བླ་མ་བདག་ཉིད་ཆེན་པོ་ལ་བསྟོད་པའི་རབ་ཏུ་
བྱེད་པ་བཞུགས་སོ།། 
 
 
འོད་གསལ་དར་རྒྱས།
 
བརྩེ་ཆེན་ཐུགས་རྗེའི་ངག་གི་ཟེར་མ་བློ་ཡི་འདབ་མར་ཆགས་པ་ཡིས།།
རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་ཐིག་ལེ་རྩིབས་སྟོང་འཁོར་ལོ་རབ་སྤྲོས་ཏེ།།
སྲིད་ཞིའི་བཅས་པ་ས་འཛིན་རྩེ་རུ་སྤྲོས་པ་འབུམ་རྒུའི་གར་དང་བཅས།།
བསྐལ་བའི་མཐའ་ཡང་ཉམས་པ་མེད་པ་མཛེས་སྡུག་རྒྱ་མཚོས་བདག་ཡིད་དྲངས།།
འགོག་མེད་བརྩེ་བའི་ཐུགས་རྗེའི་བྱིན་རླབས་སྣང་སྟོང་མེལ་མའི་སྤྲོས་སུ་མཆེད།།
སྟོབས་བཅུའི་སྣང་བས་མཁྱེན་བརྩེའི་དེ་ཉིད་གཟུགས་སྐུའི་བཀོད་པ་འབུམ་དུ་འགྱེད།།
སྟོང་གསུམ་འཁོར་བའི་མོས་ཁམས་རྒྱ་མཚོར་བགྲང་ཡས་འཕྲིན་ལས་སྟོབས་ཀྱིས་བསྒྱུར།།
ཐེག་གསུམ་རིག་པའི་གཏེར་ཆེན་འབྱེད་མཁས་སྟཽན་པ་ཆེན་པོར་དང་བས་འདུད།།
ཇི་སྙེད་ཆོས་ཀྱི་འདུ་འགོད་རང་བཞིན་ཇི་ལྟར་མཁྱེན་པའི་ཡེ་ཤེས་གཟུགས།།
རིང་ནས་ཤར་བ་རྒྱལ་ཀུན་འཕྲིན་ལས་བདེན་སྟོབས་གཞོན་ནུའི་སྒྱུ་འཕྲུལ་ཅན།།
ཀུན་རྟོཊ་མཁྱེན་རབ་གཅིག་ཏུ་ལེཊ་འགོངས་འཇམ་དཔལ་དབྱངས་ཀྱི་རིག་བརྒྱའི་གཏེར།།
ཕུན་ཚོགས་དད་གསུམ་བསྣོལ་མའི་མཚམས་ལ་ཤེས་རབ་དངོས་གྲུབ་ཆར་དུ་བསྙིལ།།
འགག་མེད་སྙིང་རྗེའི་བརྩེ་བ་ཆེན་པོས་བགྲང་ཡས་སྟོང་གསུམ་སྟོབས་ཀྱིས་བཀྱགས།།
མཁྱེན་བརྩེའི་དཔུང་བ་རིགས་བརྒྱའི་ཁྱབ་བདག་རྨད་བྱུང་འཕྲིན་ལས་སྣང་བ་ཅན།།
སྣ་ཚོགས་འགྲོ་བའི་མོས་སྣང་དྭངས་མར་གཟུགས་སྐུ་གཅིག་ཏུ་འཆར་བྱེད་པའི།།
རྒྱལ་སྲས་རྒྱལ་བའི་རིགས་ཀྱི་མྱུ་གུ་རྩ་གསུམ་བླ་མ་སྲིད་ན་རྒྱལ།།
དེ་ལྟའི་ངོ་མཚར་དད་པའི་ཉི་མ་འབུམ།།
བཞིན་ལེགས་དྲུག་ཅུའི་དབྱངས་བདུན་རྫོགས་པ་མོས།།
དྲངས་པའི་སྔོན་མཆོད་ཡིད་སྐྱེས་སྲོག་གི་དབང༌།།
རིན་ཆེན་གསེར་གྱི་སྣང་བ་དབྱིག་ཏུ་འཁྱིལ།།
གང་ཆགས་བགྱིད་པའི་རོལ་བ་དྲི་ཟའི་གླུ།།
ལི་ཁྲིའི་གཟི་འོད་འཁྱིལ་མའི་གདེངས་ཀ་ལ།།
སྙིང་པོ་དབྱིག་གི་འབྱོར་བ་ཐིག་ལེ་རུ།།
ཤར་བའི་དགོན་གནས་ལུས་ཀྱི་ཚོགས་སུ་སྤུངས།།
སྙིང་པོ་དྲང་སྲོང་ཕྱག་གི་དབྱུག་གུས་བདེ་གཤེགས་ཟླ་བའི་ཏིང་འཛིན་དཀྲོགས།།
ཀུན་རྫོགས་ཆོས་ཀྱི་ཞབས་སེན་འོད་ཐིགས་ས་ལ་གངས་ཀྱི་གསོས་སུ་བཏབ།།
སྨིན་བྱེད་ཐུགས་རྗེའི་བཻཌཱུ་དཀར་པོས་བདེ་འབྱུང་རལ་བའི་རིག་སྐྱེས་ལས།།
ཡིད་ལྷུང་འགྲོ་ལ་ཆགས་པའི་རྗེས་བརྩེས་བདུན་གཉིས་ཕྲེང་བའི་གར་དབང་བྱིན།།
དུས་མཐར་དུས་ཀྱིས་འཇིག་པའི་ངོགས།།
ཀུན་རྟོག་བྱུ་རུའི་གནས་ཀྱི་མགྲོན།།
སྙིང་པོ་ཆོས་ཀྱིས་འདེགས་པ་མོའི།།
བསོད་ནམས་བྱེ་བའི་སྐྱེས་སུ་ཆགས།།
མཉམ་གཞག་རིག་པའི་ཆོ་འཕྲུལ་གྱིས།།
རྨུགས་འཛིན་དྲང་སྲོང་ནགས་ཀྱི་ཚང༌།།
བདུད་རྩི་རོ་མའི་ཆབ་རྒྱུན་དེའི།།
མུ་ཏིག་ལང་ཚོ་འོད་དུ་འཚེར།།
གནས་མགྲོན་ཚངས་པ་དཀར་པོ་ཡིས།།
བྷོ་ཊའི་ལས་བསོད་ལང་ཚོ་མའི།།
ལེགས་བྱང་གསེར་གྱི་ཐམ་ག་དེས།།
དངོས་གྲུབ་ཕྱྭ་གཡང་ལྷ་ཡིས་བཀུགས།།
རང་ལུགས་སྤོས་ཀྱིས་བགོས་པའི་བསུང༌།།
སྐྱེས་བཟང་རྟོགས་པའི་རྟེན་འབྲེལ་དུ།།
བྱིན་རླབས་ཨ་ཀ་མ་ཡི་བརྡ།།
དབྱིངས་རིག་ཤེས་པའི་ཀློང་དུ་བབས།།
དགེ་ལེགས་སྲིད་ཞིའི་ཕུན་ཚོགས་སྡེ་བཞི་གངས་ལྗོངས་འཛིན་མའི་དཀྱིལ་འཁོར་ནས།།
བསླངས་པའི་ཐུགས་བསྐྱེད་སྤྲོས་མེད་ཉམས་བརྒྱ་རིན་ཆེན་ཞུན་མར་སྤུངས་པའི་དཔྱིད།།
གསུབ་མེད་རྗེས་བརྩེའི་དགེ་ལེགས་དྭངས་མས་དཔག་ཡས་སྒྱུ་མའི་སྣང་བ་རུ།།
ཅི་ཡང་འཆར་བའི་རྟེན་འབྲེལ་འདི་ཀོས་འགྲོ་བའི་བསོད་ནམས་དགུང་ལ་བཏེགས།།
ཁ་བ་རི་བའི་མི་ཕྱེད་དད་སེམས་མཚོ་སྐྱེས་སྙིམ་པའི་པད་མ་དཀར།།
ཡིད་འོང་བསོད་ནམས་ཞིང་གི་དབུས་ནས་རེ་དོགས་སྤྲིན་གྱི་གཡོ་བ་འཁྲུགས།།
དེ་ལྟར་ན་ཡང་མཐའ་ཀླས་ཐུགས་བསྐྱེད་ཡེ་ཤེས་དབྱིངས་ཀྱི་དྲ་བ་ནས།།
མཁྱེན་རབ་སྙིང་པོའི་མང་རྩིའི་དོག་པ་འགྲོ་བའི་ལས་ཀྱི་སྐལ་དུ་འཕོས།།
ཐུབ་བསྟན་སྤྲིན་གྱི་གཡོ་བ་འདུ་འགོད་ཚལ།།
སྨིན་བྱེད་དགེ་ལྡན་བསྟན་པའི་སྣང་བ་དཀར།།
བྱང་སྡེ་ཟླ་བའི་ཚོམ་ཆེན་བཞིས་འགེངས་པའི།།
མཆོག་ཡུལ་སྤྲོ་བའི་དགེ་ཚོགས་ཅི་ཡང་རྒྱས།།
ལྷ་གཅིག་མཆོག་གི་སྤྲུལ་བ་སྤྲེའུའི་གར།།
གཏུམ་དྲག་ཁྲོ་མོའི་གཟུགས་འཛིན་བྲག་དཀར་སྲིན།།
འདུས་པ་རིགས་ཀྱི་ལྟེ་མཚལ་དང་པོའི་སྙིང༌།།
རྨུ་ཐག་གསེར་གྱི་རྒྱུད་སྐུད་རིང་བར་བསྲིངས།།
གནས་དགོན་གཡོན་མར་འཁྱིལ་བ་གྲགས་པའི་སྙིང༌།།
མཐའ་ཀླས་དྲི་ཟའི་བུ་མོའི་ཕྱག་སོར་གྱིས།།
བཀྱགས་པའི་གནའ་མཁར་བྱུ་རུའི་གྲོང་ཁྱེར་ཏེ།།
ལྟག་འཚེར་ཞེས་བྱའི་སྙན་པ་ཕྱོགས་སུ་མཆེད།།
སྔོན་བྱང་དགེ་བའི་ལས་བསོད་སྐྱེས་ཀྱིས་རྒྱགས།།
རིང་བདོག་སྐྱེད་བྱེད་ཟུང་གི་མཉེས་པའི་གཤིན།།
རིང་གྲུབ་ལས་ཀྱི་ཀྱོ་བ་བྱམས་བརྩེའི་མཚོན།།
ཆེར་སྙིགས་དུས་ཀྱི་མཐའ་ལས་རིང་བར་བརྒལ།།
ལྷག་མེད་ལས་འཛིན་གསེར་ལྡན་ནོར་བུའི་དབྱིག།
གཟིགས་ལྔའི་གློག་འོད་འཐིལ་མའི་ག་ཤལ་ཅན།།
དགེ་ལེགས་ཉེར་འཚོའི་སྣང་བ་དག་པའི་ཁམས།།
ལོ་བརྒྱའི་ཉམས་པ་གསོ་བའི་གནས་སུ་བདོག།
ལྟ་ངན་ལྟས་ཀྱི་ན་བཀྲ་འཁྲུགས་པའི་ཁམས།།
བདེ་གཤེགས་ཐུགས་རྗེའི་སྤྲོས་པ་བསྐལ་བའི་ཀློང༌།།
མི་ཤིགས་གཡར་དམ་རྡོ་རྗེའི་སྲོག་འཛིན་དུ།།
འཕྱན་པའི་ཡིད་བསྡུས་རོལ་བ་མཚར་དུ་གླེང༌།།
མཉེས་གཤིན་འཕྲུལ་གྱི་བསྐལ་བ་བཟང་པོ་ཡི།།
རིན་ཆེན་རི་བོའི་སྐ་རགས་སྲིད་ཞིའི་གདུགས།།
ལེགས་བཤད་ལས་ཀྱི་ཕུང་པོ་རི་མོའི་གཟུགས།།
སྙིང་ལ་འཁོར་བ་ག་བུར་བདུད་རྩིའི་ཟླ།།
རི་སྐྱེས་རི་བོ་ཙོང་ལ་རིང་མོའི་ངོགས།།
ཉེར་འཇུག་ཕྱག་རྒྱ་ཞི་བའི་སྣང་སྲིད་ཀྱི།།
ལམ་བཟང་ལས་ཀྱི་བཀོད་པ་འཕྲིན་ལས་རྡུལ།།
སྒྲིབ་གཉིས་ཆོས་ཀྱི་ཟེགས་མ་འབུམ་དུ་འཐོར།།
དགེ་ལྡན་སྣང་བ་དམ་པའི་ཆོས་ཚུལ་ལ།།
ཆགས་པ་སྐུ་བརྙན་འབུམ་པའི་སྡེ་ཚོགས་སུ།།
ཤར་བ་མེས་པོའི་མདུན་ས་ཆེན་པོ་ནས།།
ངོ་མཚར་གཞོན་ནུའི་རྩེ་དགའ་ཅི་ཡང་དགོད།།
སྒྲིབ་བྲལ་ཡེ་ཤེས་ཆེན་པོའི་དྲ་བ་ལས།།
འདི་སྣང་སྒྱུ་མའི་རོལ་བ་ཆོས་ཀྱི་ཁམས།།
ཉེར་བཟུང་གཡར་དམ་ཆུ་ཤེལ་དྭངས་མའི་མདངས།།
འཛུམ་པ་ཕྱོགས་བཅུའི་མཁའ་ལ་སྤྲོས་པ་བཞིན།།
མཁྱེན་རབ་ནོར་བུའི་འོད་ཚོགས་རྡོ་རྗེའི་རྒྱར།།
ཆུད་པ་བློ་གྲོས་ཕུང་པོ་དཔག་མེད་དུ།།
འཆར་བའི་བཀའ་སྲོལ་སྐལ་བཟང་ནགས་མའི་ཚལ།།
ཕུན་ཚོགས་བསུང་གི་དྲི་ངད་སྙིང་ལ་འཐུལ།།
རྒྱ་ཆེན་ཆོས་ཀྱི་ནོར་བུའི་དོ་ཤལ་ཐུགས་བསྐྱེད་གསེར་གྱི་ཕུང་པོའི་འོད་རླབས་འཇིགས་མེད་རིག་པའི་གཡེར་ཁའི་སྒྲས།།
འབྱམས་ཀླས་སྣང་བའི་རིན་ཆེན་གཏེར་ཁ་ཐང་མར་བརྡལ་བའི་མུ་ཏིག་ཟེགས་མ་གཅིག་ཏུ་སྤུངས་འདྲའི་ཆོས་ཀྱི་ཁྲིར།།
སྐྱེ་རྒུ་དད་པའི་ཡིད་ཀྱི་བདུད་རྩི་འགོག་མེད་ཆུ་ཡི་གཏེར་ཆེན་བརྡོལ་འདྲའི་མི་ཤིགས་དགའ་བའི་གཡོ་བ་ལ།།
ལུང་རིགས་ནོར་གྱི་བློ་གྲོས་ལ་ནི་བྱིན་ཆགས་མཚན་དཔེའི་རྩ་ལག་རབ་རྫོགས་རྡོ་རྗེའི་གོ་ཆ་རིང་ནས་བལྟམས།།
འདི་སྣང་བཅས་པ་ལྷུན་པོའི་ཟླར།།
འཁུ་བའི་རྒྱ་སྐྱེགས་སྐྱེས་ཀྱི་གཏམ།།
མཚུངས་སྦྱོར་ལ་ནི་བཀྲ་བའི་སྐྱེས།།
གསེར་ལྡན་ས་ཡི་ཕང་ལ་བརྡལ།།
དབུས་འགྱུར་ཆོས་སྲིད་ནོར་བུའི་དཔྱར།།
སྡང་ལྡན་སྤྲིན་གྱི་མེ་ཏོག་རྐང༌།།
རྒྱན་དུ་འཁྱེར་བྱས་བང་བའི་མི།།
སྨད་ཕྱོགས་ས་འཛིན་རྩེ་ལ་འདུར།།
མངོན་རྟགས་རྟོགས་པའི་འཁོར་ལོ་ཡིས།།
དྲངས་པའི་ལྷ་སྲས་ཞི་བའི་མགོན།།
ལྷ་མོ་དོན་གྱིས་གྲུབ་པ་མོ།།
དྲེགས་ལྡན་གཙུག་གི་རྩེ་ལ་འགྱིངས།།
ངན་གནོད་སྲིད་ཀྱི་མཆེ་བའི་རྩེ།།
བརྡར་བའི་རིན་ཆེན་གསེར་གྱི་ཟོངས།།
གསོས་ལ་བཏབ་པའི་ཐབས་རྒུའི་འཕྲུལ།།
ཤེས་བརྩོན་སྲོག་གི་ཀ་བས་བྱིན།།
མཉམ་གཞག་མཁའ་ཡི་མེ་ལོང་ངོས།།
འཛུམ་པའི་ལི་ཤི་ཟོས་པའི་རྗེས།།
དོར་བ་ཏིང་འཛིན་དང་པོའི་ལམ།།
བཟུང་བའི་བྲེད་སྣང་རླབས་སུ་འཁོལ།།
ཡིད་སྐྱེས་དགའ་མའི་འཁྲི་ཤིང་རྩེར།།
གཡོ་བ་བརྗིད་པའི་རྔ་ཡབ་ཅན།།
རྣམ་འདྲེན་འཇུག་པའི་བང་ཆེན་པས།།
སྒྲིག་པའི་གནས་མཚམས་གཡང་གིས་བསྒྱུར།།
དུས་གསུམ་དུས་ཀྱིས་གཏུགས་པའི་རླབས།།
འཁྱིལ་བ་རྗེས་ཆགས་མཐུན་པའི་དབྱངས།།
མངོན་འདོད་ལ་ནི་ཆགས་པའི་སྤྲིན།།
འཕེལ་བའི་མཆོད་ཡོན་ཨེ་མ་རྨད།།
ལུགས་ཟུང་ལྟེ་བའི་དབང་ཕྱོགས་ཀྱིས།།
བཟུང་བའི་མངའ་འབངས་རིས་ཀྱི་སྟེགས།།
དགའ་བ་སྟོང་གིས་དཀྲིས་པའི་ཁམས།།
འདུ་འགོད་གཏེར་མའི་ཚོགས་སུ་རྒྱས།།
ལྷ་ལྡན་ལྷ་ཡི་ཞིང་གི་སྤོར།།
འགེངས་པའི་རིག་ལྡན་པད་མ་དཀར།།
དད་གསུམ་བྷ་མ་ར་ཡི་ཚོགས།།
འདུས་པ་བློ་ཡིས་གཞལ་ནུས་མིན།།
རྟེན་འབྲེལ་རྟགས་ཀྱི་མཁྱེན་རབ་ཀློང༌།།
ཇི་སྙེད་སྤྲོས་པའི་མོས་ཁམས་ཆེའི།།
བརྟུལ་ཞུགས་འཛིན་པའི་མཆོད་སྦྱིན་བརྒྱ།།
སྐྱེངས་ཤིང་ཁེངས་པའི་གཡང་དུ་ཟགས།།
རབ་འབྱམས་བསོད་ནམས་དམ་པའི་ཀྱོ་བ་ཡིས།།
བཀུགས་པ་ཀེ་རེས་བཏེགས་པའི་སྣང་བ་ཆེའི།།
བྱིན་རྟེན་དད་པའི་ནོར་བུའི་འོད་ཚོགས་ཀྱིས།།
སྐལ་བཟང་སྙིང་ལ་དགའ་བ་སྟོང་གིས་རྫོགས།།
གདོང་དམར་སྙིང་རུས་སྲ་འཁྲེགས་འཛིན་པའི་དཔྱིད།།
གྲུ་འཛིན་ནོར་བུའི་ཞིང་ཁམས་འཕོས་པའི་གནས།།
དམར་པོ་རི་ཡི་འགྱིངས་ཉམས་བརྗིད་པ་མོར།།
ཆོས་སྲིད་ནོར་བུའི་བ་གམ་བླ་ན་མཐོ།།
ལུང་རྟོགས་རྒྱུ་སྐར་འཛོམས་པའི་ག་བ་ལར།།
མི་འཇིགས་སེང་ཆེན་ནོར་བུ་འདེགས་པ་ཅན།།
མངོན་མཐོ་གསེར་གྱི་ཁྲི་འཕང་མཐོན་པོ་རུ།།
ལྷ་སྲས་སྟོན་གྱི་ཟླ་བ་མཁའ་ནས་ཕེབས།།
རྟེན་འབྱུང་ཕུན་ཚོགས་སྣང་བ་དཀར་པོའི་རླབས།།
རིས་མེད་ཆེ་རྒུའི་འདོད་པའི་ཡོན་ཏན་གྱིས།།
ས་ཁྱོན་རིང་ནས་གཏམས་པའི་གླིང་བདུན་སར།།
ཁྱབ་པའི་དགེ་ལེགས་དམ་པའི་སྤྲོ་བ་བརྟས།།
བསླབ་གསུམ་ནོར་བུ་འོད་ཀྱིས་ཆགས་པ་ཡི།།
དུལ་བ་བྱང་སེམས་ཞི་བའི་རིགས་བརྒྱའི་བདག།
ཕུན་ཚོགས་དོན་གཉིས་རོལ་བ་སྒྱུ་མའི་འཕྲུལ།།
ངོ་མཚར་སྣང་བའི་ཞགས་ཐག་བརྟུན་གྱིས་བཟུང༌།།
མི་མཐུན་རྒུད་དཔུང་ཞི་བ་རིག་པའི་སྐྱ།།
མཁྱེན་བརྩེའི་སྟོབས་ཀྱིས་སྒྲིལ་བ་ཆོས་སྲིད་ཀྱི།།
ཉེས་པའི་ཉེས་བསྒྲུབ་བཙོན་གྱི་ར་བ་ལས།།
གྲོལ་བའི་ཕྱག་རྒྱ་ཆེན་པོར་ལྷ་ཡང་མཚར།།
ངོ་མཚར་དངོས་གྲུབ་འཛམ་བུའི་རྐང་འཐུང་གིས།།
ཕུན་ཚོགས་རྒྱན་གྱི་འཁོར་ལོ་ཐུབ་བསྟན་གདུགས།།
རིང་ནས་དཀྲིས་པའི་སྡོམ་བརྩོན་ནོར་བུའི་འོད།།
ལྷ་ལྡན་ཞིང་གི་སྐལ་བཟང་རྫོགས་པ་ལགས།།
མཁྱེན་དཔྱོད་རྩིབས་སྟོང་ཟླ་བའི་ཁང་བཟང་དུ།།
ཕྲ་ཚོམ་རིན་ཆེན་ཏོག་གི་ཅོད་པཎ་ཅན།།
འཕྲིན་ལས་ལྔ་ཟུང་རིག་པའི་འབབ་སྟེགས་སུ།།
བསྒྱུར་བའི་ལེགས་ཚོགས་སྲིད་ཞིའི་ཕང་ལས་བརྒལ།།
དཔག་ཡས་ཡོན་ཏན་རིན་ཆེན་ལྷུན་པོའི་དཔུང༌།།
འདེགས་པའི་ཀ་བ་འཇམ་དཔལ་སྙིང་པོའི་དཔྱིད།།
འཕྲིན་ལས་སྲིད་ཞིའི་གདུང་བ་འགོག་པའི་གཉེན།།
རྒྱལ་བསྟན་གསེར་གྱི་ས་གཞི་ཡངས་པར་བྱས།།
ལུང་རྟོགས་བསྟན་པའི་གདུགས་དཀར་ཡུག་པོ་ཆེ།།
ཚུལ་གནས་ཐོས་དོན་ལྷན་ཅིག་སྐྱེས་པའི་འཕྲུལ།།
ཐུགས་བསྐྱེད་དཔག་བསམ་རྒྱས་པའི་ཡལ་འདབས་སུ།།
མདོ་སྔགས་སྦྱོར་མས་སོམ་ཉི་མཐའ་རུ་དེད།།
ཆོས་སྲིད་ནོར་བུ་རྩེན་པའི་གདེངས་ཀ་ནས།།
མི་འཇིགས་རིན་ཆེན་གསེར་གྱི་ཁྲི་འཕང་རྩེར།།
བཞུགས་པའི་དགེ་ལེགས་ཡེ་ཤེས་དབྱིངས་ཀྱི་ངོགས།།
ཕུན་ཚོགས་འཕྲིན་ལས་སྣང་བ་དབྱིག་ཏུ་འཁྱིལ།།
རང་བསྟན་རིགས་པའི་འབབ་སྟེགས་ནོར་བུའི་ལྗོངས།།
ངོ་མཚར་སྲིད་འབྱོར་འགུགས་པའི་ཕྱྭ་གཡང་གིས།།
རྨད་བྱུང་འཕྲིན་ལས་ཟློས་གར་མང་རྩིའི་རྒྱུན།།
བབས་པ་དྲི་མེད་ལང་ཚོ་དཔལ་གྱིས་སྒེག།
མི་བསྲུན་འབྱུང་བོའི་འཁྲུལ་ཞགས་རྣོན་པོ་ཡིས།།
གཙེས་པའི་ཐུ་བྷོད་ཆོས་སྲིད་ལང་ཚོའི་སྟེགས།།
ངན་གཡོའི་བྱེ་རླུང་འཚུབ་མའི་བརྡ་ཐབས་སུ།།
བསྒྲུབ་པ་ལུགས་གཉིས་རེངས་པའི་གཤེད་དུ་བབས།།
དགའ་བཟང་བརྒྱ་ལྡན་རྫོགས་པའི་ཕོ་བྲང་གི།
ཐབས་འཕྲུལ་ཤེས་བརྩོན་ཟད་པའི་རྗེས་ཆགས་སུ།།
ཐེབས་པ་རི་བོ་འཐོར་བའི་སྡོམ་ཐག་ལ།།
དབང་མེད་རྔམ་གྱིས་གཏད་པ་ཁྱེད་ཀྱི་ཕྲག།
རིས་མེད་ཕྱོགས་ཀྱི་ཆེ་རྒུའི་དབང་བོའི་སར།།
བྱོལ་བཅར་ཞུམ་མེད་བརྩོན་པ་དྲག་པོའི་སྟོབས།།
ལུགས་ཟུང་བསམ་འཕེལ་དབང་གིས་བསྒྱུར་པ་ལ།།
ཞེན་པའི་འཁོར་ལོ་གསེར་གྱི་ཕྱག་རྒྱ་མཛེས།།
དུག་མཚོན་དུག་གི་འཕེལ་ཁ་རྒོད་ཅིང་འགྱུར་བག་དུས་ཀྱི་རྐང་སྟེགས་སུ།།
གཡོ་འཁྱོག་འཁྲུལ་གྱི་རྩིབས་སྟོང་འཁོར་ལོས་བསྒྱུར་པ་རྒུད་པའི་འཐོར་རླུང་རྡུལ།།
སྤྲོས་མེད་འཛིན་པའི་རྒྱ་ལས་རབ་བསྡུས་ཉོན་མོངས་ཉ་ཡི་ཏོག་གི་སྡེར།།
རིང་ནས་བྱིན་པའི་གནའ་སྲོལ་མགྲོན་བུ་སྲོག་དབུགས་མཐུད་པའི་སྐྱ་རུ་བསྒྲིལ།།
དངུལ་ཆུའི་དངོས་གྲུབ་ཀུན་བཟང་གར་ཆེན་ལེགས་བཅོས་སོ་རྣོན་གྲི་ལ་དྲངས།།
འཁྲུལ་གཞིའི་ནག་ནོག་དྲི་མའི་རྡུལ་ཐིགས་འཇིགས་བྲལ་ཐུགས་རྗེའི་ཀློང་ལ་འབྱམས།།
དུས་མཐུན་བསོད་ནམས་ལས་ཀྱིས་བསྡེབས་པའི་ཐུན་བཞིའི་རྔ་ཡབ་རླུང་གིས་སྤུར།།
སྙིང་པོ་ལུགས་བཟང་གང་གང་རྔུལ་ཐིགས་ཉམས་པ་གསོ་བའི་སྐྱེས་སུ་འཕྱུར།།
གནས་རྙིང་དུག་གི་ངན་སྲོལ་རླུང་ནག་ཆོས་སྲིད་ལྟེབས་མའི་རྩ་ལག་ཏུ།།
རིང་ནས་འཕྱན་པའི་འགྲོ་ཁམས་ལ་ནི་ཐུགས་རྗེའི་སྟོང་ཀ་ཡངས་པའི་མདའ།།
བསྒྲེང་བའི་ཕྱི་ནང་ནོར་གྱི་བློ་གྲོས་གཙུག་ལག་ཟླ་བའི་གཏེར་གྱི་སྙིང༌།།
ཐང་ལ་བབས་པའི་རྨད་བྱུང་སྡུ་གུ་མཚར་འཛིན་གློག་གི་འཕྲུལ་དུ་འཕོས།།
ཐ་དད་འགྲོ་བའི་མོས་སྣང་ཟླ་རིས་གྲིབ་བསིལ་སྟོང་ཆེན་བསྲུབས་པའི་ཁར།།
གསལ་མོག་ཟློས་གར་རེས་སུ་འཁོར་བ་རྨོངས་ཅན་འགྲོ་བའི་ཆོས་སུ་གྲུབ།།
འོན་ཏེ་གང་སྐུ་ཆུ་ཤེལ་དྭངས་མས་འཕྱོར་ལྡན་མཛེས་རྒུའི་ལང་ཚོའི་དཔལ།།
ཇི་སྲིད་འགྲོ་ལ་ཇི་ལྟར་འཐད་པའི་རྨད་བྱུང་ཕུན་ཚོགས་སྐྱེས་སུ་ཆེ།།
ཐལ་ངག་རིག་པའི་བློ་གྲོས་མས།།
བཏེགས་པའི་ཡིད་ཅན་བྱེ་བའི་གདུགས།།
འཕགས་བོད་རིག་པའི་མེ་ཏོག་མཚོན།།
འབིགས་པར་བྱེད་པའི་སྙིང་པོ་ལགས།།
འོན་ཏེ་ཤར་འབྱུང་མུལ་གྱི་ཚང༌།།
བརྡོལ་བའི་མི་བསྲུན་དུག་གི་ལྕེས།།
ལྡག་པ་དུག་མཚོན་དམར་པོའི་མེ།།
ཀེ་རེ་ཟླ་བའི་གདན་དུ་ལྷུང༌།།
རྣམ་འཇོམས་འཕྲུལ་གྱི་སྒྱོགས་ཆེན་མདའ།།
བྷོ་ཊའི་གཙུག་ལག་ཁང་བཟང་ཆེར།།
ཕངས་མེད་གཏུམ་པའི་དྲག་སྤྱོད་ཀྱིས།།
སྟོང་དུ་བསྣུན་པ་ཨ་ཙ་མ།།
མི་རྟག་འཁོར་བའི་བཅས་པ་ཡིས།།
ཟིན་པའི་འཁྲུལ་བ་བློ་ཡི་གྲིས།།
གཤག་པའི་ཁྲག་ནག་བརྡོལ་བའི་རླབས།།
གངས་རིའི་ཁ་དོག་བསྒྱུར་པར་བྱས།།
འཇིགས་མེད་ཐུགས་སྟོབས་ཟླ་བའི་འོད།།
ལྷན་སྐྱེས་བློ་གྲོས་ཡངས་པའི་བཅུད།།
ཀུན་རྫོགས་ལ་ནི་ནོར་བུའི་ཕྲེང༌།།
བདེ་འབྱུང་གཙུག་གི་དོ་ཤལ་བྱིན།།
དེ་བྱུང་རིག་པའི་མུ་ཏིག་ཕྱྭ།།
བདེན་སྟོབས་ལྡོག་པའི་ལྕགས་ཚན་གྱིས།།
བཙུར་བའི་དོན་ཚན་བཅ྄ུ་བདུན་འདིས།།
སྲོང་གཏམ་ལུགས་ཀྱི་མགོ་བོ་རྡུང༌།།
གསེར་ལྡན་སྣང་བའི་ཆུ་རིས་འཇའ།།
འོད་འཐུལ་ལུས་སྐྱེས་འཛིན་པའི་གཟུགས།།
དྲག་རྒོལ་ལྐོག་མར་བྱིན་པའི་སྙིང༌།།
འདར་ལྡན་བྲེད་ཀྱི་གནས་སུ་གཡུགས།།
འཁྱོག་མེད་ལུགས་ཀྱི་ཚངས་པའི་ཐིག།
ལུང་རིགས་ལེགས་བཤད་ཟེར་མའི་རྒྱ།།
རིང་བར་བསྟབས་པའི་ཕྱག་སོར་གྱིས།།
འདི་སྣང་དགེ་ལེགས་ཞི་བས་བཀྱགས།།
རི་སྐྱེས་རང་དབང་འགོག་པའི་འཕྲུལ།།
ཀྱོ་བ་ལྕགས་ཀྱི་ཞགས་ཐག་གིས།།
བཅིངས་པ་ཡུད་ཀྱིས་བསྒག་པའི་ཟུག།
རང་བྱུང་རི་ཡི་ཟླ་བོར་བསྡེབས།།
ལོག་རྟོག་སྲིན་པོའི་སྙིང་གི་ཁམས།།
རྣོ་ལྕགས་ཐིག་རིས་གསལ་བའི་ཀློང༌།།
སྲོག་འཛིན་གདུང་བ་འཐོར་བའི་རུས།།
དོན་དམ་ཆོས་ཀྱི་གཟིགས་མོར་ལགས།།
བདུད་ཏོའི་མུན་པའི་ལྕགས་ཚན་གྱིས།།
གཙེས་པའི་གཙུག་ལག་སྣང་བའི་གར།།
ཕས་རྒོལ་ཞི་བའི་ལན་ལྡོན་དུ།།
བཞེངས་པའི་ཁྱེད་ཞབས་ཐང་ལ་བབས།།
སྤྲོས་མེད་ཐུགས་ཀྱི་སྨོན་པ་བརྒྱ།།
བསམ་གཏན་སེམས་ཀྱི་དབྱིངས་རིག་ཏུ།།
གཏད་པའི་ཕྱག་ཞབས་འདར་བའི་སྣེ།།
བོད་འབངས་ལི་ཁྲིའི་ས་བར་འཁྱུད།།
ཐུགས་རྗེ་རོ་མའི་སྤྲིན་དཀར་ཕུང༌།།
དྲག་དཔུང་དུག་མཚོན་རྣོ་བའི་དབལ།།
བསྟན་སྲིད་ནོར་བུའི་ཡུ་བ་ཅན།།
བཞེངས་པའི་ཞབས་རྗེས་བྱོལ་ལ་ཕེབས།།
རྔམ་གནག་ཁོང་ཁྲོ་དམར་པོའི་མེ།།
འབར་བའི་དགྲ་སྡེ་འཁྲུགས་པའི་མཚོན།།
བསྟབས་པའི་ཡར་ཀླུང་དག་བྱེད་རོས།།
དྲངས་པའི་གདུང་བ་སྙིང་ལ་གཟན།།
བཙན་གནོན་གཙེ་བའི་ན་ཟུག་གིས།།
བསླངས་པའི་ཞི་རྒོལ་འཁྲུགས་པ་མོ།།
གཏུམ་དྲག་མཚོན་གྱི་འཁོར་ལོ་ཡིས།།
འཇོམས་པའི་ཁྲག་ཞགས་རླབས་ཀྱིས་འཁོལ།།
མཆེ་སྡེར་དཔུང་བ་བསྡུས་པའི་རྩེར།།
ལངས་པའི་ཚེ་སྲོག་བྱེ་བ་བརྒྱས།།
རང་ལུགས་ལུས་ཀྱི་མཆེད་པོ་དེར།།
གསོན་སྙིང་རྒྱས་པའི་ཆོ་ག་བརྩམས།།
ལྷུར་བཞེས་ལྷུན་པོའི་དཔུང་གི་རྩེར།།
དར་བ་གཡུལ་རྒྱལ་མདའ་མོའི་རྩལ།།
ངན་གཡོ་དགྲ་ཟླའི་ཁ་ཡི་སྒོར།།
བརྡེག་པའི་རྔ་ཆེན་མཁའ་ནས་ལྡིར།།
རྩེ་ཤོད་དྲུང་མིས་སྤར་བའི་སྤོས།།
བཞེས་པ་ལྷ་ཡི་སྲས་པོའི་གར།།
བསྟན་སྲིད་ནོར་བུའི་རྒྱལ་མཚན་གདུགས།།
འདེགས་པའི་དགེ་ཚོགས་གཡང་དུ་འཁོར།།
རྒུད་ཚོགས་མུན་པའི་ཆོམ་རྐུན་དགྲ་ཇག་དམར་སྲིན་འགོང་པོའི་བྱས་པ་བརྒྱས།།
གངས་ལྗོངས་འཛིན་མའི་དབུགས་དང་སྲོག་རྩར་སྡང་ལྡན་འཁུ་བའི་ངན་སྦྱོར་དེ།།
མ་བཏང་ཐུགས་རྗེའི་ཀྱོ་བ་རྣོན་པོས་ལེགས་བཟུང་རྡོ་རྗེའི་གཡར་དམ་བཅས།།
ལས་བཞིའི་འཕྲིན་ལས་གཡོ་བ་མེད་པར་ཐུགས་སྟོབས་རྩལ་གྱི་གར་ལ་བསྟིམས།།
བྷོ་ཊའི་ཆོས་སྲིད་ལས་ཀྱི་འཁོར་ལོ་གདོན་སྲིན་མཆེ་བའི་དུག་རླངས་ཀྱིས།།
ཉམས་ཉེས་ཡུར་ཆུ་ཁྲག་ལ་བསྒྱུར་པའི་མདུང་རྩེ་རྣོན་པོའི་འགག་འཕྲང་ལས།།
ཆབ་འབངས་བྱེ་བའི་ཕུགས་རེ་བསྣམས་ཏེ་འཕགས་ཡུལ་འཛིན་མའི་ཐིག་ལེ་རུ།།
གཞོལ་མེད་ཐུགས་སྟོབས་སྙིང་ལ་བརྐོས་ཏེ་བསྟན་སྲིད་གསོ་བའི་དཔལ་དུ་བཞེངས།།
ལེགས་བྱས་དགེ་བའི་དཔྱིད་དཔལ་རྒྱས་པ་འཕགས་པའི་ཞིང་མཆོག་ས་བ་ནས།།
མཻལ་བའི་ཧིན་བོད་མཛའ་འབྲེལ་གསེར་སྐུད་རིང་ནས་བསྣོལ་བའི་རྡོ་རྗེའི་མདུད།།
དམ་དུ་འཁྱིལ་བའི་ཉམས་མེད་ལག་རྡང་ཆོས་སྲིད་ཁ་བའི་སྙིང་པོའི་བཅུད།།
འོད་ལྡན་ནོར་བུའི་བརྗིད་པ་བཙན་པོས་རྒྱ་སྡེའི་སྙིང་ལ་ཟུག་རྔུ་བསླངས།།
ལོག་རྟོག་འབྱུང་བོས་ནག་གནོད་སེམས་ཀྱིས་མཆེ་སྡེར་ནག་པོ་གཙིགས་པ་དང༌།།
དགྲ་སྡེའི་ཕྱོགས་འཛིན་གདོན་སྲིན་འགོང་བོས་ལྕེ་གཉིས་དུག་རྩ་བྱུགས་པ་དང༌།།
ནང་བྱུས་རུལ་བའི་རང་ལྟག་འཁྲེགས་པོས་མི་བཟད་གདོན་ཁ་བརྩངས་པ་སོགས།།
གང་གི་གཡར་དམ་ཐུགས་བསྐྱེད་རྒྱ་ལས་གཟུར་མེད་འཕྲིན་ལས་མཚར་དུ་བསྐྱངས།།
འཕྲིན་ལས་ཞབས་ཀྱིས་བཏེགས་པ་དང་པོའི་འཕྲུལ།།
ལྷུན་སྟུག་རི་དབང་གཉོམ་པའི་གར་དབང་ལ།།
ཆགས་པ་མ་སུ་རི་ཞེས་སྙན་པའི་དབྱངས།།
གྲགས་པ་སྟོང་སྐད་འཁོར་བ་ཉམས་ཀྱིས་སྒེག།
མཚར་འཛིན་ས་ཡི་སྙིང་པོའི་འདབ་མ་དཀར།།
མི་གཡོ་དྲང་སྲོང་ལྟ་བུའི་ཏིང་འཛིན་གྱིས།།
བསྲིངས་པ་ཁྱེད་ཐུགས་ལ་ནི་སྤོར་བ་བཞིན།།
དཔག་ཡས་མཛད་འཕྲིན་སྒོ་མོ་དང་པོ་ཕྱེ།།
ཞི་བ་ཆོས་ཀྱི་གནས་དགོན་མཐོ་རིས་སར།།
འཕོས་པ་འཕགས་པའི་རྒྱལ་ཁབ་སྟོབས་པོ་ཆེའི།།
འཛིན་པ་ཆེ་རྒུས་གདེངས་ཐོབ་ནེ་ཧ་རུས།།
བརྐྱངས་པ་ཆུ་ཡི་སྙིང་པོར་བྱིན་མདངས་བཞད།།
གནས་འཚོའི་འགྲོ་བ་འཐོར་བའི་མུ་ཅོར་སྒྲས།།
དུབ་པ་འབངས་ཀྱི་དུ་ཁ་འཕྱུར་བའི་རླབས།།
གང་གི་བློ་གྲོས་བུམ་པའི་ལྟོ་བ་རུ།།
ཤོངས་པའི་ངོ་མཚར་མཛད་པ་ཨེ་མ་རྨད།།
དྲེགས་ལྡན་ཆོས་སྲིད་དཔུང་བ་མཐོ་བའི་རྩེ།།
རྣམ་བཏང་རིན་ཆེན་མུ་ཏིག་བརྒྱུས་པའི་གཏེར།།
གྲགས་པ་གྲུ་འཛིན་རི་བོ་དྷོ་ལ་རྡར།།
རེག་པ་ཡིད་སྐྱེས་དགའ་བ་དགུང་ལ་འཕྱོ།།
གནའ་གྲོང་ནོར་བུ་རྒྱས་མའི་འདབ་སྟེགས་ལ།།
ཡིད་འབྱུང་དངོས་སྐྱེས་འཁྲིགས་པའི་ཚང་ཚིང་ཀློང༌།།
ཆོས་སྲིད་ལེགས་ཚོགས་འཕེལ་བའི་ཕོ་བྲང་ཆེ།།
དཔལ་ལྡན་སྣང་བ་འགུགས་པའི་མགྲོན་དུ་གྱུར།།
ལྷུན་གྲུབ་ཆུ་གཏེར་ཟླ་བའི་བ་གམ་ལས།།
འཕོས་པ་བློ་གྲོས་རྨུགས་འཛིན་ས་ཡི་སྙིང༌།།
འཇུག་པ་བསྐྱེད་བྱས་སྲིད་ཞིའི་དགེ་བའི་མཐོངས།།
ཅི་དགར་འཛུམ་པ་ཛ་ལན་དྷ་ཡི་གྲོང༌།།
ཁེངས་ལྡན་དྲེགས་པ་འཁྱིལ་བའི་བྱང་གི་ཕྱོགས།།
དགེ་བཅུའི་ཕུན་ཚོགས་རྫོགས་པའི་ཚལ་ཆེན་དུ།།
བབས་པ་མཐོ་རིས་ཁེངས་པ་སྐྱོང་བྱེད་པའི།།
ཆོས་ཀྱི་མགྲོན་ས་ཆེན་པོ་ཉམས་རེ་དགའ།།
བསྟན་སྲིད་ནོར་བུའི་གྲགས་པ་དཀར་པོ་མཚར་འཛིན་སྣང་བའི་མུ་ཁྱུད་ཅན།།
འཕྲིན་ལས་གངས་ཀྱི་ས་འཛིན་ལ་ནི་ཟླ་ཤེལ་བརྩེགས་པ་ལྷུན་པོའི་དཔུང༌།།
མ་རྙིང་རང་ལུགས་བཀར་བཏགས་ཕྱག་རྒྱས་བགྱི་བ་བསྲིངས་པའི་གར་སྟབས་ཀྱིས།།
འཛམ་གླིང་སར་བའི་བདེན་དོན་སྣང་བ་གཡོན་མར་གྱུར་པའི་བརྡ་རྟགས་ཤར།།
གསང་གསུམ་སྙན་པའི་གར་དབང་ལ་ནི་ཡིད་སྐྱེས་དྲེགས་པའི་དད་སེམས་འཁོར།།
འཇིགས་མེད་སྡེ་ཆེན་སྙིང་གི་ཕུགས་པར་སྙན་ཤལ་དུས་ཀྱི་དུ་ཀཱུ་ལ།།
ཆེ་རྒུའི་ཕྱག་སོར་སྙིམ་པའི་རྩེ་དགས་དཔུང་བ་མཐོ་བའི་འགྲོས་ཀྱི་སར།།
བརྡལ་བ་རྡ་སའི་ཞིང་ཁམས་ལ་ནི་རིན་ཆེན་དང་པོའི་བྱིན་རླབས་འཁྱིལ།།

རིས་མེད་རིན་ཆེན་ནོར་བུའི་སྣང་བ་ལ།།
ཞེན་པ་བྱམས་བརྩེའི་དཔུང་བ་འདེགས་པའི་གཟི།།
བདེན་དོན་ལས་ཀྱི་འཕྲིན་ལས་ཉི་ཟླའི་འོད།།
འཛམ་གླིང་འཛིན་མའི་ཕང་ལ་ཐང་མར་བརྡལ།།
འཇིགས་མེད་གསེར་གྱི་དེབ་ཡིག་ཐེར་ཀ་ལས།།
འབུས་པ་བདེན་དོན་གཏམ་གྱི་བིམ་པའི་བགྲོས།།
བསླངས་པ་སྲིད་སྟེགས་རྒྱལ་སྤྱིའི་གསེར་སྙན་ལ།།
དྲངས་པའི་བདེན་རྒྱབ་སྤྲིན་གྱི་འདུ་འགོད་བཞིན།།
དགེ་ལེགས་སྣང་བ་དམ་པ་འཁྱིལ་བའི་རླབས།།
ཆེ་རྒུའི་དྲེགས་པ་དཔུང་བའི་མལ་གདན་དུ།།
བཏིང་བའི་བྱས་པ་བརྗིད་པའི་འཇིག་རྟེན་གྱི།།
གྲངས་མེད་འགྲོ་བའི་བསོད་ནམས་ཟོངས་སུ་འཕོས།།
རྨད་བྱུང་ཚོགས་གཉིས་འདུས་པ་བསོད་ནམས་དཔུང༌།།
སྙན་པའི་དབྱངས་བདུན་རྫོགས་པ་དྲུག་སྐྱེས་གླུས།།
དྲངས་པའི་བདག་སྐྱེས་སྲིད་པའི་སྙིང་པོ་ལ།།
ཆགས་པའི་བདེ་ལེགས་སྐལ་བས་སྤྲོ་བ་བརྟས།།
མེས་པོས་དཀའ་བ་སྟོང་གིས་བསྐྲུན་པའི་དཔྱ།།
རིན་ཆེན་རིག་པའི་ལྔ་ཟུང་བྱུ་རུའི་སྒྲོས།།
གཡོ་བ་གསང་ལྕམ་འགུགས་པའི་ལྟེ་མའི་ཚལ།།
རིངས་པར་སྒྲུབ་པའི་རིག་ལྡན་དབང་པོ་ལགས།།
ཕྱོགས་མེད་གནའ་དེང་རིག་པའི་སྙིང་པོའི་གར།།
བསྒྱུར་པ་བརྡ་མཚོན་ཤར་མའི་སློབ་རའི་གླིང༌།།
ན་གཞོན་དཔུང་བ་བསྒྲིལ་བའི་རིག་སྟོབས་ཀྱི།།
མཛའ་བ་ལྷན་ཅིག་སྐྱེས་པ་དུས་སུ་ཆགས།།
ཡུལ་དུས་རྨུ་ཐག་བརྒྱུས་མའི་རྡང་ག་ནས།།
འཕེལ་བ་ཕྱོགས་ཆའི་དུས་དགྲ་རྔམ་པོ་ཡིས།།
བསྲིངས་པ་དུག་མཚོན་དུས་ཀྱི་སྙོམ་འཇུག་ལ།།
བབས་པའི་སྲོག་དབང་ཞི་བའི་མདངས་སུ་འཁོར།།
ངོ་མཚར་བློ་རིག་སྐྱེས་ཀྱིས་བཀྲ་བའི་གཟུགས།།
འཆང་བ་ཆེ་བའི་མཁོ་ལག་རྫོགས་པ་ཅན།།
འཆད་མཁས་མཉམ་གཞག་ཀླུ་དབང་མཛངས་པའི་ཚོགས།།
བསྐྱངས་པ་སྐྱེས་མཆོག་བཤེས་གཉེན་དཔལ་དུ་ཆེ།།
མཚུངས་མེད་ཤཱཀྱའི་བསྟན་པའི་སྙིང་པོའི་བཅུད།།
རིས་མེད་འགྲོ་ལ་འགྲེམས་པའི་བྱས་པ་བརྒྱའི།།
འཛིན་པ་བསམ་གཏན་དང་པོའི་བརྟུལ་ཞུགས་ཀྱིས།།
འཛུམ་པའི་བློ་གསལ་ངག་རིག་ཀློང་དུ་བརྡོལ།།
བྱོལ་མའི་སྡེ་བཅས་སྤྲོས་པ་དང་པོའི་ལམ།།
འབད་བརྒྱའི་རྔུལ་ཐིགས་བསགས་པ་གླང་པོའི་སྣ།།
བརྐྱངས་སྐུམ་སྟོང་ལྡན་དུས་ཀྱི་གཡུལ་ངོགས་ནས།།
འདོད་པའི་ལས་ལ་ཕས་ཀྱིས་རྒོལ་བ་བཞིན།།
འདེབས་ཞིང་གཤིན་པའི་ཚལ་བ་མཐོ་རིས་ཀྱི།།
སྒྲེགས་པ་ལས་ཀྱི་ལྟོ་བར་ལྷུང་བའི་ལས།།
མི་བཟོད་མུ་ཅོར་སྨྲ་བའི་སྣང་བ་འདིས།།
སྐབས་སུ་འཕོས་པ་བློས་བཟོད་སྟོབས་ཀྱིས་བསྐྱངས།།
མཐའ་ཀླས་འགྲོ་བའི་མོས་ཁམས་ལ་ནི་སྣ་ཚོགས་འཕྲིན་ལས་སྐྱེས་ཀྱི་རྒྱ་ལ་རབ་ཆུད་པའི།།
རྨད་བྱུང་བགྱི་བ་འཕྲལ་ཡུན་ལས་ཀྱི་ལེགས་ཚོགས་ཡོན་ཏན་སྙན་དབྱངས་རྒྱུད་ལྡན་ཏམ་ བུ་ར།།
འཛམ་གླིང་འཛིན་མའི་དཀྱིལ་འཁོར་ཡངས་ལས་གཟུར་གནས་སྟོང་གིས་མོས་དད་སྤྲོ་བས་དཀྲོལ་བ་ཡིས།།
བསྟན་སྲིད་ལས་ཀྱི་རྒུད་དཔུང་རལ་ཞིང་ངོ་མཚར་འདུ་བྱས་བདེན་པའི་སྙིང་པོ་གསལ་བར་གྱུར།།
ཕན་བདེ་འགྲོ་བའི་ལེགས་ཚོགས་བསྡུས་པའི་སྐྱེས།།
ཡང་དག་ཐུབ་བསྟན་ཟླ་ཤེལ་དྭངས་མའི་ཁམས།།
ངན་གཡོའི་དཔུང་བ་མཐོན་པོས་བསྒྲིབ་བྱས་ཀྱང༌།།
ཐུགས་བསྐྱེད་གཡར་དམ་དུས་ཀྱི་རྒྱ་ལ་ཆུད།།
རིས་མེད་རྒྱལ་བསྟན་སྙིང་པོའི་རང་ལུགས་གར།།
བསོད་ནམས་མཐུ་སྟོབས་བཙན་པོས་ཉེར་དྲངས་པའི།།
ལུང་རིགས་འབྱུང་བ་དང་པོའི་རྩ་ལག་ཏུ།།
གྲུབ་པའི་སྡེ་ཚོགས་བྱུར་དམར་མདངས་སུ་ཆགས།།
མཁས་གྲུབ་བྱེ་བའི་དཔུང་རྡང་རྒྱ་མཚོའི་སྡེ།།
འབྱུང་གནས་གཙུག་ལག་ཞབས་སེན་དྷྭ་ཛ་ཀའི།།
སྙིང་པོར་ཆགས་པ་ལུང་རིགས་རིན་ཆེན་དངོས།།
ཀུན་འབྱུང་ཕུན་ཚོགས་ལམ་གྱིས་ཡང་དག་བྱིན།།
དེ་ལྟའི་ངོ་མཚར་རིན་ཆེན་བྱེ་བའི་དཔུང༌།།
རྒྱལ་བསྟན་སྣང་བ་འཛུམ་པའི་འདབ་སྟེགས་སུ།།
རིས་མེད་ཆོས་ཀྱི་བརྒྱུད་ཚོགས་སྤྲོས་པའི་ལམ།།
འཆར་བའི་ཡང་དག་ལམ་ལ་སུ་ཡང་ཆགས།།
སྙིང་པོ་དོན་གྱི་བསྟན་པ་སྤེལ་བ་ལ།།
བོད་བརྒྱུད་རིས་མེད་ནང་བསྟན་དགའ་བའི་དཔྱིད།།
འཛིན་པ་ནོར་གྱི་བློ་གྲོས་འཁྱིལ་བའི་ཀློང༌།།
ཀུན་ཕན་བདེ་དགའི་སྣང་བ་ཚོགས་ཀྱིས་བཟུང༌།།
མི་ཕྱེད་སྙིམ་པ་མང་རྩི་སྙིང་པོའི་བཅུད།།
དཔྱོད་ལྡན་དགྱེས་པ་མདོ་སྔགས་ཆོས་ཀྱི་ལུགས།།
བསྡུར་བ་ཏིང་འཛིན་དགའ་བའི་གཡོ་བ་ལ།།
ཆགས་པ་ཆུ་རིས་གཉེར་མ་གཏིང་ནས་གསལ།།
མི་མཐུན་རིས་ཀྱིས་ཤར་བ་ཆོས་ཚུལ་ཆེའི།།
མཐུན་གནས་གྲོགས་སུ་མན་པའི་སྣང་བ་ཡིས།།
བརྩེགས་པ་ལྷག་བློའི་ཀུན་བཟང་མཆོད་པའི་ཞིང༌།།
དགའ་བ་རྫོགས་ལྡན་བྱེ་བའི་འདབས་སུ་འཁཽར།།
མི་འཇིགས་ཐུགས་རྗེའི་ཆུ་གཏེར་བསྲུབས་པའི་རླབས།།
མངོན་པར་འཕྱུར་བ་བདུད་རྩི་འབབ་མའི་རྒྱུན།།
མཁྱེན་རབ་གསེར་གྱི་ནོར་བུས་བགྲུངས་པ་ལ།།
རྨད་བྱུང་རྟེན་འབྱུང་ཚོགས་པ་རིང་བར་བྱས།།
ཕུན་ཚོགས་སྲིད་ཞིའི་རིན་ཆེན་སྤུངས་པ་དངོས་གྲུབ་སྲོག་གི་སྙིང་པོ་སྟེ།།
གངས་དཀར་དགེ་ལེཊ་རིག་པའི་སྐྱེད་ཚལ་རྔམ་གནག་དམར་པོ་མེ་ཡིས་བསྲེཊ།།
དེ་ལྟའི་སྡུག་ཡུས་དཔུང་གིས་བཞེས་ཏེ་མེས་པོའི་ཤུལ་རྗེས་གཉོམ་པའི་རིས།།
ཡང་དག་བཟུང་བའི་ལས་ཀྱི་ཟློས་གར་ལྟ་ངན་རླུང་བུས་གསུབ་པར་ཞུགས།།
ཚེ་རབས་མཆོག་གི་སྐྱེས་པའི་ཕྲེང་བ་བྱམས་བརྩེ་ཞི་བའི་གོང་བུ་སྟེ།།
གཞལ་མེད་རིན་ཆེན་གཙུག་ལག་ནོར་བུ་དངོས་གྲུབ་ཕྱྭ་གཡང་འགུག་པའི་གཉེན།།
མ་སྨད་ཕུན་ཚོགས་གསོས་སུ་སྤྲོས་པ་ཕན་བདེའི་དབུ་མ་དམ་པའི་སྲོལ།།
ཆེས་ཆེར་ཕྱེ་བའི་བ་དན་དཀར་པོས་གོ་ལ་ཆེན་པོ་སྒུལ་བར་བྱས།།
དགེ་ཚོགས་ཕུང་པོ་རིང་ནས་གསོ་བའི་ཐུགས་སྟོབས་གླང་པོས་བསྒྱུར་པ་ལ།།
ཉམས་མེད་བདེན་སྟོབས་ཕྱག་གི་དཔུང་རྡང་རྨང་ནས་མེལ་བའི་རྒྱལ་སྲས་ཆེ།།
གསར་དར་དུས་ཀྱི་གོ་འཁྲབ་མཚཽན་ཆས་བྱེ་མར་བཏུལ་བའི་སྐྱོ་གར་འབུམ།།
རྒྱས་པའི་དུས་རླབས་བྱམས་བརྩེ་ཞི་བས་སྙོམ་པར་སྐྱེལ་བའི་བརྡ་རུ་བཞེངས།།
འཇིཊ་པའི་ངལ་སྣང་ལས་ཀྱིས་བསྐྲུན་པ་འཁོར་ཆོས་རིགས་པའི་བརྡ་རྟགས་ཏེ།།
ཕུན་ཚོགས་དག་པ་བྷོ་ཊའི་ལེཊ་བྱང་མཛའ་བ་མུལ་གྱིས་རྔམ་པས་འཐུང༌།།
ངན་སྲོལ་ལུགས་ཀྱི་ཟོང་ཁ་རྣོན་པོ་ཤུགས་ཀྱིས་རྒྱས་པའི་སྣང་ཚུལ་འདིས།།
གངས་དཀར་ཨ་མའི་སྲོག་གི་སྙིང་པོ་ལན་བརྒྱར་འབིགས་པའི་ལོ་རྒྱུས་ཡིན།།
མཁྱེན་བརྩེའི་ཞི་བ་དམ་པའི་སྟོབས་ཀྱིས་གཞིས་སྨན་བཟོ་ཚོཊ་དཔལ་དུ་བསྐྲུན།།
ཕན་བདེའི་དངོས་གྲུབ་མཆོག་གི་འབུལ་སྐྱེས་མང་གཙོའི་ཀ་བ་ཡང་དག་བསླངས།།
འགྱུར་མེད་གཡར་དམ་རྡོ་རྗེའི་ཕྱག་གིས་བསྟན་སྲིད་གདུཊ་དཀར་ཕྱི་ནས་བསྒྲེངས།།
འཕཊ་པ་ཆེན་པོས་འཕཊ་པའི་འཕྲིན་ལས་འཛམ་གླིང་རིག་པའི་ཞིང་ནས་སྤེལ།།
དེ་ལྟར་མཛད་བརྒྱའི་སྣང་བའི་མེ་ཏོག་ཤེས་རབ་འཕྲུལ་གྱི་གོ་ཆར་བསླངས།།
མི་སྡུག་མུན་པའི་གཅོང་རོང་ཟབ་མོར་ཐུགས་བསྐྱེད་ཟླ་བའི་ཞིང་ལ་དྲངས།།
མཚར་འཛིན་འཕྲིན་ལས་ཞི་བའི་མཆོད་སྤྲིན་འདུ་ལོང་འཁྲུཊ་མའི་འགྲམ་པར་ལྷུང༌།།
ཨེ་མ་རྒྱ་ཆེན་ཆོས་ཚུལ་རླབས་པོ་འཛིན་མའི་ཕང་ལ་བྱུར་གྱིས་བསྐངས།།
ལུགས་ཀྱི་དྲ་བ་མེལ་བའི་འཕྲུལ།།
མཉེས་གཤིན་བུམ་པར་བསྲེལ་བའི་རྒྱ།།
ཞི་གྲོས་བདུད་རྩིའི་རླབས་ཀྱི་ཕྲེང༌།།
མི་མཐུན་སེལ་བའི་གྲོགས་སུ་བབས།།
བཅས་རང་ལས་ཀྱི་དཔུང་བ་ཡིས།།
དམར་སྲིན་མུལ་གདུག་གླལ་བའི་ཁར།།
ལྷུང་ཉེའི་སྲོག་དབང་གངས་ཀྱི་ལྗོངས།།
འཐག་འཕྲུལ་དྲ་བའི་རྒྱ་ལས་འགོངས།།
དེ་ལྟའི་དཔུང་བ་མཉམ་པའི་ངོགས།།
ལུགས་མེད་གདོན་སྲིན་ཁྲོས་པའི་ཁྲག།
ངན་དགུའི་དྲག་གནོན་འཚུབ་པའི་ཀློང༌།།
རྒྱལ་སྤྱིས་སྲུང་བའི་ཚོགས་སུ་བཏབ།།
མངོན་འདོད་འཕྲུལ་རིག་གློག་གི་རྩལ།།
རིང་ནས་འཁྱུག་པ་མཁས་པའི་ཚོགས།།
དངོས་ཤུགས་འཐབ་མར་རོལ་བའི་གར།།
མཚར་འཛིན་གླུ་ཡིས་སྒྲོན་པར་བྱས།།
དཔའ་མཛངས་དཔུང་བ་མཐོ་བའི་མིས།།
གདུང་སེམས་གཅིག་ཏུ་བཅད་པ་མོས།།
རྒྱ་རྒོལ་རྡོ་རྗེའི་གཏམ་གྱི་མདས།།
དམར་པོའི་སྲིད་ཀྱི་སྙིང་འདི་འབིགས།།
རིན་ཆེན་རིག་པ་གྲོལ་བའི་དབུས།།
རྨུགས་འཛིན་ནོར་གྱི་སྙིང་པོའི་ཕུལ།།
བདེན་སྟོབས་སྙིང་གི་ཟེགས་མ་རུ།།
བབས་པའི་རུས་བཀྲ་མདངས་སུ་གསལ།།
རྗེས་ཆགས་ཐུགས་བརྩེའི་རྫིང་གི་ངོགས།།
ཕྱོགས་འཛིན་བཀའ་དང་འཛིན་པའི་གཙོས།།
ཁྱེད་གསུང་འོད་ཀྱི་སྙིང་པོའི་མདངས།།
གསལ་བའི་རྒྱ་ལ་རིངས་པར་བྱིན།།
གཏིང་རིང་ལྗགས་ཀྱི་འཕྲུལ་འཁོར་ལས།།
འཕོས་པ་རིག་འཛིན་ལྡེམ་པའི་དཔུང༌།།
སྨིན་བྱས་སྣང་བའི་རོལ་གར་གྱིས།།
གྲོལ་བའི་དགེ་ལེགས་མཁའ་ནས་འཐོར།།
འཁོར་ཆགས་བརྗིད་པ་གཡོན་མའི་མདངས།།
གངས་སེང་དགའ་བའི་དཔྱིད་དུ་བབས།།
མུན་གྲོལ་རྒྱལ་མཚམས་མཐོན་པོའི་གདུགས།།
ཕྱྭ་གཡང་འགུགས་པའི་གཏེར་དུ་ཕུབས།།
སྔོ་བསངས་མཁའ་ཡི་གླང་པོའི་གར།།
འཛིན་ལྡན་རྒྱ་སྐྱེགས་རྒྱས་མའི་འདབ།།
བདུན་སྐྱེས་ཛ་ལན་དྷ་རའི་ཁམས།།
སྐྱོང་བ་དྲེགས་འཛིན་རྦབ་ཏུ་འགྲིལ།།
གཡུལ་རྒྱལ་ཡུལ་གྱི་གསེར་ལྡན་མས།།
གསོས་པའི་དངོས་སྐྱེས་འཛུམ་པའི་ཚོགས།།
ཞི་བདེའི་ཚངས་པ་ཆེན་པོའི་དབྱིངས།།
འཁྱིལ་བའི་ལེགས་ཚོགས་ནོར་གྱིས་འགེངས།།
ཕྱི་ནང་ཆོས་ཁྲི་འཛིན་པ་ཅན།།
དུས་བབས་དུས་ཀྱི་རྔ་བོ་ཆེ།།
ཤེས་རབ་དངོས་གྲུབ་མང་རྩིའི་རྒྱུན༌།།
དག་པའི་ཡོ་ལངས་མཁའ་ནས་འཁྲིགས།།
གལ་གནད་སྣང་བ་དག་པའི་ཁམས།།
འདྲེན་པ་མཁྱེན་རབ་རྒྱས་པའི་སྤྱན།།
གཤིན་པ་གཅིག་ཏུ་བགྲོས་པའི་བཀའ།།
མཐུན་པའི་ང་རོ་གསང་མཐོར་བསྒྲགས།།
དེ་བྱུང་དངོས་རིག་གསར་བའི་དཔུང༌།།
གྲགས་པ་གླིང་བདུན་རྫོགས་པའི་ལས།།
བསྲིངས་པོར་སྐུལ་བའི་དུས་གཏམ་མ།།
བདེན་པའི་གནས་ལ་བག་མར་བརྫངས།།
འཇིགས་མེད་ཁྲི་འཕང་མཆིད་མའི་ཚལ།།
བཏེགས་པ་ལུགས་ཀྱི་ཟ་འོག་དར།།
འཐེན་པ་དྲེགས་ལྡན་ཡིད་ཀྱི་རྟས།།
དྲངས་པ་བདེན་པའི་དཔང་བོར་ཤར།།
གནའ་དེང་རིག་པ་རྒྱས་པའི་དཀྱེལ།།
འདུ་གནས་ལས་ཀྱིས་བསླབ་པའི་གཞི།།
འཛིན་པ་ཆོས་ཀྱི་རྒྱལ་ཐབས་སུ།།
འགྲེང་བའི་སྙིང་པོ་དུས་ཀྱིས་གཏད།།
རང་སྡེའི་ཆོས་སྲིད་ནོར་བུའི་སྐྱ།།
བསྒྲིལ་བའི་བློ་གྲོས་དྭངས་མའི་སྟོབས།།
ཚོགས་གསུམ་བདེན་པའི་གཉེན་པོ་རུ།།
བཞེངས་པའི་ནང་སྐྱེས་དཀྲིགས་པ་ལགས།།
མཛད་བརྒྱའི་སྣང་བ་འཛུམ་པའི་རིས།།
ཤར་བ་གོ་ལའི་འདབ་མའི་སྟེགས།།
འཕེལ་བའི་བློ་གྲོས་རྒྱས་ལྡན་མས།།
གྲགས་དཀར་སྙན་པའི་ཟླ་རུ་ལངས།།
འདི་སྣང་ཆོས་སྲིད་ནོར་བུའི་འདབ་སྟེགས་དགེ་ལེགས་འཕེལ་བའི་རྒྱ་ལས་རབ་གཡོལ་དམིགས་མེད་གང་སྐུའི་གཡར་དམ་རྡོ་རྗེས་བགོས་པའི་ལེགས་ཚོགས་སྲིད་ཞིའི་གདེངས་ཀར་ཆགས་པའི་ཀློང༌།།
ངན་སྲིན་འབྱུང་བོའི་གཏུམ་དྲག་གཟན་པོས་ཡེ་ཤེས་སྙིང་པོས་སྐུལ་མའི་མདའ་ལ་ཞི་བའི་མཚོན་གྱི་འཕེན་པ་བསླངས་པའི་རྨད་བྱུང་འཕྲིན་ལས་མཁའ་རིས་འོད་ལྔའི་ཞིང་ནས་བཞེངས།།
ཕུན་ཚོགས་ལས་བཞིའི་མུ་ཏིག་སྡེ་བཅས་མཚར་འཛིན་བློ་གྲོས་སྣང་བའི་འདབས་ལས་ཙི་ནའི་དཔུང་གིས་གཤེ་ཞིང་ཉེས་ལ་ཉེས་བརྩེཊ་རྡོག་པ་ལན་གྲངས་འབུམ་གྱིས་གསོ་བར་བཅས།།
དེ་ལྟའི་དངོས་བྱུང་ངན་དགུའི་མཚོན་གྱིས་མི་བསྲུན་གདུག་ཅན་དམར་པོའི་ཚོགས་ལ་ཞི་བའི་ཆབ་རྒྱུན་སྤྲོས་པའི་གཏམ་གྱིས་ཆེ་རྒུའི་གཙུག་གི་ནོར་བུའི་འོད་ཀྱིས་རིང་ནས་བཏེགས།།
ཞི་བ་ཞི་བའི་རིགས་བརྒྱའི་ལམ་གྱིས་སྣང་བ་གནས་ཀྱི་ཆོས་ཚུལ་དྭངས་མ་རིས་མེད་འགྲོ་ལ་རིང་བར་བསྐྱིལ་བའི་བརྩེ་ཆེན་ཐུགས་རྗེའི་འོད་ཀྱི་བདུད་རྩི་རྒྱས་པའི་བཅུད།།
འཕེལ་བའི་སྙིང་པོ་ལྕགས་ཀྱི་རྒྱ་ལས་རིང་བར་གྱུར་པའི་རྒྱས་བཅད་ཉམས་ཀྱིས་སྐྱོ་ངལ་སྤངས་པ་དམ་པའི་འཕྲིན་ལས་རང་སྡེའི་ཕུན་ཚོགས་འཁྱིལ་མའི་གྲལ་ལ་བབས་པའི་མཐུས།།
ལེགས་བྱས་རིན་ཆེན་གཏེར་བརྒྱའི་མངའ་བདག་ཆེན་པོར་གྱུར་པ་ཆེ་རྒུའི་ཚོགས་ཀྱིས་རྣམ་འབྱེད་རིགས་པའི་བློ་གྲོས་ཀྱོ་བས་བཟུང་བའི་ངལ་བ་ལན་གྱིས་བཀྱགས་ཏེ་མཆིས་ པ་ཡིས།།
སྡེ་ཚོགས་དོན་ཆེན་རྒྱ་ཆེར་བསྐྱངས་པའི་དབུ་མ་དམ་པའི་འཕྲིན་ལས་འཇུག་པ་བདེ་བར་སྤྲོས་པ་ངོ་མཚར་འཁྱེར་བྱང་འབུམ་གྱི་སྙིང་པོ་གང་གིས་བསྡུས་རྣམ་རྨད་ལས་འདས།།
རང་བྱུང་ཡེ་ཤེས་སྣང་བ་དམ་པའི་གར།།
ཟློས་པ་སྡོམ་བརྩོན་འཕྲུལ་གྱི་རི་མོའི་གཟུགས།།
བླ་མེད་ཞི་བ་ཆེན་པོའི་འབབ་སྟེགས་ལ།།
ཆགས་པ་ཡིད་སྐྱེས་དགའ་མའི་ཡིད་རབ་ལྷུང༌།།
མཚོན་འཛིན་རྟ་རྡུལ་འཁྲུགས་པའི་མངའ་རུམ་ནས།།
དུས་གཏུགས་མི་བསྲུན་བྱུས་འབྱུང་རྒྱགས་པའི་སྟབས།།
བསྒྱུར་པ་ཀུན་རྟོག་སྣང་བ་བརྡར་བའི་ལྕེ།།
ལྷག་ལྷག་གཡོ་བ་འཇིགས་པ་གཤེད་ཀྱང་མིན།།
ངོ་མཚར་རྨད་པའི་དེ་བྱུང་བདུད་རྩིའི་སྨན།།
འདེགས་པ་མེས་པོའི་ཤུལ་རྫས་རིག་པའི་སྐྱེས།།
ལྟེམས་པ་དགེ་ལེགས་འཁྲིག་མའི་བ་གམ་ལས།།
བདེན་སྟོང་ཆོས་ཚུལ་སྙིང་པོ་གཟིགས་མོར་བཀྲལ།།
ཟུང་འཇུག་སྒྱུ་མའི་འཕྲུལ་ཞགས་གྲོལ་བའི་ཁར།།
རྩེན་པ་ཆོས་སྲིད་ནོར་བུའི་དཀྱིལ་འཁོར་ལས།།
ལེགས་བཤད་གསེར་གྱི་རི་བོར་ཆགས་པའི་མདངས།།
དྲེགས་ལྡན་གཙུག་ལག་ཅོད་པན་ལན་བརྒྱར་སྒྲོན།།
སྣང་གསལ་དམ་པའི་ས་བ་མུ་ཏིག་དཔུང༌།།
འབར་བ་མཚན་དཔེའི་འོད་དཀར་སྙིང་པོའི་ངོགས།།
རྒྱུ་བ་རང་གནས་འཁྱུད་པ་ཞབས་སྐྱེས་རྡུལ།།
མུ་ཏིག་བརྩེགས་མའི་དོ་ཤལ་རྒྱན་དུ་བསྒྲིགས།།
ངན་དགུའི་འབྱུང་བ་མཚང་ཆེན་བརྟས་པའི་དུག།
ལན་གྲངས་བྱུར་གྱིས་འཐོར་བ་སྙིང་གི་ཚེར།།
ཡེ་ཤེས་དབྱིངས་རིག་ཀློང་ལ་བསྡུས་པའི་སྤྲུལ།།
བཟོད་པ་རྒྱ་ཆེན་ཆོས་ཀྱི་སྙིང་པོ་ལགས།།
སྣ་ཚོགས་མི་མཐུན་སྣང་བ་བཀྲ་བའི་ཁམས།།
ཡིད་སྐྱེས་འཇུག་པ་བསྐྱེད་བྱས་སྲིད་པའི་གནད།།
གང་འདུལ་འབེབས་མཛད་ལྷོ་ཡི་དྲི་ལེན་མས།།
སྐྱེལ་བ་སྐྱེས་ཀྱི་རྒྱགས་ཕྱེ་རི་ལ་འཕོས།།
འདི་ཕྱིའི་ཆོས་ཚུལ་རིང་ལུགས་འགལ་མེད་དུ།།
རྟོགས་པ་སྤྲུལ་བའི་ཟློས་གར་གཙང་མའི་འཕྲུལ།།
བྲེས་པའི་རྒྱན་ཕྲེང་འཁོར་ལོ་ཡོངས་བྲེལ་བའི།།
རིམ་གཉིས་ཚོགས་ཀྱི་ཏིང་འཛིན་རིང་ནས་བཟུང༌།།
སྒྲིབ་བྲལ་མཁྱེན་བརྩེའི་མཁའ་ཀློང་ཡངས་པའི་མཁར།།
བརྐྱངས་པ་ཐུབ་བསྟན་གདུགས་དཀར་གཡོ་བའི་ལས།།
མཆེད་པ་ཆུ་རིས་གསལ་བ་ལྕུག་མའི་ལྡེམ།།
སྙན་གོང་གསོ་བའི་སྙིང་པོར་རིང་ནས་ཆགས།།
མི་མཐུན་རིགས་པའི་བགྲོ་བ་དང་པོའི་མཚམས།།
འབྱེད་བྱས་མཁྱེན་རབ་རྩལ་གྱི་སྟངས་ཀ་ནས།།
བྱོན་པ་དགེ་ལེགས་ཞི་བའི་ས་བོན་ལ།།
ཆགས་པ་ཡིད་སྐྱེས་དགའ་བའི་མཆོད་སྤྲིན་འཁྲིགས།།
གཞལ་ཡས་བདེན་སྟོང་ཆོས་ཚུལ་སྣང་བའི་གཏེར།།
འབྱེད་མཁས་ཞི་བ་དམ་པའི་སྙིང་རྗེའི་གར།།
ཟུང་འཇུག་ཐུགས་རྗེའི་ཕུང་པོ་དཔག་མེད་དུ།།
བཞེངས་པའི་ཐུབ་བསྟན་ཟླ་བ་མཁའ་ནས་ཤར།།
མཐའ་ཡས་ཆོས་ཚུལ་མཁྱེན་རབ་རྒྱ་མཚོའི་ཀློང༌།།
མི་བཟད་ལུང་རིགས་རྒྱགས་ཀྱིས་དཀྲིས་པ་ཡིས།།
ཀུན་འབྱུང་དོན་གྱི་སྙིང་པོའི་རྩ་ལག་ཏུ།།
ཕན་བདེ་ནོར་བུའི་ཤེལ་ཕྲེང་མཚར་དུ་དངར།།
ཁ་བ་གངས་ཀྱི་ལྗོངས་ཆེན་ཡངས་པོའི་སྲོག།
གཡོ་མེད་བརྟན་པར་གསོལ་ལ་རངས་པའི་བཀའ།།
མགྲིན་པ་ལས་ཀྱི་འཁོར་ལོའི་ཐོངས་ཀ་ནས།།
ལྡིར་བའི་གནས་ལ་གཟུར་གནས་དགྱེས་པ་ཆེ།།
ཐུབ་བསྟན་རིག་པའི་བཅས་པ་དབུ་མའི་ལམ།།
འདྲེན་པ་བློ་ཡི་དཔྱོད་པ་འཇིག་རྟེན་ལུགས།།
མཐའ་ཀླས་འགྲོ་བའི་མོས་ཁམས་འཕྲོག་བྱེད་དུ།།
འཛུམ་པའི་དུས་བྱས་རྗེས་མཐུན་སྤྱོད་ལ་ལེགས།།
མི་བསྲུན་འབྱུང་བོའི་དྲག་མཚོན་འཁྲུགས་པའི་མཁར།།
མྱ་ངན་དུ་ཁས་གདུང་བ་ལྕི་བའི་བོད།།
དོན་བཟང་བཀའ་ཡིས་བསྒྲུབས་པ་དབུ་མའི་སྲོལ།།
དབྱུང་བྱས་དབྱིག་གི་ནོར་བུ་གླིང་ལ་བསྟན།།
དེ་ལྟར་རྨད་བྱུང་མཛད་བརྒྱའི་སྙིང་པོ་ཡིས།།
བཏེགས་པའི་ལུང་རིགས་སྐྱེས་ཀྱི་རྩ་ལག་ཏུ།།
ཕུན་ཚོགས་ལུགས་ཀྱིས་ལོག་རྟོག་སྲིན་པོའི་སྙིང༌།།
རལ་བའི་རྟོགས་པ་བརྗོད་ཀྱི་མཐའ་ལས་འདས།།
སྣང་སྟོང་སྒྱུ་མའི་སྲིད་མཚོའི་རླབས་ལས་ངེས་དོན་རིག་པའི་ཆོས་ཉིད་བཙལ།།
མ་དག་འཁོར་བའི་རྒྱ་མཚོའི་འཇིངས་ལས་བླ་མེད་བྱང་ཆུབ་ཡང་དག་འཁྲུངས།།
མི་དགེའི་གདུག་རྩུབ་རྣོ་དབལ་མཚོན་ལས་ཞི་བདེའི་ཕྱྭ་གཡང་མགྲོན་དུ་བཀུག།
སྟོང་གསུམ་སྐྱེ་རྒུའི་གཉེན་དུ་གྱུར་པ་བདག་གི་བླ་མ་སྲིད་འདིའི་མིག།
སྒྲིབ་བྲལ་ལས་བཞི་ཇི་ལྟ་ཇི་སྙེད་མཁྱེན་བརྩེའི་དཀྱིལ་འཁོར་དྭངས་མ་ལས།།
འཕོས་པའི་ངོ་མཚར་རྨད་བྱུང་འཕྲིན་ལས་སྤྲུལ་བའི་ཟློས་གར་རླབས་པོ་ཆེ།།
གོ་ལའི་མཚན་དཔེ་གཅིག་ཏུ་རབ་བསྡུས་ངོ་མཚར་དགེ་ལེགས་བྱེ་བའི་ཆ།།
བདག་གིར་བཞེས་པ་རྟེན་འབྱུང་ཟློས་གར་ཆེ་རྒུའི་དཔུང་བ་གཅིག་ཏུ་བསྒྲིལ།།
སྲིད་ཞིའི་ཆོས་ཀུན་རྣམ་པར་འབྱེད་པའི་བདེ་སྡུག་མཉམ་ཉིད་ཀུན་གྲོལ་ཏེ།།
ཡང་དག་ཆོས་ཀྱི་མཁྱེན་རབ་ཡེ་ཤེས་རྒྱ་ཆེན་བློ་ཡིས་སྤྲོས་པ་ཡིས།།
མི་དགེའི་ཚོགས་དཔུང་རྨང་ནས་ཞི་ཞིང་ལེགས་ཚོགས་དགེ་པ་སྤྲོ་བྱས་པ།།
བསྟན་འཛིན་རྒྱ་མཚོ་བསྟན་པའི་སྙིང་པོ་གསལ་བྱེད་ཉི་མ་འོད་པོ་ཆེ།།
གཞོམ་བྲལ་ཐུགས་སྟོབས་རིང་བར་བསྐྱངས་ཤིང་རྨད་བྱུང་འཕྲིན་ལས་དཀར་པོའི་ངོགས།།
རབ་འབྱམས་མཁྱེན་བརྩེ་རིག་པའི་རྩེ་དགས་འགྲོ་ལ་བདེ་བ་ཆེར་བསྐྱེད་ནས།།
སྔ་ཕྱིར་དགེ་ལེགས་ཚོམ་གྱི་གཟེངས་རྟགས་གང་གིས་ཆེད་དུ་བཞེས་པ་འདིས།།
འཇིག་རྟེན་ས་ཡི་གླིང་ཆེན་འདི་ཡང་དགེ་བར་བསྒྱུར་པའི་རྟེན་འབྲེལ་ལགས།།
ཆོས་སྲིད་རྨུ་ཐག་བརྒྱུས་མའི་གདེངས་ཀ་ནས།།
བརྩོན་པ་རེ་འབྲས་ས་བོན་ཕྱྭ་གཡང་གིས།།
གསོས་པ་དུས་ཀྱིས་གཏུགས་པའི་མཚམས་ཤེད་ནས།།
སྨིན་པའི་དགེ་ལེགས་ཟླ་བ་མཁའ་ནས་ཤར།།
བཅུ་མཚམས་ལོ་ཡི་སྟངས་ཚིགས་ཡང་དག་མས།།
སྤེལ་བ་དབུ་མ་དམ་པའི་ཐེལ་སྒྲོམ་ཅན།།
འཛིན་པ་གསེར་གྱི་ཐམ་ག་བརྗིད་པའི་རིས།།
ཕུན་ཚོགས་གནས་ལ་སྟོབས་ཀྱིས་གནང་འདི་མཚར།།
དབང་མངའི་སྡུད་པ་ཆེན་པོའི་སྲོལ་གནས་ན།།
མང་ལ་གཙོ་བ་དམ་པའི་འཕྲིན་ལས་ཀྱིས།།
འཇུག་པ་ཆོས་སྲིད་ཀ་བ་གངས་རིའི་མགོན།།
གོ་ལའི་ལེགས་ཚོགས་སྐྱོང་བ་དགའ་བས་བསྐྱེད།།
སྲིད་གསུམ་རིན་ཆེན་གསེར་གྱིས་གང་བ་གངས་ལྗོངས་ཁ་བའི་སྙིང་པོ་སྟེ།།
ལེགས་བྱས་དུས་ཀྱི་འཇུག་པ་ཡངས་པོས་རྒྱལ་སྲིད་གནའ་བོའི་གནས་ཀྱི་མགྲོན།།
རིང་བར་བསུས་ཤིང་ཕུན་ཚོགས་རྒྱ་ལས་རང་དབང་དགེ་བའི་མང་གཙོའི་སྲོལ།།
འདེགས་ལ་བཀའ་ཡི་གནས་བཅས་ཕྱག་མཚན་མཐོངས་ཀ་གོ་ལ་མཚར་དུ་སྒུལ།།
དོན་ལྡན་ལས་ཀྱི་འཕྲིན་ལས་དཀར་པོའི་ངོགས།།
མི་ཟད་མུ་ཏིག་རིན་ཆེན་བྱེ་བའི་གདེངས།།
ཉམས་རྟོགས་རིག་པའི་ཆུ་གཏེར་འཕེལ་བའི་རླབས།།
སྲིད་ཞིའི་སྙིང་པོ་དམ་པའི་བཅུད་དུ་ཆགས།།
འདི་ཕྱིའི་བསོད་ནམས་ཕུང་པོ་དཔག་མེད་དུ།།
མཐོ་བ་མཁས་རྒུའི་ཤེས་རབ་འཚོགས་པ་མོ།།
འབྱམས་ཀླས་ནོར་བུའི་ལང་ཚོ་རྒྱས་ལྡན་མའི།།
ཡིད་ཀྱི་གུར་ཁང་སྣང་བ་རིང་དུ་བཏང༌།།
མཐའ་མེད་འགྲོ་ལ་བཏབ་པ་ཚོགས་གཉིས་རྒྱ།།
དཔག་ཡས་རིན་ཆེན་ནོར་བུ་གཞལ་མེད་ཁང༌།།
ཐུབ་བསྟན་སྲོག་གི་སྙིང་པོ་འཁྱིལ་མའི་གར།།
རྒུད་ཚོགས་གདུང་བ་འཕྲོག་པའི་དཔལ་དུ་ཆེ།།
མཛེས་སྡུག་ལང་ཚོ་རྫོགས་པ་ལྷ་མོའི་འཕྲུལ།།
འཕོས་པ་རྒྱལ་སྲས་ཡིད་ཀྱི་ཐིག་ལེ་གང༌།།
བགྱིད་པ་འགྲོ་བའྀ་འཁུར་ཆེན་གཉན་པོ་འདི།།
སྲིད་ཞིའི་གདུང་བ་འཇོམས་པའི་ཆེད་དུ་དགེ།
ལོག་མུན་སྟོབས་ཀྱི་ཕུང་པོ་རྒྱས་པའི་ཚོགས།།
བརྩེ་ཆེན་བྱམས་པའི་རོལ་བ་སྒྱུ་མའི་འཕྲུལ།།
མུ་མེད་མཁྱེན་རབ་སྣང་བའི་དྲ་བ་ལས།།
འབྱེད་པ་མུ་ཏིག་དཀར་པོ་བཞེས་འདི་མཚར།།
མཁྱེན་རབ་ཆུ་ལྷའི་ཕང་བ་རུ།།
འགྱིངས་བག་རིག་པའི་གཞོན་ནུ་མས།།
རིས་མེད་ལུགས་ཀྱི་མཆེད་པོ་ལ།།
མཛའ་བ་གཤིས་ཀྱི་གཉེན་དུ་བསྡེབས།།
དཀྱེལ་ཡངས་དཔྱོད་པ་རྒྱས་པ་ཅན།།
ལོག་འདྲེན་གཡུལ་གྱི་འཐབ་མོ་རུ།།
མཇལ་བའི་ལུང་རིགས་སྒྲོ་གཤོག་གིས།།
སྐྱེངས་པ་འཕྲུལ་གྱི་གནམ་ལྕགས་གཞུས།།
འདི་སྣང་སྲིད་པའི་གོང་བུའི་ཁར།།
ཆགས་པ་ཆོས་ཚུལ་སྙིང་པོའི་བཅུད།།
འགལ་མེད་སྤྲོས་ལ་རངས་པ་ཡི།།
སྨིན་པའི་རང་སྲོལ་སྐྱེས་སུ་བབས།།
སྤྱན་རས་གཡོ་བའི་འབབ་སྟེགས་སུ།།
ལྷུང་བ་དེང་འཕྲུལ་རིག་པའི་དཔལ།།
དེ་དེ་ལ་ནི་བརྡར་བ་ཡིས།།
འབིགས་པའི་སྙིང་པོ་འོད་དུ་འཚེར།།
ལུང་རིགས་ལེགས་བཤད་སྤྲིན་གྱི་ཁར།།
འཕོས་པ་གནས་མགྲོན་ཚངས་པའི་གླུ༌།།
རྩོད་ངག་ལྗགས་ཀྱིས་བསྐྱོད་པ་ཡིས།།
གངས་ཀྱི་རི་ལ་ཁ་དོག་བགོས།།
ལེགས་ཚོགས་བྱུ་རུའི་འཁྲི་ཤིང་རྩེར།།
འཛུམ་པ་འོད་ལྔའི་ཕྲེང་བ་ཅན།།
རིག་པའི་སཱ་ལའི་བང་བ་མོས།།
དགོས་འདོད་སྩོལ་ལ་ངལ་བ་སྤངས།།
གནས་མལ་ནང་བའི་གཡང་ཁྱིམ་དུ།།
ལྷག་པ་མི་བསྲུན་འབྱུང་བོའི་དཔུང༌།།
གཙེ་ཁའི་ལན་ལ་ཞི་བའི་ལས།།
བྱམས་པའི་གདུགས་དཀར་རིང་དུ་བསྲིངས།།
ཉམས་ཀྱིས་འགྱིངས་པ་ནག་ཚོགས་སྡེའི།།
སྨྱོ་ཧམ་འཁྲུག་མ་དུག་གི་ལྕེ།།
གཅོད་ལ་དཔུང་བ་མཐོན་པོའི་རྡང༌།།
ཆོལ་གསུམ་སྲོག་གི་སྙིང་པོར་ཆགས།།
ཇི་ལྟར་རྒུད་པའི་གངས་དཀར་ལྗོན།།
རེངས་ལ་འཕྱན་པའི་ཡལ་གའི་འདབ།།
ཕུན་ཚོགས་སྟོང་གིས་དཀྲིས་པ་བཞིན།།
རྒྱས་པའི་མཚར་སྡུག་དཔལ་དུ་སྒེག།
མེས་པོའི་ཞབས་རྗེས་གསལ་བའི་རིས།།
བྱུང་བ་ལྔ་ཟུང་རིག་པའི་དཔྱ།།
ས་ཆེན་སྲོག་གི་སྙིང་པོ་ལ།།
བཏབ་པའི་ག་བུར་བདུད་རྩིའི་ཟླ།།
ཀུན་རྟོག་བློ་ཡི་མྱ་ངན་ལ།།
ཞེན་པ་རྗེས་བརྩེ་འཁོར་ལོའི་འགྲོས།།
ཟློག་མེད་ལས་ཀྱི་བསྐོས་ཐང་དུ།།
བབས་པ་ཆོས་ཀྱི་ཚོགས་སུ་གྲུབ།།
མི་ཕྱེད་དད་སེམས་བརྩེགས་པའི་རིར།།
བརྗིད་པ་ཉི་ཟླའི་གར་གྱི་སྟབས།།
རྫཽགས་པའི་རྩ་ལག་ཆོས་སྲིད་ཀྱི།།
དཔལ་ཡོན་མེ་ཏོག་མཁའ་ལ་བཞིན།།
ལྟར་སྣང་སྒྱུ་མས་བསྒྱུར་བའི་བློ།།
རྣམ་གྲོལ་བརླིང་མའི་གཉེན་པོ་རུ།།
བཞེངས་པ་བཀར་བཏགས་རིག་པའི་མདས།།
ཕས་རྒོལ་སྲོག་ལ་བཟློས་ཀྱིས་འཁོར།།
འཕྲིན་ལས་ཤིང་རྟ་འདྲེན་པའི་འཕྲུལ།།
ཡུད་ཀྱི་དེངས་པ་བསྟན་པའི་གནས།།
རྒྱུན་བཟང་བློ་ལ་ཆགས་པ་ལྟའི།།
སྲེད་མེད་བུ་ཡི་ལྟོ་བར་ཟགས།།
ལྷག་མེད་ཆོས་སྲིད་བསྟན་པའི་ལུགས།།
ཅི་དགར་འབྱེད་བྱས་གངྒཱའི་རྒྱུན།།
མང་ཐོས་རིས་མེད་ཛ་ཧུ་མོའི།།
ཁར་ཞུགས་བདེ་འབྱུང་ངལ་བར་བྱས།།
ལུཊ་བཟང་བསྟན་པའི་གདུཊ་དཀར་མཐོན་པོར་འཇིཊ་མཻད་རིག་པའི་བློ་གྲོས་ཀྱིས།།
གཞལ་བའི་ཐུགས་སྟོབས་མནྡཱ་ར་ཡིས་འགེངས་ལྡན་བྱུ་རུའི་དོ་ཤལ་ཏེ།།
ཟུང་འཇུག་སྒྱུ་མའི་ཀུན་རྟོག་སྤྲོས་པ་འགལ་མེད་དོན་མཐུན་བསྒྱུར་བའི་གར།།
རིས་མེད་འགྲོ་བའི་མོས་ཁམས་ཆེན་པོར་འཇུག་པའི་བདེ་ལེགས་སྣང་བ་བསྩལ།།
ལོག་སྤྱོད་སེམས་ཀྱི་ངན་རྟོག་སྦྱོར་བ་རླབས་སུ་བརྡོལ་བའི་སྙིགས་མ་ལྔའི།།
འཇིགས་རུང་མཆེ་སྡེར་འཕྲོག་བྱེད་ལ་ནི་རིན་ཆེན་རིགས་པའི་ཆོ་འཕྲུལ་ཏེ།།
ཕྲ་རབ་ལས་ཀྱི་རྡུལ་ཕྲན་གྲངས་སྙེད་དགའ་བའི་དབུགས་དབྱུང་མཆོག་གི་སྨན།།
རིང་ནས་བཏབ་པའི་ཐུགས་རྗེའི་འཕྲིན་ལས་སོ་སྐྱེས་ཕལ་བའི་བློ་ལས་འགོངས།།
བགྲང་ཡས་འགྲོ་བའི་མོས་ཁམས་མེལ་མ་མཁྱེན་དཔྱོད་གློག་གི་རྩེ་དགའ་ཅན།།
ངོ་མཚར་ཆོས་སྲིད་ལས་ཀྱྀ་རྒྱལ་ཐབས་འགལ་མེད་རྟོགས་པའི་སྣང་བ་རུ།།
ཕེབས་པ་མཆོག་གི་ངག་རིག་མཐུ་སྟོབས་སྐལ་བཟང་བསྐལ་བའི་འཇུག་ངོགས་སུ།།
འཕོས་པའི་ལེགས་བཤད་མུ་ཏིག་ཚོམ་ཆེན་སྲིད་གསུམ་འདེགས་པའི་ཀ་བར་གྱུར།།
དེ་ལྟར་དུས་ཀྱི་སྙིགས་མའི་མཚང་ཆེན་ཀློང་དུ་བརྡོལ་བ་འབྱུང་བོའི་ཚོགས།།
དམར་སྲོལ་མཆེ་སྡེར་ཐུ་བྷོད་ལེགས་བྱང་དུས་ཀྱིས་གཙེས་པ་སྙིང་པོ་ཅན།།
གསོན་སྙིང་བསྟན་སྲིད་སྲོག་གི་ཀ་བར་རིང་ནས་བཞེངས་པའི་སྐལ་བཟང་ལ།།
བདོག་པ་དངོས་རིག་འཕྲུལ་གྱི་ཕུན་ཚོགས་བོད་འབངས་བྱེ་བའི་བསོད་དུ་འཁྱིལ།།
སྟོབས་བཅུ་སྣང་བའི་ཕུན་ཚོགས་ཕུང་པོ་གཞལ་མེད་རྡོ་རྗེའི་གཤིས་སུ་གྲུབ།།
སྣང་སྟོང་ཞི་བའི་ཕྱ྄ག་རྒྱ་ཆེན་པོས་བདེན་སྟོང་འབྱེད་པའི་སྤྲོས་སུ་འཕེལ།།
མཐའ་མེད་སྣང་བའི་ཆོས་ཚུལ་ཟབ་མོ་བདེན་བཞིའི་ཀྱོ་བའི་ཐབས་ལ་ཆུད།།
རྨད་བྱུང་མཛད་བརྒྱའི་འཕྲིན་ལས་དམ་པ་བསྐལ་བའི་མཐའ་ལ་སྙེགས་པར་གྱུར།།
ཡང་དག་ཐུགས་བསྐྱེད་སྐབས་ལས་མ་གཡོལ་གངས་ལྗོངས་ཁ་བའི་རྒུད་པ་གསོས།།
སྙིང་རྗེའི་གཏེར་ཆེན་གཤེད་ཀྱིས་མ་སྒྲིབ་འགྲོ་བ་སྟོང་གི་སྐྱེས་སུ་བཏེགས།།
བདེ་ཆེན་ཞིང་ངོས་ཐུགས་སུ་མ་བཅངས་འགྲོ་བའི་ཤ་ཚུགས་འཛིན་པ་ཅན།།
ཞི་བ་ཆེན་པོ་ཞི་བའི་སྟོན་པ་སྐུ་ཚེ་བསྐལ་བའི་མཐའ་ལ་འཕེལ།།
དུས་མཐར་བསྟན་པའི་སྙིང་པོ་འཛིན་པ་མཚུངས་མེད་རྒྱལ་བའི་འཕྲིན་ལས་ཅན།།
སྙིགས་མའི་འཁྲུག་ལོང་ཞི་བར་གཞོམ་མཛད་ཞི་བ་ཆེན་པོ་གཏེར་གྱི་བདག།
རྨད་བྱུང་མཛད་བརྒྱའི་འཕྲིན་ལས་དཀར་པོས་གཅེས་པར་བསྐྱངས་པའི་བྷོ་ཊའི་ལྗོངས།།
ཐུགས་རྗེའི་སྤྱན་གྱིས་ལྷོད་པ་མེད་པར་བརྩེ་བ་ཆེན་པོས་སྐྱོང་གྱུར་ཅིག།
འདི་ལྟའི་ངོ་མཚར་ཟབ་རྒྱས་འཕྲིན་ལས་ལེགས་པར་བསྐྱངས་པའི་རོལ་གར་གྱིས།།
བཞེས་པའི་གང་སྐུའི་དོན་དྲུག་བགྲང་བྱ་དགེ་ལེགས་མེ་ཏོག་བྱེ་བའི་ཆར།།
བདག་ཅག་འགྲོ་བའི་གསོས་སུ་གྱུར་པ་བཀའ་དྲིན་རྗེས་སུ་རབ་དྲན་ཏེ།།
གཏང་རག་དར་ཁ་དད་གསུམ་བསྣོལ་མས་སྐུ་ཚེ་བརྟན་པའི་ཆེད་དུ་ཕུལ།།
    ཅེས་བླ་མ་བདག་ཉིད་ཆེན་པོ་མཆོག་གིས་དགུང་གྲངས་བཅུ་དྲུག་ནས་ད་ལྟ་ལ་ཐུག་གི་བར་དུ་རླབས་ཆེན་བསྟན་སྲིད་མི་རིགས་ཀྱི་བགྱི་འགན་བདག་གིར་བཞེས་པའི་མཛད་པ་རྒྱ་མཚོ་ལྟ་བུ་སྟེ། ཇི་སྐད་དུ། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི།། ཚུལ་འདི་རྒྱལ་སྲས་རང་རྒྱལ་ཉན་ཐོས་ཀྱིས།། ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་མིན་ན།། ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ།། ཞེས་གསུངས་པ་ལྟར་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་གསང་བ་བསམ་གྱིས་མི་ཁྱབ་པ་རྒྱལ་སྲས་རང་རྒྱལ་ཉན་ཐོས་རྣམས་ཀྱིས་ཇི་ཙམ་བརྟགས་ཀྱང་བློ་ཡི་ཡུལ་དུ་མ་གྱུར་ན། བདག་གིས་མགོན་པོ་གང་གི་གསང་གསུམ་གྱི་མཛད་པ་ལྟ་ཞོག་ཐུན་མོང་གི་མཛད་འཕྲིན་ལས་ཆ་ཤས་ཙམ་ཡང་བརྗོད་པར་མི་ནུས་མོད། འོན་ཀྱང་ཇི་སྐད་དུ། ཁྱོད་ནི་འགྲོ་བའི་དོན་གྱི་སླད།། ཅུང་ཟད་ཙམ་ཡང་མི་ངལ་ཞིང༌།། འགྲོ་བ་རྣམས་ཀྱིས་ཁྱོད་ཀྱི་ནི།། ཡོན་ཏན་བརྗོད་ལ་ངལ་མ་གྱུར།། ཅེས་གསུངས་པ་བཞིན་ཤེས་ནས་དད་པ་ཐོབ་ཅིང་གང་གི་མཛད་པ་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཀྱི་ཡང་ཤས་ཙམ་ཞིག་རྟོགས་བརྗོད་ཀྱི་ལམ་དུ་དྲངས་ནས་ཕུལ་བ་འདིས་མགོན་པོ་གང་གི་སྐུ་ཚེབསྐལ་བརྒྱར་བརྟན་པ་དང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་རྟེན་དུ་ཕུལ་བ་དགེ་ལེགས་འཕེལ།