ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔེ་ཀློག
 རྩོམ་ཡིག་ཀློག་པ།

༢༠༡༠ལོའི་དཔེ་ཀློག་འཚོ་བར་ཕྱིར་མིག་ཙམ་བལྟ་བ།

  རྩོམ་པ་པོ:རྩམ་པ།ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།གཟིགས་གྲངས:2764ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/5 21:05:16ཚོགས་ཡར་སྤྲོད:admin
༢༠༡༠ལོའི་དཔེ་ཀློག་འཚོ་བར་ཕྱིར་མིག་ཙམ་བལྟ་བ།
 
རྩམ་པ།

      བོ་ནི་ཇ་ཁ་ཆང་ཁ་དང་འདུ་འཛིའི་ཁྲོམ་སྲང་ཉུལ་ནས་འདུག་པ་ལས་དཔེ་དེབ་སྣ་ཚོགས་ཀྱི་གསེང་དུ་འཛུལ་སྟེ་བསམ་པའི་རྒྱགས་ཕྱེ་འཚོལ་བར་མོས་པ་ཞིག་ཡིན་ལ། སྤྱི་ཚོགས་ཀྱི་ལས་གནས་སུ་ཞུགས་རྗེས་ཀྱང་བྱ་བའི་བྲེལ་འཚུབ་སོགས་ཀྱི་དབང་གིས་སློབ་ཆེན་སྐབས་ལྟར་སེམས་པ་བག་ལ་ཕབ་ནས་དུས་རྟག་ཏུ་དཔེ་དེབ་བཀླག་རྒྱུའི་གོ་སྐབས་ནི་དབེན་ཡང་། ཁོམ་གསེང་དུ་དཔེ་དེབ་དང་འབྲེལ་འདྲིས་བྱ་རྒྱུ་ནམ་ཡང་ལྷོད་མ་མྱོང་།  ལྷག་པར་དུ་དགེ་རྒན་ཞེས་པའི་སྐྱིད་ལ་སྡུག་ཅིང་། ཉམ་ཆུང་ལ་གཟི་བརྗིད་ཆེ་བའི་མིང་བྱང་འདི་འཁུར་མཁན་ཞིག་གི་ཆས་སུ་ཞུགས་པ་ནས་བཟུང་སློབ་ཁྲིད་ཀྱི་གྲ་སྒྲིག་གི་ཕྱིར་དུའང་ཉིན་རེར་དཔེ་དེབ་དང་འབྲེལ་བ་མི་བྱེད་ཐབས་མེད་གྱུར་ཀྱང་། བལྟོས་བཅས་ཀྱིས་བཤད་ན་དཔེ་ཆར་བལྟ་རྒྱུའི་ཁ་ཕྱོགས་ཀྱང་ཆེད་ལས་རང་བཞིན་ཅན་དུ་གྱུར་ཞིང་དགའ་ཕྱོགས་ལྟར་བལྟས་པའི་ཐེངས་གྲངས་ཅུང་ཉུང་དུ་ཕྱིན་སོང་། དེ་ལྟར་ཡིན་ནའང་སྐད་ཡིག་དགེ་རྒན་ཞིག་ཡིན་ཚེ་ངེས་པར་དུ་སྣ་ཚོགས་སྨྲ་བ་ཞིག་ཡིན་དགོས་པའི་རེ་འདུན་ལྟར་ཁོ་བོས་འདས་ཟིན་པའི་སྤྱི་ལོ༢༠༡༠ལོར་ཡང་སློབ་ཁྲིད་དང་སློབ་མའི་བདག་དམ་གྱི་བར་གསེང་གང་རུང་ནས་དཔེ་དེབ་འགའ་རེར་བལྟས་པ་དེ་ལས་རང་ཉིད་ལ་བཞག་པའི་བག་ཆགས་ཟབ་ལ་བློ་བསྐྱེད་མི་དམན་པ་ཐོབ་པའི་དཔེ་དེབ་སྐོར་ཞིག་མཚམས་སྦྱོར་དང་ཕྱོགས་སྡོམ་གྱི་ཚུལ་དུ་ཅུང་ཟད་སྨྲ་བ་ལ།
གཅིག དགེ་རྒན་བྱས་ན་དཀའ་ཞིང་བཟང་།》(《做老师真难,真好》钱理群 著 华东师范大学出版社 2009年8月)
པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་པོ་དང་མཁས་པ་གྲགས་ཅན་ཆན་ལི་ཁྱུང་གིས་བརྩམས་པའི་དེབ་འདི་ཉིད་ས་བཅད་གསུམ་དུ་བགོས་ཏེ་ཀྲུང་གོའི་སློབ་གསོའི་གནད་དོན་ལ་དཔྱད་ཞིབ་བྱས་ཡོད་ལ། ས་བཅད་དང་བོ་རུ་ཀྲུང་གོའི་སློབ་གསོའི་སྒྲིག་གཞི་དང་ལམ་ལུགས་འོག་རྒྱུགས་བསྟུན་སློབ་གསོའི་ལམ་ལུགས་ཀྱིས་དགེ་རྒན་དང་སློབ་མ་ཚང་མར་མི་འདོད་པའི་སེམས་ནད་གང་མང་ཞིག་བསྐྱེད་ཀྱི་ཡོད་པ་དང་། ཀྲུང་གོའི་སློབ་གསོའི་གནད་དོན་ཆེ་ཤོས་ནི་སློབ་མའི་ཤེས་བྱ་དང་རྩལ་ནུས་གསོ་སྐྱོང་བྱ་རྒྱུ་གཙོ་བོར་བཞག་སྟེ་སློབ་མར་བདེ་ཐང་གི་སེམས་ཁམས་སྐྱེད་སྲིང་བྱ་རྒྱུར་སྣང་མེད་དུ་བཞག་པ་དེ་ཡིན་པས། གནད་དོན་དེ་ལ་ གདོང་ཅི་ལྟར་གཏད་དགོས་པའི་སྐོར། དེ་མིན། སློབ་གསོའི་མཐར་ཐུག་གི་དམིགས་ཡུལ་ནི་སློབ་མའི་ཁེར་ཚུགས་ཀྱི་བསམ་བློ་དང་མི་གཞི་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་པས། དགེ་རྒན་ལ་དེ་འབྲེལ་གྱི་གཞི་རྩའི་བློ་སྦྱོང་ངེས་ཅན་ལྡན་དགོས་རྒྱུ། གཞན། སྐད་ཡིག་སློབ་གསོའི་སྐོར་གླེང་སྐབས།  སྐད་ཡིག་དགེ་རྒན་ཞིག་ཡིན་ཕྱིན་བསམ་བློ་བ་ཞིག་དང་། སྣ་ཚོགས་སྨྲ་བ་ཞིག ཆེས་གཅེས་སུ་འོས་པ་ཞིག་ཡིན་དགོས་པའི་བླང་བྱ་བཏོན་ཡོད། ས་བཅད་གཉིས་པར་དམངས་ཁྲོད་སློབ་གསོའི་ཚོད་ལྟ་དང་ཞིང་གྲོང་སློབ་གསོའི་སྐོར་གླེང་ཡོད་ལ། དེ་རུ་གཙོ་བོ་སློབ་གསོ་འདྲ་མཉམ་གྱི་སྐོར་དང་། སློབ་གསོའི་ཐོན་ཁུངས་དང་སྒྲིག་གཞི་ལེགས་བཅོས་ཀྱི་དགོས་གལ་རང་བཞིན་སྐོར་བརྗོད་ཡོད་དེ། གྲོང་ཁྱེར་གྱི་ལས་ཀ་བའི་བུ་ཕྲུག་གི་སློབ་གསོར་མཐོང་ཆེན་དང་འདྲ་མཉམ་དུ་འཛིན་དགོས་པ་དང་། ཞིང་གྲོང་གི་སློབ་གྲྭ་ཁག་གི་སློབ་གསོའི་ཆ་རྐྱེན་ལེགས་བཅོས་བྱ་དགོས་པ་སོགས་ཀྱི་གནད་དོན་བཏོན་ཡོད། ས་བཅད་གསུམ་པར་རྩོམ་པ་བོས་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་མང་བོར་འཕྲིན་ཡིག་གཏོང་རེས་བྱས་ཏེ་སློབ་གསོའི་ཐད་བསམ་བློ་བརྗེ་རེས་བྱས་པའི་གནས་ཚུལ་བཀོད་ཡོད་ཅིང་། ཚན་པ་དེ་དག་བཀླགས་རྗེས་ཁོ་བོ་སློབ་གསོ་བ་ཆན་ལི་ཁྱུང་ལ་སྙིང་ཁོང་རུས་པའི་གཏིང་ནས་དགའ་ཞེན་ཞིག་སྐྱེས་པའི་མུར། ཁོའི་སློབ་གསོའི་དགོངས་པ་དང་། མི་གཞིའི་མཛེས་པ། སློབ་གསོའི་སྙིང་སྟོབས་བཅས་ལ་སེམས་ནས་ཡི་རང་ཚད་མེད་སྐྱེས་བྱུང་ལ། མདོར་ན། ཆན་ལི་ཁྱུང་གི་དཔེ་ཆ་དག་བཀླགས་ཐེངས་རེར་ཁོ་བོར་ནམ་ཡང་སྙིང་སྟོབས་དང་སྤོབས་པ། སེམས་ཤུགས་ཚད་མེད་ཅིག་སྦྱིན་པར་བྱེད་པས། སློབ་གསོའི་ལས་རིགས་འདིར་ལྷག་པར་དུངས་ཞེན་ཞིག་སྐྱེས་བྱུང་། དེབ་འདི་མ་བཀླག་པའི་སྔོན་དུ་ཁོ་བོས་ཆན་ལི་ཁྱུང་གི་《致青年朋友》《我的教师梦》《我的精神自传》སོགས་ཀྱང་བཀླགས་པ་ཡིན་ལ། དེབ་དེ་དག་གིས་ཀྱང་ཁོ་བོར་བློ་བསྐྱེད་ཆེན་པོ་སྟེར་བྱུང་ཞིང་། སློབ་གསོའི་ལས་ཀ་གཉེར་མཁན་ཞིག་ཡིན་ཕྱིན་ཅིས་ཀྱང་བལྟ་རིན་ཡོད་པ་ཞིག་ཏུ་སྙམ་མོ།།
གཉིས།འཛིན་གྲྭའི་གཙོ་བདག་གི་བདག་དམ་བྱ་བའི་སྒྱུ་རྩལ》(《班主任班级管理的艺术》)
མི་མང་བོ་ཞིག་གི་བག་ཆགས་སུ། འཛིན་གྲྭའི་གཙོ་བདག་བྱ་རྒྱུ་ནི་ཚེགས་ཆེ་བའི་ལས་ཤིག་ཡིན་པ་དེ་ཁོ་ན་མ་གཏོགས་ལས་ཀ་དེ་བསྒྲུབ་པར་ད་དུང་ཐབས་དང་ཤེས་རབ་ཀྱིས་འདང་མིན་ཐད་བསམ་བློ་ཆེར་གཏོང་གི་མེད་པ་འདྲ་སྟེ། ཁོ་བོ་ཡང་ལས་ཀ་འདིར་ཐོག་མར་འཇུག་སྐབས་རང་ཉིད་ཀྱི་ཐབས་ཤེས་ཀྱིས་འདང་མིན་ཐད་བསམ་བློ་ཆེར་མ་བཏང་། ཡིན་ཡང་། 《འཛིན་གྲྭའི་གཙོ་བདག་གི་བདག་དམ་བྱ་བའི་སྒྱུ་རྩལ》ཞེས་པའི་དེབ་དེར་བལྟས་རྗེས་ད་གཟོད་སྔར་གྱི་འདུ་ཤེས་འཛིན་སྟངས་ལ་རྦད་དེ་འགྱུར་ལྡོག་བྱུང་ཞིང་། འཛིན་གྲྭའི་གཙོ་བདག་གི་བྱ་བ་ནི་ཚེགས་ཆེ་བ་ཙམ་མ་ཡིན་པར་ལས་དེ་བསྒྲུབ་པར་གཞུང་ལུགས་ཀྱི་ཐད་དུ་འང་བསླབ་དགོས་པ་མང་བོ་ཞིག་བདོག་སྟེ། འཛིན་གྲྭའི་སྒྲིག་ཡིག་འཛུགས་སྟངས་ནས་གཞུང་དངུལ་བདག་དམ་བྱ་ཐབས་དང་། འདུག་ས་བཀོད་སྒྲིག་བྱ་ཐབས་ནས་སློབ་ཁང་ནང་གི་མཛེས་ཆས་བཀོད་སྒྲིག་བྱ་ཐབས། སློབ་མའི་གནས་ཚུལ་རྒྱུས་ལོན་བྱ་ཐབས་ནས་དགེ་རྒན་རང་ཉིད་ཀྱི་བསམ་སྤྱོད་གཅུན་སྟངས། གཙང་སྦྲ་དང་སྒྲིག་ལམ་ལ་གོམས་གཤིས་ཡག་པོ་ཞིག་ཆགས་སུ་འཇུག་ཐབས་ནས་སློབ་མའི་སློབ་སྦྱོང་གི་སུན་སྣང་སེལ་ཐབས། སློབ་མའི་རང་རྟོགས་རང་བཞིན་གསོ་སྐྱོང་བྱ་ཐབས་ནས་རང་གཅུན་གྱི་གོམས་གཤིས་ཆགས་སྟངས་བར་གྱི་དོན་དག་ཆེ་ཆུང་ཕྲ་རགས་གང་གི་ཐད་དུའང་སྒྱུ་རྩལ་སྟེ་ཐབས་ལམ་ཡང་དག་ཅིག་ལྡན་དགོས་པའི་སློབ་གསོ་དང་ངེས་ཤེས་ཟབ་མོ་ཞིག་སྐྱེས་བྱུང་ལ། རང་ཉིད་ཀྱི་ལོ་ངོ་གཉིས་ལྷག་གི་འཛིན་གྲྭའི་བདག་དམ་བྱ་བར་ཕྱིར་རྟོག་ཅིག་བྱས་ཚེ། ཡོད་ཚད་ལམ་ལྷོངས་འབྱུང་གི་མེད་པའི་རྒྱུ་རྐྱེན་གང་ཡིན་གྱི་ལན་གསལ་བོ་ཞིག་རྙེད་བྱུང་ལ། ད་ནས་གསར་དུ་མགོ་བརྩམ་ཚེ་འདི་ལྟར་བྱས་ན་འགྲིག་ཨང་སྙམ་པའི་སྟོང་བསམ་ཞིག་དང་འཆར་གཞི་ཞིག་ཀྱང་ངང་གིས་སྐྱེས་བྱུང་། དེར་བརྟེན། དགེ་རྒན་གྱི་ལས་ཀ་གཉེར་མཁན་ཞིག་ཡིན་ཚེ་སློབ་གསོ་དང་འབྲེལ་བའི་དཔེ་དེབ་ཅི་རིགས་ལ་བལྟས་ཏེ་རང་ཉིད་ཀྱི་ལས་རིགས་བློ་སྦྱོང་གོང་མཐོར་གཏོང་རྒྱུ་ནི་ལས་ཀ་ལེགས་འགྲུབ་ཡོང་རྒྱུའི་གནད་འགག་གལ་ཆེན་ཞིག་རེད་སྙམ།
གསུམ།《འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ།》
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བརྩམས་ཏེ་༢༠༡༠ལོར་འགྲེམ་སྤེལ་བྱས་པའི་དེབ་འདི་ནི་བོད་ཀྱི་རིག་གནས་པའི་སྡེ་རུ་གདེང་འཇོག་ཅུང་མཐོ་བའི་དེབ་ཅིག་རེད་ལ། དེབ་འདིར་ཁ་བྱང་དུ་བསྟན་པ་ལྟར་འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་སྤྱི་དང་། ལྷག་པར་དུ་སྐད་ཡིག་འཆི་བའི་རྒྱུ་རྐྱེན་ཕྱི་ནང་གཉིས་སུ་དབྱེ་སྟེ་བརྗོད་ཡོད་པ་འདི་ལྟ་སྟེ། སྐད་ཡིག་འཆི་བའི་རྒྱུ་རྐྱེན་ལས་ཕྱི་ཡི་རྒྱུ་རྐྱེན་ལ་ཆབ་སྲིད་ཀྱི་རྒྱུ་རྐྱེན་དང་། དཔལ་འབྱོར་གྱི་རྒྱུ་རྐྱེན། རིག་གནས་ཀྱི་རྒྱུ་རྐྱེན། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་བཅས་ཡོད་པ་ལས། ཆབ་སྲིད་ཀྱི་རྒྱུ་རྐྱེན་ནི་དབང་བསྒྱུར་བའི་དགོས་མཁོ་ལྟར་སྐད་ཡིག་མེད་པར་གཏོང་བ་དང་། རིག་གནས་ཀྱི་རྒྱུ་རྐྱེན་ནི་གཞན་གྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེ་བ་ལས་རང་གི་སྐད་ཡིག་ཉམས་པ། དཔལ་འབྱོར་གྱི་རྒྱུ་རྐྱེན་ནི་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་ནས་རང་སྐད་རང་ཡིག་རིམ་གྱིས་དོར་བ། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་ནི་མི་རིགས་གཞན་དང་འདྲེས་སྡོད་དང་། མི་རིགས་གཞན་དང་གཉེན་འབྲེལ། རང་གི་སྐད་ཡིག་བརྗོད་རྒྱུའི་ཁོར་ཡུག་ཇེ་ཆུང་དུ་འགྲོ་བ་སོགས་ཀྱི་རྐྱེན་གྱིས་སྐད་ཡིག་ཉམས་པ་བཅས་ཡིན་ལ། ཕྱི་ཡི་རྒྱུ་རྐྱེན་འདི་དག་གི་དབང་གིས་ནང་གི་རྒྱུ་རྐྱེན་ཏེ། འདུ་ཤེས་འགྱུར་འགྲོ་ཞིང་། རིགས་ཀྱི་འདུ་ཤེས་འགྱུར་ཚར་དུས་ད་གཟོད་སྐད་ཡིག་ཀྱང་རང་བཞིན་གྱིས་ཉམས་འགྲོ་བའི་གནས་ཚུལ་དཔེ་དང་རིགས་པར་བརྟེན་ནས་བསྒྲུབ་ཡོད་ལ། རང་རེའི་བོད་ཀྱི་སྐད་ཡིག་གི་གནས་བབ་དང་སྦྱར་ནས་བརྗོད་ཚེ་རང་རེའི་སྐད་ཡིག་འདིར་ཡང་འཆི་བའི་སྔ་ལྟས་དུ་མ་ཞིག་མངོན་ཡོང་གི་འདུག་པས། སྣུམ་ཟད་ཀྱི་མར་མེ་ལྟར་འཇིག་པའི་ཉེན་ཁར་ཐུག་བཞིན་པའི་འུ་ཅག་བོད་ཀྱི་སྐད་ཡིག་ལ་ཉེན་བརྡ་ཚབས་ཆེན་ཞིག་བཏང་འདུག་ཅིང་། འཆི་བ་ལས་སྐྱོབ་པའི་ཐབས་ལམ་དུ་རང་རེའི་བོད་ཀྱི་སྐད་ཡིག་འདི་ཅི་ལྟར་མི་ཉམས་གོང་འཕེལ་དུ་གཏོང་དགོས་པར་བསླབ་བྱ་རྨད་དུ་བྱུང་བ་ཞིག་གནང་ཡོད་པས། བོད་ཀྱི་སྐད་ཡིག་རིག་གནས་ལ་དོ་ཁུར་བྱེད་བཞིན་པའི་མི་ཞིག་ཡིན་ཕྱིན་དེབ་འདིས་ང་ཚོར་སྐད་ཡིག་གི་ཉམས་ཉེན་དང་སྐྱོབ་ཐབས་ཐད་སྣེ་སྟོན་ལེགས་པོ་ཞིག་བྱས་འདུག་སྙམ། སྐད་ཡིག་ཉམས་ཚེ་གནོད་ཚབས་ཅི་ཞིག་ཡོད་པའི་ཐད་རྩོམ་པ་བོས་འདི་ལྟར་བརྗོད་ཡོད་དེ། ཕ་སྐད་ནུབ་ཅིང་རིག་གནས་བརླགས་ཟིན་པའི་ཤུལ་ན་ལུས་པའི་མི་རྣམས་ནི་ཕ་མ་སུ་ཡིན་མི་ཤེས་པའི་དྭ་ཕྲུག་ལྟ་བུ་རེད་ཅེས་བརྗོད་པ་ནི་དངོས་གནས་དོན་ལ་འཁུམས་པ་ཞིག་རེད་འདོད།
བཞི།གནའ་བོའི་ཧྲུའུ་མིའི་འབྱུང་ཁུངས་ཀྱི་མཐིལ་བརྟོལ་བ།》(《揭秘古蜀人的渊源---三星堆、金沙遗址与藏族文明》德荣泽仁邓珠 四川出版集团 2010年5月)
བོད་ཀྱི་ལོ་རྒྱུས་མཁས་པ་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་དེབ་འདིའི་ནང་དུ། རྩོམ་པ་བོས་གནའ་རྫས་རྟོག་ཞིབ་བྱས་པའི་ཐོན་དངོས་དང་བོད་རྒྱ་གཉིས་ཀྱི་དཔྱད་གཞིའི་ཡིག་ཚང་། བོད་ཀྱི་མེས་པོ་རྣམས་གནས་སྤོས་པའི་དུས་དང་ལམ་ཐིག དེ་མིན་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་བཅས་ལ་བརྟེན་ཞིང་། ཟུར་མི་འདྲ་བ་དང་། རིམ་པ་མི་འདྲ་བ། རིག་ཚན་མི་འདྲ་བ་བཅས་ཀྱི་སྒོ་ནས་སི་ཁྲོན་ཀོང་ཧན་ས་ཆའི་སན་ཞིན་ཏེ་དང་ཁྲི་འདུའི་ཅིན་ཧྲ་གནའ་ཤུལ་བཅས་དང་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་བར་བསྡུར་དཔྱད་ཞིབ་འཇུག་མཛད་དེ། སི་ཁྲོན་བདེ་ཐང་དུ་འཚོ་མྱོང་བའི་གནའ་བོའི་ཧྲུའུ་མིའི་(古蜀人)ཡོང་ཁུངས་ནི་ནུབ་བྱང་འབྲི་ཆུའི་མགོ་ཁུངས་ཀྱི་བྱང་མི་(古羌人)སྟེ། བོད་ཀྱི་རུས་ཆེན་བཞིའི་ཁྲོད་ཀྱི་ལྡོང་གི་རུས་རྒྱུད་ཀྱི་ནང་ཚན་ཞིག་ཡིན་པ་དང་། སན་ཞིན་ཏེ་དང་ཅིན་ཧྲ་ནས་ཐོན་པའི་གནའ་རྫས་དེ་དག་དང་བོད་ཀྱི་ས་ཁུལ་གཞན་དག་ནས་བྱུང་བའི་གནའ་རྫས་ཁྲོད་ཀྱི་དུས་མཉམ་དང་རིགས་འདྲ་བའི་ཐོན་དངོས་དག་བསྡུར་བའི་སྒོ་ནས་ཞིབ་འཇུག་བྱས་རྗེས། སན་ཞིན་ཏེ་དང་ཅིན་ཧྲ་རིག་གནས་ཁྲོད་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཧ་ཅང་མང་བས། བོད་ཀྱི་མེས་པོ་དག་ནི་སན་ཞིན་ཏེ་དང་ཅིན་ཧྲ་རིག་གནས་ཀྱི་གསར་གཏོད་པའི་གྲས་ཀྱི་གཅིག་ཡིན་པ། དེ་མིན། ཀྲུང་གོའི་རིག་གནས་ནི་ཀྲུང་གོའི་ས་གཞི་ཆེན་པོའི་ཐོག་གི་མི་རིགས་སོ་སོས་ཐུན་མོང་གིས་གསར་བསྐྲུན་མཛད་པ་ཞིག་ཡིན་པ་དང་། བོད་ཀྱི་རིག་གནས་ནི་ཀྲུང་གོའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་རིགས་ཀྱིས་རྒྱ་ནག་གི་རིག་གནས་གྲུབ་པར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པས། ང་ཚོས་ཀྲུང་གོའི་རིག་གནས་ཀྱི་ཁུངས་རྒྱ་ནག་ཡིན་པ་དང་ཀྲུང་གོའི་རིག་གནས་ཟེར་བ་རྒྱ་ནག་གི་རིག་གནས་ལ་གོ་བའི་སྲོལ་རྒྱུན་གྱི་ལྟ་བའི་བཀག་རྒྱ་གཏོར་ཏེ་ལོ་རྒྱུས་ལ་ཕྱིར་རྟོག་མཛད་དགོས་པའི་དགོངས་པ་བཏོན་ཡོད། དེ་མ་ཟད། བོད་ཀྱི་རིག་གནས་ཀྱི་གྲུབ་སྟངས་ཀྱི་ཐད་ནས། ཡར་ཀླུང་ཁོག་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་ཡུལ་ཡིན་པ་དང་། མཚོ་སྔོན་གྱི་གཙང་གསུམ་མགོ་ཁུངས་ས་ཆ་དེ་ནི་བོད་ཀྱི་རིག་གནས་ཤར་ཕྱོགས་སུ་མཆེད་པའི་འདུས་མདོ་ཡིན་པ། ཁྲི་འདུ་བདེ་ཐང་ནི་བོད་ཀྱི་རིག་གནས་ལྷོ་ཕྱོགས་སུ་མཆེད་པའི་མཚར་སྡུག་གི་གནས་ཡུལ་ཡིན་པའི་ལྟ་བ་གསར་བ་བཏོན་ཡོད།
ལྔ། སྐད་ཡིག་གསར་བའི་ཀློག་དེབ།》(《新语文读本》广西教育出版社  钱理群 王尚文主编)
དཔེ་ཚོགས་འདི་ནི་པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཆན་ལི་ཁྱུང་སོགས་མཁས་པ་དུ་མས་གཙོ་ཁྲིད་བྱས་ཏེ་ཆེད་དུ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་སློབ་ཕྱིའི་ལྟ་ཀློག་ལ་དམིགས་ཏེ་བསྒྲིགས་པ་ཞིག་རེད་ལ། སྤྱི་ལོ༢༠༠༡ལོར་དངོས་སུ་དཔར་བསྐྲུན་བྱས་པ་ནས་ད་བར་དུ་དཔར་ཐེངས་༢༣བྱས་མྱོང་བ་དང་།  དཔེ་ཚོགས་འདིར་བསྡོམས་པས་དེབ་༢༤ཡོད་ལ། དེ་ལས་སློབ་ཆུང་གི་སྐོར་ལ་དེབ་བཅུ་གཉིས་དང་། དམའ་འབྲིང་གི་སྐོར་ལ་དེབ་དྲུག  མཐོ་འབྲིང་གི་སྐོར་ལ་ཡང་དེབ་དྲུག་བཅས་ཡོད། བསྒྲིགས་སྟངས་ཀྱི་ཐད་སློབ་མའི་ན་ཚོད་དང་རིག་སྟོབས་ཀྱི་ཆེ་ཆུང་ལྟར་འཛམ་གླིང་གི་རྩོམ་ཡིག་གྲགས་ཅན་དང་ཀྲུང་གོའི་རྩོམ་ཡིག་གྲགས་ཅན་གྱིས་གྲུབ་ཡོད་པས། ཆན་ལི་ཁྱུང་ཁོ་རང་གིས་གསུངས་པ་ལྟར་ཆེས་ལེགས་པའི་བསམ་པའི་རྒྱགས་ཕྱེ་དག་ན་ཆུང་སློབ་མ་དག་ལ་མཁོ་སྤྲོད་བྱས་འདུག་པས་སྤྱི་ཚོགས་སུའང་གདེང་འཇོག་ཚད་མཐོན་པོ་བྱེད་ཀྱི་འདུག དཔེར་ན། སྐད་ཡིག་སློབ་གསོའི་ཆེད་རམས་པ་རོ་རྗེ་ཐིན་གྱིས་བརྗོད་པར། ལྔ་བཞིའི་རྗེས་ཀྱི་ཆེས་ལེགས་པའི་མི་ཆོས་བློ་འབྱེད་ཀྱི་ཀློག་དེབ་རིགས་གཉིས་ཡོད་དེ། ༡༩༤༩ལོའི་སྔོན་གྱི་ཆེས་ལེགས་པ་ནི་གསར་བསྒྲིགས་རྒྱལ་ཡིག་ཀློག་དེབ་》(新编国语读本)ཅེས་པ་དང་། ༡༩༤༩ལོའི་རྗེས་ཀྱི་ཆེས་ལེགས་པ་ནི་《སྐད་ཡིག་གསར་བའི་ཀློག་དེབ་》རེད་ཅེས་གདེང་འཇོག་མཛད་ཡོད། ཁོ་བོས་ཆན་ལི་ཁྱུང་གི་བརྩམས་དེབ་ཅིག་ལས་ཐོག་མར་དེབ་འདི་ངོ་ཤེས་པ་ཡིན་ལ། རྗེས་སུ་དྲ་ཐོག་སོགས་ནས་གདེང་འཇོག་མཐོན་པོ་བྱེད་ཀྱི་ཡོད་པ་མཐོང་བས་དེབ་དེ་དག་ཉོ་འདོད་ཀྱི་འདུན་པ་དྲག་པོ་ཞིག་སྐྱེས་པའི་མུར་ཐོག་མར་ཏང་ཏང་དྲ་བ་ནས་མཐོ་འབྲིང་གི་སྐོར་གྱི་དེབ་དྲུག་པོ་དེ་ཉོས་པ་ཡིན། སྤྱིར་ཀློག་དེབ་འདི་དག་ནི་སློབ་གྲྭ་ཆུང་འབྲིང་གི་སློབ་མར་དམིགས་ནས་བསྒྲིགས་པ་ཞིག་རེད་མོད། ཁོ་བོས་མཐོ་འབྲིང་སྐོར་གྱི་དེབ་དེ་དག་ལས་ཁོམ་སྐབས་སུ་རྩོམ་ཡིག་རེ་འགའ་བཀླགས་ཀྱིན་བཀླགས་ཀྱིན་འཛམ་གླིང་གི་ཆེས་ལེགས་པའི་བསམ་པའི་རྒྱགས་ཕྱེ་དག་དངོས་གནས་འདིར་གཅིག་ཏུ་བསྡུས་འདུག་སྙམ་པའི་ཚོར་བ་ཞིག་ཀུན་ནས་བསླངས་ཤིང་། བོད་སྐད་ཡིག་སློབ་ཁྲིད་བྱ་མཁན་གྱི་དགེ་རྒན་ཞིག་གི་ངོས་ནས་བརྗོད་ཚེ་ལྷག་པར་ཀློག་རིན་ལྡན་པ་ཞིག་རེད་སྙམ་ནས། ༢༠༡༠ལོའི་ལོ་མགོར་སློབ་ཆུང་དང་དམའ་འབྲིང་སྐོར་གྱི་དེབ་བཅོ་བརྒྱད་པོ་དེའང་སྡེབ་གཅིག་ཏུ་ཉོས་པ་ཡིན། དེབ་དེ་དག་ནི་ཁོ་བོའི་བསམ་པའི་འཚོ་བའི་ལོངས་སྤྱོད་ཅིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ། སྐབས་སྐབས་སུ་སློབ་ཆུང་ལོ་རིམ་དང་བོའི་ཀློག་བྱ་དེ་དག་གི་ཁྲོད་ནའང་རང་ཉིད་ཀྱི་བསམ་བློ་ཡར་བསྐྱེད་ལ་སྨན་པའི་བླང་བྱ་ཤིན་ཏུ་མང་བས། སྐད་ཡིག་སློབ་གསོ་གཉེར་མཁན་གྱི་དགེ་རྒན་དང་སློབ་མ་དག་གིས་ཅིས་ཀྱང་བལྟ་འོས་པའི་སློབ་ཕྱིའི་ཀློག་དེབ་ཧ་ཅང་ལེགས་པོ་ཞིག་ཏུ་མཐོང་ངོ་།།
མི་རིགས་གཞན་ལ་བསླབ་དེབ་ལས་གཞན་ད་དུང་འདི་ལྟ་བུའི་སློབ་ཕྱིའི་ཀློག་དེབ་ཕུན་སུམ་ཚོགས་པ་ཡོད་ཀྱང་། རང་རེར་ད་སྔ་བར་དུ་དེ་ལྟ་བུའི་ཀློག་དེབ་གཅིག་ཀྱང་མེད་པའི་ཚོད་དུ་གདའ་བས། འུ་ཅག་གི་སློབ་མ་ཚོའི་བསམ་གཞིགས་དང་་རིག་སྟོབས་ཀྱི་ནུས་པ། མཐོང་ཐོས་སོགས་ཀྱང་གཞན་ལས་ལྡབ་འགྱུར་གྱིས་རྗེས་སུ་ལུས་ཡོད་པའི་སྣང་ཚུལ་མངོན་གསལ་དུ་མཐོང་བ་དེའི་རྒྱུ་རྐྱེན་ཡང་སློབ་མ་ཚོར་བསམ་པའི་རྒྱགས་ཕྱེ་ཡིས་དབུལ་བས་ལོས་ཡིན་སྙམ། རྐྱེན་དེ་འདྲ་ཞིག་གིས་སྐུལ་ཏེ་༢༠༡༠ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་《བློ་འབྱེད་ཀློག་དེབ་དཔེ་ཚོགས།》ཞེས་པའི་པོད་གསུམ་གྱི་བདག་ཉིད་ཅན་གྱི་ཀློག་དེབ་ཅིག་བསྒྲིགས་པ་དེ་ནི་རང་རེའི་བོད་ཀྱི་སློབ་ཕྱིའི་ཀློག་དེབ་ཐོག་མ་དེར་བཞག་ཆོག་ལ་ལོ་རྒྱུས་ཀྱི་དོན་སྙིང་ཤིན་ཏུ་ཆེ། དེའི་སྐོར་གཤམ་ནས་ངོ་སྤྲོད་བྱ་འགྱུར་དུ་བཞག་ཡོད།
དྲུག བློ་འབྱེད་ཀློག་དེབ་དཔེ་ཚོགས།》(《ན་གཞོན་རབ་བྱེད།》《བྱིས་པའི་རབ་བྱེད།《གཞོན་ནུའི་རབ་བྱེད།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས། ༢༠༡༠ལོའི་ཟླ༤བར་དཔར།)
      མེ་ལྕེ་དང་ཉི་གཞོན། བདུད་ལྷ་རྒྱལ་སོགས་ཀྱིས་བསྒྲིགས་པའི་དཔེ་ཚོགས་འདི་ལ་བསྡོམས་པས་པོད་གསུམ་ཡོད་ལ། དེ་ལས་《བྱིས་པའི་རབ་བྱེད།》ནི་སློབ་ཆུང་དང་དམའ་འབྲིང་གི་སློབ་མར་ཤིན་ཏུ་འཚམ་སྟེ། དེ་རུ་བོད་ཀྱི་སྲིད་པ་ཆགས་གླུ་དང་། བོད་མི་བྱུང་ཚུལ། བོད་ཀྱི་རླབས་ཆེན་གྱི་མི་སྣ་ངོ་སྤྲོད། བོད་མིའི་འཚོ་བའི་སྐོར་གྱི་རྒྱུན་ཤེས། བོད་ཀྱི་དམངས་ཁྲོད་གླུ་དང་ཁ་ཤགས། གཏམ་དཔེ། ཁེད་སོགས་ཀྱི་རིག་རྩལ་ཕུན་སུམ་ཚོགས་པ་བྱིས་པའི་རིག་སྟོབས་འཕེལ་བར་སྨན་པའི་སྲོལ་རྒྱུན་གྱི་བརྩམས་ཆོས་ལེགས་གྲས་དག་བདམས་ཏེ་བསྒྲིགས་ཡོད། ད་ལྟ་འུ་ཅག་གི་བོད་པའི་བྱིས་པ་ཚོ་ཆུང་དུས་ནས་ལག་ཆགས་སའི་ཁོར་ཡུག་དེ་རིམ་བཞིན་གྲོང་ཁྱེར་དུ་གྱུར་དང་འགྱུར་བཞིན་ཡོད་ལ། བོད་པའི་རིག་གནས་ཀྱི་རྐང་མར་དག་ཁོ་ཚོ་དང་ཁད་ཇེ་རིང་དུ་འགྲོ་བཞིན་ཡོད་པས་འདི་ལྟ་བུའི་ཀློག་དེབ་ལ་བརྟེན་ནས་ཁོ་ཚོའི་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་རིག་གནས་ལ་དགའ་བའི་བསམ་པ་སྐྱེད་སྲིང་བྱ་ཐུབ་ན་ཤིན་ཏུ་ལེགས་སྙམ།《ན་གཞོན་རབ་བྱེད།》དང་《གཞོན་ནུའི་རབ་བྱེད།》གཉིས་ནི་མཐོ་འབྲིང་ཡན་གྱི་སློབ་མ་དང་རིག་གནས་དོན་གཉེར་བ་དག་གིས་བཀླག་པར་འཚམ་སྟེ། དེབ་དེ་གཉིས་སུ་བསྒྱུར་རྩོམ་ཤས་ཆེ་བར་བྱས་ཏེ་བཀོད་ཡོད་པས། འུ་ཅག་བོད་པའི་རིག་གནས་པ་དག་གི་ཁྲིམས་ལུགས་ཀྱི་འདུ་ཤེས་དང་། འཇིག་རྟེན་ཡོངས་ཁྱབ་ཀྱི་རིན་ཐང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཤེས་བྱ་རང་རྒྱུད་ལ་ལེན་པར་བོད་ཡིག་གི་ལམ་ནས་ནི་ཀློག་དེབ་འདི་གཉིས་ལ་བལྟ་བ་ལས་གཞན་དུ་བཙལ་བས་རྙེད་དཀའ་འོ།།
ད་ལྟའི་ཆར་འུ་ཅག་བོད་པའི་ཤེས་ཡོན་པར་རློམ་པ་མང་ཆེ་ཤོས་སྤྱི་ཚོགས་ཀྱི་ལས་གནས་སུ་ལོག་རྗེས། ཤོ་དང་མྰ་ཅང་། ཨ་རག་བཅས་ཀྱི་ལས་ལ་གཡེང་སྟེ་ཡིད་ཀྱི་ཤེས་པ་དང་རིག་སྟོབས་ཐམས་ཅད་ཉམས་ཤིང་། རིགས་ཀྱི་སྙིང་སྟོབས་དང་འདུ་ཤེས་མཐའ་དག་བག་ལ་ཞ་བར་གྱུར་ཏེ་བག་མེད་ལོངས་སྤྱོད་དང་རུལ་སུངས་ཉམས་ཞན་གྱི་གནས་སུ་ལྷུང་བཞིན་པའི་སྣང་ཚུལ་འདི་ལོ་རེ་ནས་ལོ་རེར་ཚབས་ཆེན་དུ་འགྲོ་བཞིན་ཡོད་ལ། ཡར་བསྐྱེད་དང་ཧུར་བརྩོན་གྱི་བསམ་བློ་མངའ་བ་ཤིན་ཏུ་དཀོན། དུས་རབས་འདིའི་རྒྱལ་ཁབ་དང་མི་རིགས་ཀྱི་བདག་པོ་ནི་ན་གཞོན་དག་ཡིན་དགོས་པས་སྤྱི་ཚོགས་དང་རྒྱལ་ཁབ། མི་རིགས་དང་ས་གནས་འདི་ཉིད་ལེགས་ལམ་དུ་འགྲོ་དགོས་ན་ཐོག་མར་ཤ་དར་ཁྲག་དར་གྱི་ན་གཞོན་དག་ལ་སྙིང་སྟོབས་དང་རེ་བས་ཕྱུག་དགོས་ཤིང་། སྤོབས་པ་དང་ཡོན་ཏན་གྱིས་འབྱོར་དགོས་པས་ང་ཚོ་འདི་ལྟར་བག་མེད་ལོངས་སྤྱོད་དང་རུལ་སུངས་ནུས་མེད་དུ་ལུས་ན་ག་ལ་འགྲིག་ཨང་། དེ་བས། དུས་དང་ན་ཚོད་རྒྱན་སྐུགས་ཆང་འཐུང་གི་ལས་སུ་མི་གཏོང་བར་སེམས་ཀྱི་འཚོ་བཅུད་ལ་སྨན་པའི་དཔེ་དེབ་རེ་བཀླག་ནས་རང་གཞན་རང་བསྐྱེད་ལ་གཞོལ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་དོ།།
 
2011ལོའི་ཟླ4བའི་ཚེས4ཉིན།
·རྩོམ་ཡིག་གོང་མ:སྐར་ཆ་གང་གི་ཚོར་བ།
·རྩོམ་ཡིག་འོག་མ:ཆུང་མར་བྲིས་པའི་གཞས་ཚིག
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གནམ་འོག་གི་དོན་བཟང་རྩེ་གྲས་ནི་གང་ལྟར་དཔེ་ཀློག་ཉིད་དོ།། 2015/6/9 15:02:06
·ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་བཀླགས་པ། 2014/6/20 16:48:22
·ཀྲུང་གོ་བའི་དཔེ་དེབ་ཀློག་ཚད་འཛམ་གླིང་གི་ཉུང་ཤོས་ཡིན་པ། 2012/10/31 11:02:43
·ང་དང་༼གངས་རྒྱན་ན་ཆུང་ཚགས་པར༽ 2011/6/12 11:39:24
·བྱ་གཞུང་དབྱངས་བྷའི་༼རྩོམ་རིག་དང་མི༽ཞེས་པ་བཀླཊ་རྗེས། 2011/5/15 11:05:04
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 3:49:18 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:45:42 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:44:30 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།42.97MS