ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
 རྩོམ་ཡིག་ཀློག་པ།

གླེགས་བམ་བཀླག་ཐབས་ཁྱེར་བདེ་དོན་ཚང་།

  རྩོམ་པ་པོ:ཆོས་འབྱོར་ནས་འོས་སྤྱོར་ཞུས།ཡོང་ཁུངས:མི་གསལ།གཟིགས་གྲངས:2066ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/12/10 12:50:09ཚོགས་ཡར་སྤྲོད:ལྡོང་།
༄༅།། གླེགས་བམ་བཀླག་ཐབས་གསལ་བར་བཤད་པ་
ཁྱེར་བདེ་དོན་ཚང་།
                                            
                                                            ཆོས་འབྱོར་ནས་དཔེ་རྙིང་འོས་སྤྱོར་ཞུས།

       ན་མོ་རཏྣ་གུ་རུ་ཝེ། རྐང་གཉིས་གཙོ་བོ་དེས་གསུངས་དམ་པའི་ཆོས།། ཐེག་གསུམ་དགེ་འདུན་བཅས་ལ་གུས་བཏུད་ནས།། རང་གཞན་མང་པོར་ཕན་པ་བྱ་བའི་ཕྱིར།། གླེགས་བམ་བཀླག་ཐབས་ཁྱེར་བདེ་དོན་ཚང་འབྲི།། གང་དག་དྭངས་འདོད་ཡིད་ཆེས་ཀྱི་དད་གསུམ་གང་ཡང་མི་ལྡན་ཞིང་ཐ་མལ་གྱི་ཀུན་སློང་དང་ཀུན་སྤྱོད་ཀྱིས་དུས་འདའ་བཞིན་པའི་ངང་ནས་གུས་པའང་ཚུལ་བཞིན་བྱེད་པ་ལ་མི་གནས་པས་གླེགས་བམ་གསུང་སྒྲོག་ལ་བརྩོན་ཀྱང་ཕན་ཡོན་རྒྱ་ཆེར་འབྱུང་བ་མ་མཐོང་བས། དེས་ན་བསོད་ནམས་མཐའ་ཡས་པ་འཐོབ་པར་འདོད་པའི་སྐྱེས་བུ་དག་གིས་ཇི་ལྟར་བྱ་བའི་ཚུལ་ནི། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་མཆོགས་བསྒོམས་ཏེ།། དེ་ལས་ལངས་ནས་གོས་པ་མེད་པའི་ཆོས་བརྗོད་ཅིང་།། དེ་ཡང་འགྲོ་བའི་དོན་དུ་བྱང་ཆུབ་རྒྱུར་བསྔོ་ན་།། དགེ་བ་དེ་དང་མཉམ་པ་འཇིག་རྟེན་གསུམ་ན་མེད།། ཅེས་ཇི་ལྟར་གསུངས་པ་དང་མཐུན་པར་རིམ་པ་དྲུག་དང་ལྡན་པར་བྱེད་པ་ལ། དེ་ཡང་ཡིད་དུ་འོང་བའི་གནས་གང་ཡང་རུང་བར་བྱི་དོར་དང་ཆག་ཆག་ལེགས་པར་བྱས་ལ། རྒྱལ་བ་སྲས་དང་བཅས་པའི་སྐུ་བརྙན། གསུང་རབ་གླེགས་བམ་གྱི་ཚོགས་ལ་སོགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་། དེ་དག་གི་མདུན་དུ་རྣམ་ལྔའི་མཆོད་སྤྲིན་ཡང་གང་འབྱོར་ལོག་འཚོ་སོགས་ཀྱིས་མ་སྦགས་པ་གུས་གཙང་དང་ལྡན་པས་བཤམས། རང་གི་མདུན་གླེགས་བམ་གྱི་བཞུགས་ཁྲི་མཐོ་གཙང་དར་རས་གཙང་མས་བཀབ་པའི་སྟེང་དུ་གླེགས་བམ་ཞལ་ཕྱེ་སྟེ་བཞུགས་སུ་གསོལ། རང་ཉིད་ཁྲུས་བྱས་ལ་གོས་གཙང་མ་བགོས། མྱོས་འགྱུར་གྱི་རིགས་དང་སྒོག་བཙོང་སྤང་བ་སོགས་ཚུལ་དང་ལྡན་པར་བྱས་ནས། ཐོག་མར་བསླབ་བཏུང་ནས་འབྱུང་བའི་བདུད་གཞོམ་པའི་སྔགས་བཟླ་བར་སྤྲོ་ན། ཤ་མེ། ཤ་མ་བ་ཏི། ཤ་མི་ཏཱ་ཤ་ཏྲུཾ། ཨཾ་ཀུ་རེ། མཱ་ར་ཛི་ཏེ། ཀ་རོ་ཊི་། ཀེ་ཡཱུ་རེ། ཨཱུ་ཀོ་ཧཱ་ཡ་ཏི། བི་ཤ་ཐ་ནིརྨ་ལེ། མ་ལཱ་ས་ན་ཡེ། ཨཱུ་ཁ་རེ། ཁ་རོ་གྲ་སེ། གྲ་ས་ན། ཧཱི་མུ་ཁཱི། པ་རཱ་མུ་ཁཱི། ལཱ་མུ་ཁཱི། ཤ་མི་ཏཱམི་སརྦ་གྲ་ཧ། བནྡྷ་ནཱ་ནི། ནི་གྲེ་ཧཱེ་ཏྭཱ། སརྦ་མཱ་ར་པྲ་བཱ་དི་ནོ་བི་མུཀྟཱམཱ་ར་པྲ་ཤཱ་སྟཱ་རི་ཏཱ་བུདྡྷ་མུ་དྲཱ། ས་མུངྒྷ་ཏི་ཏཱ་སརྦ་མཱ་ར་ཀརྨ་ཎི། ཞེས་དང་འདུས་པ་རིན་པོ་ཆེའི་ཏོག་གི་གཟུང་ལས་བྱུང་བའི་བདུད་ཀྱིས་མི་ཐུབ་པའི་གཟུང་ནི། ཏ་ཏྱ་ཐཱ། ཨ་བ་མེ། ཨ་བ་མེ། ཨ་མ་བ་རེ།  ཨ་མ་བ་རེ། པ་རི་ཀུཉྫ། ནཱ་ཌ་ནཱ་ཌ་པུཥྐ་ར་མཧཱ། ཛ་ལུ་ཁ། མ་ཁ་ཡ། ཨི་ལི་མི་ལི། ཀི་ལི་མི་ལི། ཀཱིརྟི་ཙ་ར་མུ་དྲེ། མུ་དྲ་མུ་ཁེ་སཱ་ཧཱ།ཞེས་པ་ཅི་ལྟར་རིགས་པ་བཟླས་པས་བདུད་ཀྱིས་བར་དུ་གཅོད་མི་ནུས་པར་གསུངས།།
    དེ་ནས་དང་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལའང་སྐྱངས་གསུམ་སྔོན་དུ་འགྲོ་བ་ཅན་གྱིས་འཇུག་པར་རིགས་པས། དེ་ལའང་ཐོག་མར་ས་གཞི་དང་མཆོད་པ་བྱིན་གྱིས་བརླབ་པ་ནི། མཆོག་གསུམ་སྲས་བཅས་རྒྱལ་བའི་བྱིན་རླབས་དང་།། ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་པའི་མཐུས།། གནས་འདིར་བདེ་ཅན་ཞིང་ལྟར་མཆོད་ཚོགས་རྣམས།། ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་འགྲན་གྱུར་ཅིག། ཚོགས་ཞིང་སྤྱན་འདྲེན་པ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་།། ཞེས་སོགས་ནས། ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ།། ཞེས་བརྗོད་པས། ཕྱོགས་བཅུའི་ཞིང་ཁམས་ནས་དེ་བཞིན་གཤེགས་པ་སྲས་དང་བཅས་པ་འཁོར་ཚོགས་རྒྱ་མཚོས་བསྐོར་བ་བསམ་གྱིས་མི་ཁྱབ་པ་རྫུ་འཕྲུལ་དང་སྨོན་ལམ་གྱི་དབང་གིས་མངོན་སུམ་དུ་སྐད་ཅིག་ཉིད་ལ་མདུན་གྱི་ནམ་མཁའ་འབྱོན་པར་བསམ་ལ། བཅོམ་ལྡན་འདིར་ནི་འབྱོན་པ་ལེགས།། བདག་ཅག་བསོད་ནམས་སྐལ་བར་ལྡན།། བདག་གི་མཆོད་ཡོན་བཞེས་ནས་ཀྱང་།། ཐུགས་ལ་དགོངས་ཤིག་གནང་བར་མཛོད།། ཅེས་འབྱོན་ལེགས་བྱ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར།། ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི།། ཇི་སྲིད་མཆོད་པ་དག་བགྱིད་ན།། དེ་སྲིད་བཅོམ་ལྡན་ཞུགས་སུ་གསོལ།། ཞེས་ཚོགས་ཀྱི་རྟེན་དུ་བཞུགས་པར་བསམ་ལ། དེ་རྣམས་ཀྱི་སྤྱན་སྔར་ཡན་ལག་བདུན་པ་མཎྜལ་དང་བཅས་པ་འབུལ་བ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན།། ཞེས་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྡོའོ།། ཞེས་བཟང་སྤྱོད་ནས་འབྱུང་བ་ལྟར་བྱས་རྗེས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ།། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི།། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས།། འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག། དེ་ཡི་རྗེས་སུ་སྐྱབས་སེམས་སྦྲག་མ་མདོར་བསྡུས་པའི་སྒོ་ནས་བྱང་ཆུབ་ཀྱིད་སེམས་བཟུང་བ་ནི།སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།།བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།།བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས།།འགྲོ་ལ་ཕན་ཕྱིར་སངས་རྒྱས་བསྒྲུབ་པར་ཤོག།ཅེས་ལན་གསུམ་གྱིས་བཟུང་ནས།བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།མ་སྐྱེས་པ་ནི་སྐྱེས་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་དང་། གོང་ནས་གོང་དུ་འཕེལ་བར་ཤོག། ཅེས་སྨོན་ལམ་མདོར་བསྡུས་དང་།
      གཉིས་པ་ཤེས་རབ་མཆོག་སྒོམ་པ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།། མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།། དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།།ཞེས་བརྗོད་ནས་གནས་ལུགས་ཟབ་མོའི་དོན་ལ་ཅུང་ཟད་མཉམ་པར་བཞག
     གསུམ་པ་དེ་ལས་ལངས་པའི་རྗེས་ཐོབ་ཀྱི་གནས་སྐབས་སུ་ལྷར་བསྒོམ་པ་ནི། ཆོས་རྣམས་རང་བཞིན་སྟོང་པའི་ངང་ཉིད་ལས།། སེང་ཁྲི་པད་ཟླ་ཉི་མའི་གདན་གྱི་སྟེང་།། རང་ཉིད་ཐུབ་དབང་གསེར་མདོག་ཞལ་གཅིག་པ།།ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཕྱག་རྒྱ་མཛད།། ཆོས་གོས་གསུམ་གསོལ་ཞབས་གཉིས་དཀྱིལ་ཀྲུང་བཞུགས།། མཐོང་བས་མི་ངོམ་མཚར་སྡུག་མཚན་དཔེའི་སྐུ།། ཐོས་པས་གདུང་སེལ་དྲུག་ཅུའི་དབྱངས་ལྡན་གསུང་།། དྲན་པས་མཆོག་སྩལ་ཟབ་གསལ་ཐུགས་མངའ་བའི།། སྨིན་མཚམས་ལ་སོགས་སྐུ་ཡི་ཆ་རྣམས་ལས།། དཔག་མེད་འོད་འཕྲོས་སྣོད་བཅུད་ཀུན་ལ་ཁྱབ་།། ངན་འགྲོའི་འགྲོ་རྣམས་མཐོ་རིས་གོ་འཕང་ཐོབ།། དམ་ཆོས་ཉན་ཕྱིར་འདུས་ཤིང་འཁོད་པར་གྱུར།། དེ་ནས། ཨོཾ་སམྦྷ་ར་སམྦྷ་ར་བི་མ་ན་ས་ར་མཧཱ་ཛ་བ་ཧཱོུཾ། ཨོཾ་སྨ་ར་སྨ་ར་བི་མ་ན་སྐ་ར་མཧཱ་ཛ་བ་ཧཱོུཾ། ཞེས་འགྱུར་སྔགས་ཀྱང་མང་དུ་འདོན་ལ། སྟོང་པའི་སློབ་མ་སེམས་ཅན་གང་སུ་དག འཇིག་རྟེན་ཁམས་ན་གནས་པ་ཀུན་ཉོན་ཅིག། དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབ་ཀྱི།། སུ་དག་ཉན་པར་འདོད་རྣམས་འདིར་ཤོག་ཅིག།བསྐལ་པ་སྟོང་དུ་ཐོས་པར་རབ་དཀའ་ཞིང་།།གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ།།བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ།།བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན།། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད།། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་།། འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པ།། ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ།། ལུས་ཅན་ཀུན་གྱིས་བྱ་དང་ནི།། ཤིང་དང་འོད་ཟེར་ཐམས་ཅད་དང་།། ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ།། རྒྱུན་མི་ཆད་དུ་ཐོས་པར་ཤོག། བཞི་པ་མཚན་འཛིན་གྱི་རྟོག་པས་གོས་པ་མེད་པའི་ངང་ནས་ཆོས་བརྗོད་པའམ་གླེགས་བམ་བཀླག་པ་དངོས་ལ་འཇུག་པ་ན།སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་བྱ་བར་བསམ་ནས། སེམས་གཞན་དུ་གཡེང་བ། གཉིད་དུ་ཤོར་བ། གཏམ་གྱིས་བར་བཅད་པ། ཧ་ཅང་བུལ་བ། ཧ་ཅང་མྱུར་བས་ཚིག་མི་གསལ་བ། མིག་འགྲེམ། མགོ་སྒྲིལ། ཁོང་ཀློང་སོགས་མ་ཡིན་པ། ངག་སྙན་ཅིང་བརྗོད་ཆགས་པས་བཀླག་པར་བྱའོ།། ཐུན་མཚམས་རྣམས་སུ་ཚིག་འབྲུ་བཟང་པོ་ལ་བཞག་ནས་འགོམ་ཡུག་དང་རྡུལ་སོགས་མེད་པར་གུས་པས་ལྡང་ནས་སྤྱོད་ལམ་ལ་བག་ཡོད་དང་ལྡན་པས་འཇུག་ཅིང་། སླར་ཡང་སྐྱོན་དང་བྲལ་བར་སྔར་བཞིན་བཀླག་གོ། གཞན་ཡང་མལ་སྟན་དང་ས་སྒྲེན་མོ་སོགས་དང་ཐོད་ཐོད་དུ་འཇོག་པ་དང་། ལག་པར་ཟས་ཀྱིས་གོས་པ་དང་། སོར་མོར་མཆི་མས་སྦགས་བཞིན་པར་འཛིན་པ་དང་། ཁ་ཡི་དབུགས་ཀྱིས་རྡུལ་གཡབ་བྱེད་པ་དང་། ཁ་ནས་མཆིལ་མ་ཐོར་བ་དང་། གླེགས་བམ་འཕྲོག་ཐབས་སུ་བླང་པ་དང་།རྡེབ་ཅིང་འཕང་པ་ལྟར་བྱས་ནས་འཇོག་པ་དང་། ཀློག་ཁྲི་དམའ་ཞིང་མི་གཙང་བ་དང་། ཁྲུས་དང་གཙང་སྦྲ་ལ་མི་གནས་པ་དང་། ཀློང་རྫུན་བྱེད་པ་སོགས་སྐྱོན་དང་ཉེས་པར་འགྱུར་བའི་རིགས་རྣམས་དུས་ཀུན་ཏུ་སྤོང་བ་ལ་བརྩོན་པར་མ་བྱས་ན་ཚེ་འདིར་དབང་པོ་རྟུལ་ཞིང་རྨོངས་པ་དང་།དབུལ་ཕོངས་ཀྱིས་གཟིར་བ་དང་། ནད་སྣ་ཚོགས་ཀྱིས་གཟིར་བ་སོགས་མཐོང་ཆོས་དུ་མ་འབྱུང་ཞིང་། ཕྱི་མ་རོ་མྱགས་འདམ་སོགས་དམྱལ་བའི་གནས་སུ་གདོན་མི་ཟ་བར་སྐྱེ་བ་བླང་བར་མ་ཟད། ལས་ངན་གྱི་དབང་གིས་ལྕེ་ཤིན་ཏུ་ཆེ་བར་འགྱུར་ནས་དམྱལ་སྲུང་རྣམས་ཀྱིས་ལྕགས་བསྲེགས་ཀྱི་ཐད་ལ་བརྒྱངས་པའི་སྟེང་དུ་ཐོང་གཤོལ་མེ་འབར་བ་དུ་མས་རྨོས་པ་སོགས་སྡུག་བསྔལ་བློར་མི་ཤོང་བའི་བཟོད་པར་དཀའ་བ་ཡུན་རིང་པོའི་བར་དུ་མྱོང་དགོས་པ་ནི་རྒྱལ་བའི་བཀའ་དང་།འཕགས་བོད་མཁས་གྲུབ་རྣམས་ཀྱི་བསྟན་བཅོས་ལས་འབྱུང་བས་ན་ཐེ་ཚོམ་མི་བྱེད་པར་སྤང་བླང་ལ་བརྩོན་པར་རིགས་སོ།།
    ལྔ་པ་མཇུག་ཏུ་དགེ་རྩ་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་ནི། ཡིག་བརྒྱ་ཚར་གསུམ་དང་། ཐེག་གསུམ་གསུང་རབ་རིན་ཆེན་བསྒྲག་པ་ལ།།སྒྲིབ་གཉིས་དབང་གིས་ནོངས་པར་གང་བགྱིས་ཀུན།། ཐུགས་རྗེ་ཆེ་ལྡན་སྤྱན་སྔར་བཤགས་བགྱིས་ན།། བཟོད་པར་མཛད་ཅིང་ཚངས་པར་སྩལ་དུ་གསོལ།།ཞེས་ལྷག་ཆད་ནོར་འཁྲུལ་སོགས་ནོངས་པར་གྱུར་བ་རྣམས་བཤགས་ཤིང་བཟོད་པར་གསོལ་ལ།ཐེག་གསུམ་དམ་ཆོས་རིན་ཆེན་བསྒྲག་འདི་ལ།། བསོད་ནམས་མཐའ་ཡས་བདག་གིས་གང་ཐོབ་པ།། དེ་ནི་འགྲོ་ཀུན་ཐེག་གསུམ་དམ་པའི་ཆོས།། རིན་ཆེན་དྲི་མ་མེད་པའི་སྣོད་གྱུར་ཅིག། བདུད་ཀྱི་སྡེ་དང་མུ་སྟེགས་གཞུང་ཀུན་དང་།། ཆོས་ལྟར་སྤྱོད་པའི་མུན་སྤྲུལ་དུ་མ་དང་།། གཞན་ཡང་འགྲོ་བའི་ཉེ་བར་འཚེ་བ་རྣམས།། བདག་གི་སྟོབས་ཀྱིས་རྩད་ནས་ཞི་གྱུར་ཅིག། ཅེས་པའམ། ཆོས་བསྒྲག་པ་ལས་འབྱུང་བ་ཡི། དགེ་བ་བདག་གིས་གང་བསགས་པ།། དེ་ནི་སྐྱེ་བོ་ཐམས་ཅད་ཀྱིས། བདེ་གཤེགས་ཤེས་རབ་ཐོབ་པར་ཤོག། ཅེས་དང་། སྲིད་པ་ཐམས་ཅད་དུ་ཡང་འཁོར་བ་ན།། བསོད་ནམས་ཡེ་ཤེས་དག་ནི་མི་ཟད་རྙེད།། ཐབས་དང་ཤེས་རབ་ཏིང་འཛིན་རྣམ་ཐར་དང་།། ཡོན་ཏན་ཀུན་གྱི་མི་ཟད་མཛོད་གྱུར་ཅིག། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ།། སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་།། སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་།། ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད།། ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ།། སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུག་པ་ཡི།། སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ཅེས་པ་ཙམ་མམ།། རྒྱས་པར་སྤྲོ་ན་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ཀྱི་རྒྱས་གདབ་ཅིང་། བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན།།བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ།། བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག། ཅེས་དང་། གཞན་ཡང་དཀོན་མཆོག་གསུམ་གྱི་བཀྲ་ཤིས་སོགས་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ་ཅི་རིགས་པས་མཐའ་བརྒྱན་པར་བྱའོ།།
    དྲུག་པ་ཞར་བྱུང་ཕན་ཡོན་བསྟན་པ་ནི། མདོ་ལས། ལྷག་དང་ཆད་པ་མེད་པ་དང་།། དབུགས་ལ་མི་སྐྱོན་དག་པ་དང་།། ཡིད་ཀྱིས་མི་བཅད་སྒྲ་སྐད་འབྱོར།། དྲི་མ་མེད་པར་བཀླག་པ་ཡིས།། ཟབ་མོའི་འཁོར་ལོ་བསྐོར་དང་མཉམ།། ཁྲུས་བྱས་ཁ་ཟས་སྐྱོན་བསལ་ནས།། ཕྱག་མཆོད་བཀུར་བསྟི་གུས་པ་དང་། གཞན་གྱི་ཚིག་གིས་བར་མ་ཆོད།། སངས་རྒྱས་འབུམ་ལ་བསྙེན་བཀུར་བྱས་དང་མཉམ།། ཞེས་དང་།།གཞན་ཡང་གོང་དུ་བཤད་པ་ལྟར་གྱི་སྤང་བླང་རྣམས་ཚུལ་བཞིན་བྱེད་ལ་གནས་པས་མདོ་སྡེ་འཆད་པ། ཀློག་པ། ཁ་འདོན་བགྱིས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཐོབ་པའི་ཚུལ་མདོ་སྡེ་རྣམས་ལས་ཡང་ཡང་གསུངས་ལ། དེ་ཡང་ཐོག་མར་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་རང་ཉིད་ཐེག་ཆེན་གྱི་ལམ་ལ་གནས་པར་གྱུར་བ་དང་། ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཞིང་གནས་ལུགས་ཀྱི་དོན་ལ་མཉམ་པར་བཞག་པ་དེས་བསགས་སྦྱངས་སྤེལ་གསུམ་དང་ལྡན་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པར་འགྱུར་བ་དང་། རང་ལྷ་སྐུར་བསྒོམ་པ་དེས་བསོད་ནམས་ལྷག་པར་འཕེལ་བར་འགྱུར་བ་དང་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཆོས་སྦྱིན་བྱེད་པར་མོས་པ་དེས་སེམས་ཅན་གྱི་གྲངས་དང་མཉམ་པའི་ཕན་ཡོན་ཐོབ་པར་འགྱུར་བ་དང་། དགེ་རྩ་བྱང་ཆུབ་ཀྱི་རྒྱུར་བསྔོས་པས་གོང་འཕེལ་དུ་འགྱུར་བ་སྟེ་ཁྱད་པར་དུ་འཕགས་པ་ལྔ་དང་ལྡན་པར་གསུངས་པས་ན། བློ་གྲོས་དང་ལྡན་པ་རྣམས་ཀྱིས་ཚུལ་འདི་དག་ལ་འཇུག་པར་རིགས་སོ། བཀླག་ཐབས་འགའ་ཞིག་ཏུ་རང་ཉིད་རྣམ་སྣང་དཀར་པོ་ལོངས་སྐུའི་རྣམ་པ་ཅན་གྱི་ཐུགས་ཀ་ནས་སྤྱན་མ་སེར་མོ་བུམ་པ་ཐོགས་པ་དུ་མ་སྤྲོས། བསྒྲུབ་བྱ་ཟླ་བ་ལ་གནས་པ་ལ་དབང་བསྐུར་བ་དང་། གླེགས་བམ་འོད་དཔག་མེད་དུ་གསལ་བ་འོད་དུ་ཞུ་ནས་པུ་ཏིའི་རྣམ་པར་བསྒོམ་པ་དང་། ལ་ལར་ཐུབ་དབང་འཁོར་བཅས་མདུན་དུ་གསལ་བ་སླར་རང་ལ་བསྟིམ་ནས་རང་ཉིད་ཐུབ་དབང་དུ་གྱུར་བར་མོས་པ་སོགས་འདྲ་མིན་འགའ་རེ་སྣང་མོད། འདིར་དྲིན་ཅན་བླ་མའི་དགོངས་པ་དང་ཡོངས་སུ་གྲགས་པའི་ལུགས་ལྟར་བགྱིས་སོ།། རྣམ་དག་ཐེག་གསུམ་གླེགས་བམ་བཀླག་པའི་ཐབས།། དམ་པའི་གསུང་དང་མཁས་པའི་གཞུང་བཞིན་བཀོད།། དགེ་བས་འགྲོ་རྣམས་བློ་གྲོས་མཆོག་ཐོབ་ནས།། ཐོས་བསམ་སྒོམ་པས་ཉིན་མཚན་འདའ་གྱུར་ཅིག། ཅེས་གླེགས་བམ་བཀླག་ཐབས་གསལ་བར་བཤད་པ་ཁྱེར་བདེ་དོན་ཚང་འདི་ལྟ་བུ་ཞིག་དགོས་ཞེས་རྣམ་པར་དཔྱོད་པའི་བློ་ལྡན་གཟིམ་དཔོན་དགེ་སློང་ངག་དབང་ཚུལ་ཁྲིམས་ནས་བཀྲ་ཤིས་པའི་རབ་དཀར་ལྷ་རྫས་དང་བཅས་ཏེ་འབད་པས་སྐུལ་བ་དོན་ཡོད་པར་བྱ་བའི་སླད་དུ་ཆོས་པའི་གཟུགས་བརྙན་སྙོམས་ལས་མཁན་ཤཱཀྱའི་དགེ་སློང་གི་རྟགས་ཙམ་འཆང་བ། མཁྱེན་རབ་ལུང་རིགས་མཁས་བཙུན་རྒྱལ་མཚན་གྱིས་རང་ལོ་ཉེར་གཉིས་ལོར་འཇམ་དཔལ་དབྱངས་དངོས་དྲིན་ཅན་བླ་མའི་གསུང་དང་། སངས་རྒྱས་གཉིས་པ་དི་བཾ་ཀཱ་ར་ཤྲཱི་ཛྙཱ་ན་སོགས་ཚད་མར་གྱུར་བའི་མཁས་གྲུབ་དམ་པ་རྣམས་ཀྱིས་མཛད་པའི་གླེངས་བམ་བཀླག་ཐབས་འདྲ་མིན་བཅུ་ཕྲག་ལས་བརྒལ་བ་བདག་གིས་དོན་ཁོང་དུ་ཆུད་པར་བྱས་ཏེ་རང་བཟོའི་དྲི་མས་ཅུང་ཟད་ཀྱང་མ་འགོས་པར་ཆོས་སྡེ་ཆེན་པོ་མ་དགོན་བཀྲ་ཤིས་གཡང་འཁྱིལ་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། སརྦ་ཥཱ་ག་ཏི་ཤྲེ་ཡ་བྷ་ཝནྟུ། སྐྱབས་མཆོག་བདུན་པའི་གསུང་རབ་གླེགས་བམ་གྱི།། བཀླག་ཐབས་མཆོད་སྦྱིན་འཕྲུལ་འདི་སྐུལ་བ་པོ།། ངག་དབང་ཚུལ་ཁྲིམས་དགེ་བའི་སྟོབས་ལས་བྱུང་།། ཚུལ་དེས་རྒྱལ་བའི་གསུང་དབྱངས་ཐོབ་གྱུར་ཅིག། ཅེས་པའང་རྣམ་དཀར་སྒྲུབ་པ་པོའི་བཞེད་སྐོང་དུ་བློ་བཟང་ཐུགས་རྗེའི་དབང་ཕྱུག་གིས་བྲིས་པའོ།། བྲག་ལྗོངས་བསྟན་འགྲོའི་དཔལ་མགོན་མཚུངས་མེད་སྐྱབས་རྗེ་སྐུ་ཕྲེང་བརྒྱད་པ་ཆེན་པོ་འདི་ཉིད་གདུལ་བྱ་བསོད་ནམས་ཀྱི་མ་ཆུན་པར་གཟིམ་ཁྲིའི་མཛད་པ་མཐའ་མར་བསྟན་ཁར་གཟིམ་འགག་གྱང་ངོས་སུ་ཞལ་གདམས་ཕྱག་སོར་གྱིས་བསྟར་བ་འདི་ལྟར། བོན་བཅས་རིས་སུ་མ་ཆད་གྲུབ་མཐའ་ལ།། ཆགས་སྡང་དབང་གིས་ལོག་རྟོག་སྨོད་མི་བགྱིས།། ཞེས་དང་།གྲུབ་མཐའི་ཀུན་སློང་ང་ཁྱོད་རབ་སྤང་ནས།།ཀུན་ལ་དག་སྣང་ཕྱོགས་མེད་འབྱོང་པར་ཤོག། མགོན་པོ་གང་གི་ཉེ་གནས་ཆོས་མིང་བསྟན་མཁྱེན་ནས་བཤུས་པའོ། ། །།
                                                                                 
 
·རྩོམ་ཡིག་གོང་མ:ཁམས་ནགས་ཤོད་འབྲི་རུའི་མཛའ་གླུ།
·རྩོམ་ཡིག་འོག་མ:ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྣམ་ཐར་རྗེས་དྲན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ཡང་སྤྲུལ་དེ་ཉིད་གསལ་བྱེད། 2011/2/23 17:35:50
·ཀ་རྩོམ་གསོལ་འདེབས་བཞུགས། 2010/3/20 12:43:09
·དབྱངས་ཅན་བསྟོད་པ་རྒྱ་མཚོ་མ། 2010/1/30 11:45:32
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 19:12:44 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:26:53 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 12:35:18 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS