྱ་བ་སྒྲུབ་མཁན་ཁྱེད་ཚོས་རང་གི་ཟླ་ཕོགས་ཀྱི་མང་ཉུང་དང་ལྟོ་ཁོ་ན་མ་བསམ་པར་མིག་རྒྱང་རིང་ཞིང་། མཐོང་རྒྱ་ཡངས་པས་ཡུན་རིང་གི་བསམ་བློ་ཞིག་གི་ཐོག་ནས་བོད་ཀྱི་སྐད་ཡིག་བྱ་བ་ལ་འབད་པ་བྱས་ཏེ་དར་སྤེལ་བྱེད་པའི་རྨང་གཞིའི་སྟེང་སྐད་དང་ཡིག་རིག་གཞན་ལའང་འབད་བརྩོན་ལྷོད་མེད་གནང་རྒྱུའི་རེ་བ་བྱེད། །