ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> ཚངས་མགུར།
རྩོམ་ཡིག་ཀློག་པ།

བརྡ་གླུ་པདྨ་གེ་སར་ཞེས་བྱ་བ། །

རྩོམ་པ་པོ:དཔལ་དགྱེས་པ་རྡོ་རྗེ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1949ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/8/8 17:32:00ཚོགས་ཡར་སྤྲོད:admin

༅། །བརྡ་གླུ་པདྨ་གེ་སར་ཞེས་བྱ་བ། །

དཔལ་དགྱེས་པ་རྡོ་རྗེ།

ན་མོ་གུ་རུ་པདྨ་ཏྰ་ར་ཡེ། །

ཨེ་མ་སྟོང་ཉིད་ལྷ་མོ། །ཝྃ་ཆེན་ཚོགས་ལ་ཕེབས་ནས། །ཟུང་འཇུག་སྒྱུ་འཕྲུལ་ལོངས་སྤྱོད། །མཉམ་རོལ་ཕྱག་རྒྱ་ངོམ་ཤོག །༢ སྐལ་བཟང་པདྨ་གེ་སར། །ཆོས་དཔལ་ཡིད་ཀྱི་དགའ་སྟོན། །བཀྲ་ཤིས་བདེ་ལེགས་རོལ་དབྱངས། །གཡུ་སྦྲང་གཤོག་པར་རང་གྲུབ། ཤར་ནུབ་རྒྱ་མཚོ་ཆེན་པོས། །ཐག་རིང་ཡུལ་གྱིས་བསྐལ་ཡང་། །བརྩེ་གདུང་དམ་ཚིག་མདུད་པ། །ནམ་ཡང་འབྲལ་བ་མི་འདུག ཐུགས་དམ་ཤེལ་གྱི་མཆོད་རྟེན། །ཕྱི་གསལ་ནང་གསལ་དག་པ། །ཡིད་མཐུན་པདྨ་གེ་སར། །སྙིང་གི་དཀྱིལ་ནས་དྲན་སོང་། ལས་ཉོན་བག་ཆགས་རྒྱུ་བ། །རླུང་ནག་དྲག་ཏུ་གཡོས་ཀྱང་། །མི་འགྱུར་རྡོ་རྗེའི་སྙིང་གཏམ། ནམ་ཡང་འགྱུར་རྒྱུ་མི་འདུག ལྷོ་ཁའི་ཞིང་གི་འབྲུ་སྔོན། །བྱང་ཐང་དགེ་བའི་བསོད་ནམས། །རབྱུང་རྟེན་འབྲེལ་འགྲིག་ན། །ནུབ་མེད་འོད་གསལ་འཆར་ཡོང་   ཉིན་སྣང་སེམས་ཀྱི་དྲན་པ། །མཚན་སྣང་རྨི་ལམ་བག་ཆགས། །སད་རྨིས་བར་དོའི་ཕྲང་ནས། །སྙིང་གྲོགས་བརྗེད་རྒྱུ་མི་འདུག   ཡ་ཀིའི་ཐང་དཀར་རྒོད་པོས། །གནམ་ཐང་བགྲོད་པ་མཐོང་ཚེ། མཇལ་འདོད་བྱམས་པའི་ཕྱོགས་ལ། །ཡིད་ཀྱི་བྱ་རྒོད་འཕུར་སོང་། མ་ཀིའི་གསེར་ཉ་བདེ་མོས། །གཙང་ཆབ་འཁྱུག་འགྲོས་མཐོང་ཚེ། །བརྩེ་དུང་འགྱུར་མེད་དམ་པ །ཞི་བདེ་ནང་ནས་འཆར་འདུག ༡༠ ཐུགས་རྒྱུད་ཤིན་དུ་བཟང་བས། །བརྩེ་གདུང་རྒྱུན་ཆད་མ་བྱུང་། །ལྷ་དང་བླ་མའི་བྱིན་རླབས། །སྙིང་གི་དཀྱིལ་དུ་སྨིན་སོང་   གོ་ལའི་འབྱུང་འགྱུར་དབང་གིས། །དཀར་གསལ་ཟླ་བའི་འཕེལ་འགྲིབ། །ལྟར་སྣང་ཡར་མར་མཐོང་ཡང། །དོན་ལ་འགྱུར་བ་མི་འདུག ཆུང་ནས་འདོད་པའི་ནོར་བུ། །ཆེ་ནས་ལག་ཏུ་ལོན་པ། །རྨི་ལམ་ནང་གི་མཇལ་འཛོམས། །རེ་འདོད་གྲུབ་པས་བདེ་སོང་ རང་སེམས་མཐུན་པའི་སྙིང་གྲོགས། །གཏན་བདེའི་འདུན་མ་བྱུང་བས། །དགོས་འདོད་འབྱུང་བའི་ནོར་བུ། །རྙེད་པ་དེ་དང་འདྲ་བྱུང་། གཞན་གྱི་སྡུག་བསྔལ་བསལ་ཕྱིར། །རྟག་ཏུ་ཕན་གྲོགས་བྱེད་པ། །བྱམས་ལྡན་པདྨ་ཏཱ་ར། །བརྩེ་ལྡན་མ་དང་འདྲ་སོང་། ། ༡༥ ཐབས་ཤེས་ཟུང་འཇུག་ཡེ་ཤེས། །བདེ་སྟོང་ལྷན་སྐྱེས་འདྲེན་པའི། །མཚན་ལྡན་པདྨ་གེ་སར། །ཕྱག་རྒྱའི་ཁབ་ཏུ་སོན་འདུག །༡༦ བཅུ་དྲུག་ལང་ཚོ་སོན་པས། ། བདེ་ཆེན་མི་འགྱུར་རྡོ་རྗེའི། །རིག་རྩལ་གློག་ཞགས་དམར་པོས། །བརྟན་གཡོ་གཅིག་ཏུ་བཟླུམ་སོང་། ། ༡༧ འཛུམ་དཀར་མུ་ཏིག་ཕྲེང་བ། །མཛེས་ཞལ་ཟླ་བ་དཀར་པོ། །པདྨའི་ཕྱག་རྒྱ་ཆེན་པོ། །ཡང་ཡང་ཡིད་ལ་འཁོར་སོང་། ། ༡༨ སྟོད་ན་གངས་དཀར་རི་བོ། །གཟི་མདངས་སྔར་ལས་ལྷག་པ། །སྙིང་གི་བརྩེ་གདུང་རི་མོ། །དམ་ཚིག་དེ་ལས་ཟབ་པ། ། ༡༩ ཀུན་རྟོག་དྲན་པའི་མེ་ལོང་། །ཡང་ཡང་བྱི་དོར་བྱས་ཀྱང་། །བརྗེད་མེད་ཡིད་ཀྱི་མེ་ཏོག །ནམ་ཡང་དོར་རྒྱུ་མི་འདུག ། ༢༠ པདྨ་གེ་སར་སྡོང་པོ། །དབྱར་དགུན་ཁྱད་པར་ཡོད་ཀྱང་། །སྙིང་གི་པདྨ་གེ་སར་། །ནམ་ཡང་རྙིང་རྒྱུ་མི་འདུག ། ༢༡ བོད་ཡུལ་དབུས་ཀྱི་པདྨ། །རང་ཡིད་འཕྲོག་པའི་ལས་དབང་། །རྒྱུ་རྐྱེན་རྟེན་འབྲེལ་འགྲིག་ན། །འཆི་ཡང་འགྱོད་པ་མི་འདུག ། ༢༢ སློབ་ཆེན་མཐར་ཕྱིན་ཁྱེད་དང་། །སློབ་ཕྲུག་དྭ་ལི་ངེད་གཉིས། །སྡོད་ས་ཤར་ནུབ་ཁ་ཁར། །འཛོམས་ས་སྒྱུ་འཕྲུལ་དྲྭ་མིག ། ༢༣ སྐྱིད་སྡུག་བཤད་སའི་སྙིང་གྲོགས། །ས་ཐག་རིང་ཐུང་མི་འདུག །སེམས་ཁུང་དུང་ཟླ་དཀར་པོ། །ནམ་ཡང་འཕེལ་གྲིབ་མི་འདུག ། ༢༤ སེམས་པ་ཁྱེད་ལ་ཤོར་ནས། །མཚན་མོའི་རྨི་ལམ་རྨིས་ནས། །ཉིན་མོ་མཇལ་དུ་མེད་ཀྱང་། །ཡིད་ཐང་ཆད་རྒྱུ་མི་འདུག །༢༥ བརྩེ་གདུང་དུང་སེམས་དཀར་པོ། །སྙིང་གི་དཀྱིལ་ནས་ཤར་བྱུང་། །མ་སྒོམ་པདྨའི་ཞལ་རས། །ཡིད་ལ་འཁོར་འཁོར་བྱས་བྱུང་། ། ༢༦ ན་ནིང་འཕྲད་པའི་སྙིང་གྲོགས། །ད་ལོ་འབྲལ་དགོས་བྱུང་ན། །རང་ལུས་སྐྱ་མོ་གྲུ་བཞི། །མི་འདོད་གཡུག་དགོས་བསམ་ཡོད། ། ༢༧ བདེན་གཉིས་མཁྱེན་པའི་ཤེས་རབ་། །ངེས་ཤེས་རིན་ཆེན་སྒྲོན་མེ། །མི་ཕྱེད་དད་པའི་འོད་ཟེར། །ནམ་ཡང་ཉམས་པ་མི་འདུག ། ༢༨ དཔྱིད་དུས་ལུ་གུའི་མེ་ཏོག །ནམ་ཟླ་འཕོ་འགྱུར་སྣང་ཡང་། །སྙིང་སྲོག་རྡོ་རྗེ་དཀར་པོ། །གྱོང་རྒུད་འགྱུར་བ་མི་འདུག ། ༢༩ དབྱར་ཐང་རྩི་ཤིང་སྣ་ཚོགས། །སྐྱེ་འཆི་དར་རྒུད་སྣང་ཡང་། །ལྷག་བསམ་རིན་ཆེན་ནོར་བུ། །གང་བསམ་འགྲུབ་པ་ངོ་མཚར། །༣༠ སྟོན་ཀའི་གསེར་སྦྲང་སེར་པོ། །བསམ་པའི་ལས་འཕྲོ་མ་ཟད། །གཡུ་སྦྲང་སེམས་པ་མ་སྐྱོ། །བདེ་ཆེན་ཞིང་ནས་མཇལ་ཡོང་། ། ༣༡ དགུན་དུས་གྲང་ངར་རྒྱས་ནས། །རི་ལུང་ཁ་བས་བཟུང་ཡང་། །གཏུམ་མོའི་བདེ་དྲོད་ཉི་མས། །སྒོ་གསུམ་དགའ་བདེས་ཁེངས་སོང་། ། ༣༢ ཆར་ཆུ་དཀོན་པའི་དུས་སུ། །རྩི་ཐོག་སྨིན་གྲོལ་མེད་ཀྱང་། །ཉམས་ལེན་བདུད་རྩིའི་ཐིག་པ། །ནམ་ཡང་འབྲལ་བ་མི་འདུག ། ༣༣ ང་དང་པདྨ་གཞོན་ནུ། །མཇལ་འདོད་སྨོན་ལམ་ཚིག་གསུམ། །དོན་གྲུབ་བསམ་པ་དཀར་པོ། །ནམ་ཡང་བརྗེད་ས་མ་རེད། ། ༣༤ གངས་དཀར་སེམས་པ་མེད་ཀྱང་། །ལས་རླུང་ཁྲག་གི་འཁོར་ལོ། །གདོང་དམར་དུར་ཁང་ཁྲ་མོ། །གཤིན་རྗེའི་ཁྲིམས་ལས་བཙན་སོང་ ། ༣༥ བྱ་རྒྱལ་ཁྱུང་ཆེན་དམ་པ། །རི་རྒྱལ་རྩེ་རུ་འཕུར་སོང། །ཁྭ་ཏ་ནག་ཆུང་ངེད་གཉིས། །གྲོང་མཐའ་འདི་རུ་ལྷག་འདུག ། ༣༦ གངས་སེང་གཡུ་རལ་ཅན་པོ། །གངས་རིའི་ཕྱོགས་སུ་མ་ཉེ། །རྒྱང་རིང་ནགས་སུ་བསྐྱོད་པས། །ལས་ངན་སེང་ཕྲུག་སྐྱོ་བ། ། ༣༧ རྒྱ་སྟག་དཔའ་ངར་ཇེ་ཆེ། །འབྲོང་གཡག་ནུས་པ་ཇེ་ཆུང་། །དགྲ་གཉེན་བསམ་པ་ཁ་ཁ། །ནམ་ཡང་མཐུན་ས་མ་རེད། ། ༣༨ གཡུ་འབྲུག་སྙན་གྲགས་ཅན་པོ། །རྨ་བྱ་ཁབ་ཏུ་མ་བཞེས། །སེངྒེའི་མགོ་བོ་མ་ནོན། །དུག་སྦྲུལ་རྐན་སྒྲ་གནང་འདྲ། །༣༩ རྟ་མཆོག་རླུང་གི་འཁོར་ལོ། །འཛམ་གླིང་སུམ་གཉིས་དབང་བའི། །བསོད་ནམས་རླུང་རྟ་དཀར་པོ། །རྔོ་དང་འགྲུམ་འབིས་མནར་འདུག ། ༤༠ སྐལ་བཟང་ནམ་ཟླ་དྲོན་པོ། །རེ་ཞིག་མྱོང་དགོས་བསམ་ཡང། །བཟང་ངན་གོ་ལོག་མོད་པས། །རང་སེམས་ཁོ་ཐག་ཆོད་ཐལ། ། ༤༡ ཕ་མེས་ཤེས་རབ་ཅན་པོ། །མ་མེས་སྙིང་རྗེ་ཆེན་པོ། །ཡང་མེས་བྱང་སེམས་ཅན་པོ། །བསམ་ན་སེམས་པ་སྤྲོ་སོང་། ། ༤༢ དུར་ཁང་གཤིན་ཐང་སྐྱ་མོར། །ཞེན་པས་ཕྱི་མིག་བལྟས་ཀྱང་། །སྙིང་རླུང་མུན་པ་ནག་པོ། །ནམ་ཡང་སངས་ཐབས་མི་འདུག ། ༤༣ འཁོར་བའི་འདམ་ལ་ཆགས་ནས། །རེ་ཞིག་སྡོད་དགོས་བསམས་ཀྱང༌། ཕུ་ནུས་བྱེད་སྟངས་མཐོང་ཚེ། །ཞེན་ཆགས་མ་གྲོལ་རང་གྲོལ། ། ༤༤ ཁྲེལ་གཞུང་མེད་པའི་གྲོགས་པོས གཡོ་སྒྱུས་འཁོར་ལོ་བསྐོར་ནས། །དྲང་བདེན་རྒྱབ་ཏུ་གཡུག་པའི། །རྫུན་གྱི་ནད་རྐྱལ་གཉེར་འདུག ། ༤༥ བྱམས་བརྩེའི་པད་སྡོང་དཀར་པོ། །སྐྱེད་ཚལ་དཀྱིལ་དུ་བཙུགས་ཡོད། །ང་དང་པདྨ་གེ་སར། །མཇལ་བའི་རྟེན་འབྲེལ་བསྒྲིག་ཡོད། ། ༤༦ རྩ་བ་ཡན་ལག་སྟོང་ལྡན། །བདུད་རྩི་སྨན་གྱི་མཆོད་པ། །དཀོན་མཆོག་གསུམ་ལ་འབུལ་ནས། །བསྟན་འགྲོར་ཕན་བདེ་སྨོན་ཡོད། ། ༤༧ ས་ཆུ་མེ་རླུང་འཇིགས་པས། །གོ་ལའི་ས་ཞིང་འཇིག་ཀྱང་། །བརྩེ་གདུང་དགའ་བའི་སེམས་པ། །ནམ་ཡང་འཇིག་རྒྱུ་མི་འདུག ། ༤༨ སྔོན་འགྲོ་དཔག་བསམ་སྡོང་པོ། །སྲུང་སྐྱོབ་ལེགས་པར་གྱིས། །རང་ལུས་དལ་འབྱོར་རིན་ཆེན། །སྙིང་པོ་ལོན་པར་འདུག་གོ ། ༤༩ ངེས་འབྱུང་ཞིང་ས་གཤིན་པོ། །བཅོས་མིན་སེམས་ལ་འཁྲུངས་ན། །ཡོན་ཏན་འབྲུ་དྲུག་སྙིང་པོ། །འབྲས་བུ་སྨིན་པ་འདུག་ལགས། །  ༥༠ བྱང་ཆུབ་སེམས་མཆོག་རིན་ཆེན། །ནོར་བུ་རང་ལག་ཡོད་དུས། །བྱི་དོར་ཡང་ཡང་གྱིས་དང་། ། དགོས་འདོད་འབྱུང་གནས་ཡིན་འདུག ། ༥༡ སྣང་སྲིད་རྣམ་དག་བདུད་རྩི། །དམ་ཚིག་རྡོ་རྗེས་མཆོད་ན། །ལྷ་ལྕམ་པདྨ་གེ་སར། །སྐྱེ་འཆི་མེད་པར་བརྙེས་འགྲོ། ། ༥༢ དུང་སེམས་གཞོན་ནུ་བུམ་སྐུར། །འཁོར་འདས་ཁྱད་པར་མི་འདུག །རྣམ་དག་མཉམ་ཉིད་བཀོད་པ། །རང་གི་རིག་པའི་ཆོ་འཕྲུལ། ། ༥༣ རང་སེམས་ངོ་བོ་སྟོང་པ། །ཆོས་སྐུ་སྣང་བ་མཐའ་ཡས། །རང་ངོ་རང་གིས་ཤེས་ན། །ཆོས་དབྱིངས་གཞན་དུ་མི་འདུག ། ༥༤ སེམས་ཉིད་རང་བཞིན་འོད་གསལ། །ལོངས་སྐུ་ཐུགས་རྗེ་ཆེན་པོ། །སྣང་སྲིད་རྣམ་དག་ཞིང་ཁམས། །རང་སེམས་དག་པའི་སྣང་བ། ། ༥༥ རིག་རྩལ་ཐུགས་རྗེ་ཀུན་ཁྱབ། །སྤྲུལ་སྐུ་པདྨ་རྒྱལ་པོ། །རྣམ་རྟོག་འཕྲོ་འདུ་བཟང་ངན། །རིག་པའི་རྒྱན་དུ་ཤར་འདུག ། ༥༦  དུག་ལྔའི་རྟོག་པ་ཅི་ཤར། །ངོ་ཤེས་རྒྱལ་བ་རིགས་ལྔ། །ཁོ་ཐག་ནང་ནས་ཆོད་ན། །གནས་ལུགས་དོན་གྱི་ཡེ་ཤེས། ། ༥༧ ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ། །གཟུགས་སྒྲ་དྲི་རོ་རེག་བྱ། །སྣང་སྟོང་ཟུང་འཇུག་གོ་ན། །དོན་དམ་དབུ་མ་ཆེན་པོ། ། ༥༨ བདེ་ཆེན་སེམས་ཀྱི་རོལ་བ། །སྟོང་ཉིད་ངེས་ཤེས་སྒྲོན་མེ། །གསལ་སྟོང་ཟུང་འཇུག་མྱོང་ན། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོ། ། ༥༩  གང་ཤར་ཚོགས་དྲུག་རོལ་བ། །རིག་རྩལ་སེམས་ཀྱི་དེ་ཉིད། །རིག་སྟོང་ཟུང་འཇུག་རྟོགས་ན། །རང་བཞིན་རྫོགས་པ་ཆེན་པོ། ། ༦༠ མི་ལུས་ཡིད་བཞིན་ནོར་བུ། །རྩ་ཐིག་རླུང་གི་དཀྱིལ་འཁོར། །གསང་ཆེན་གནད་ལ་སྣུན་དང་། །སྨིན་གྲོལ་ཐོབ་པར་ཡོད་འདུག ། ༦༡ རང་སྣང་དགྲ་རུ་མ་བཟུང་། །རང་ངོར་རང་གིས་ལྟོས་དང་། །རང་སེམས་སངས་རྒྱས་ཐོབ་ཐབས། །གཞན་དུ་རྩལ་དགོས་མི་འདུག ། ༦༢ རྨི་ལམ་ནང་གི་མཐོང་སྣང་། །སྙིང་གྲོགས་དམ་པས་བསྐུལ་མ། །ཅི་ཤར་སེམས་ཀྱི་རི་མོ། །མི་བརྗེད་དྲན་ཐོ་བཀོད་ཡོད། ། ༦༣ དགེ་རྩ་དགོས་འདོད་ཀུན་འབྱུང། །ཚོགས་གཉིས་རྒྱན་ཏུ་ཕུལ་ན། །སྐུ་གཉིས་ཉི་ཟླའི་དཀྱིལ་འཁོར། །ནམ་ཡང་ནུབ་མེད་སྨོན་ནོ། ། ༦༤ རབ་རྒྱན་ལྕགས་ཕོ་སྟག་ལོའི། །སྣྲོན་ཟླའི་མཁའ་འགྲོ་དུས་ལ། །ལྷག་ལྷའི་ཆོས་ཚོགས་ཁང་ནས། །དཔལ་དགྱེས་རྡོ་རྗེས་ཕུལ་ལོ། །

·རྩོམ་ཡིག་གོང་མ:དེང་སྐབས་ཀྱི་ང་ཚོ།
·རྩོམ་ཡིག་འོག་མ:དུས་རབས་ཉེར་གཅིག་པའི་སྙིང་གཏམ།༦
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·ཉག་རོང་ཨ་མྱེས་སྤྲུལ་སྐུའི་མགུར་གླུ་སྙན་མོ་གདའ། 2010/7/29 16:12:25
·ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཆ་ཚང་ 2010/4/9 14:35:09
·ཚངས་དབྱངས་རྒྱ་མཚོའི་མགུར་གླུ། (དང་པོ།) 2009/10/26 13:20:40
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:47:44 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:59:19 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:42:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS