ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
 རྩོམ་ཡིག་ཀློག་པ།

འཇམ་དབྱངས་སྐྱིད་ཀྱི་དྲིས་ལན་སོ་ལྔ་མ།༢

  རྩོམ་པ་པོ:འཇམ་དབྱངས་སྐྱིད།ཡོང་ཁུངས:སེང་རྡོར་དྲ་བ།གཟིགས་གྲངས:1544ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2014/2/10 13:35:57ཚོགས་ཡར་སྤྲོད:admin
 དྲིས་ལན་སོ་ལྔ་མ།༢
 
ར་རྫ་འཇམ་དབྱངས་སྐྱིད།
18 བུད་མེད་ཅིག་རྩོམ་འབྲིའི་ལས་སུ་འཇུག་དུས་དཀའ་ངལ་ཆེ་ཤོས་དེ་གང་ཡིན་ནམ།།
ལན། དཀའ་ངལ་མང་པོ་ཡོད་དང་ཡོད་པ་རེད། བདག་ལ་མཚོན་ན། ཤེས་བྱ་ཡོན་ཏན་གྱིས་དབུལ་བ་དེ་ནི་དཀའ་ངལ་ཡོད་ཚད་ཀྱི་ཆེ་ཤོས་རེད། མ་ཟད། ཁྱིམ་ཚང་གི་ལས་ཀ་ཙག་ཙིག་དང་བྱིས་སྙོར་ཁྱིམ་འགོ་འདོན་རྒྱུ། འཚོ་ཚིས་བཀོད་སྒྲིག ཁང་ཁྱིམ་གཙང་སྦྲ་དང་ལྭ་གོས་བཀྲུ་བརྗེ། ཟ་མ་གཡོ་བསྐོལ་སོགས་ཀྱི་གཙོ་འགན་ཁུར་དུ་ལེན་དགོས་པས་མི་ཚད། གཞུང་ལས་འགན་ཁུར་ཡང་ལྕི་ཙམ་ཡོད་པས་ན། མཚམས་རེར་མི་སེམས་དུམ་བུར་གཏོང་བ་འདྲ་བའི་གནོན་ཤུགས་ཡོང་ལ། བློ་རྩེ་གཅིག་ཏུ་སྒྲིམ་དཀའ་བའི་དཀའ་ངལ་དུས་རྒྱུན་བྱུང་དང་འབྱུང་གི་འདུག ཆུང་དུས་ཡིད་ཆེས་དང་ཕུགས་འདུན་གྱི་གཤོག་ཟུང་བཅད་པའི་སློབ་གསོའི་སྟེང་། གཞོན་དུས་ཁུར་ལྕི་བའི་འཁོར་བའི་ཟིང་ཉོག་གི་ལས་ཀ་དག་བསྣན་ན། སྐྱེས་མ་ཞིག་གིས་ཆུ་ཚད་ཡར་འདེགས་དགོས་ན། སྐྱེས་པ་ལས་ལྡབ་འགྱུར་གྱིས་རྔུལ་ཆུ་འདོན་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད་འདོད། དེ་དག་ཀྱང་ང་ལ་མཚོན་ན་དཀའ་ངལ་རེད་ལགས།།
19 སྐྱེས་མ་ཚོ་དཀའ་ངལ་ལ་ཕྲད་ཚེ་ཇི་ལྟར་སེལ་དགོས་སམ།།
ལན། རང་རང་གི་དཀའ་ངལ་སེལ་ཚུལ་ལ་བྱེ་བྲག་པའི་ཐབས་ལམ་རེ་ཡོད་ལས་ཆེ་ན་ཡང་། ངས་ནི་ནང་ཁྱིམ་གྱི་ལས་ཀ་དང་ཕྱིའི་གཞུང་ལས་ཀྱི་དུས་མཚུངས་སུ། དུས་ཚོད་སྐར་ཆ་རེ་རེ་དམ་འཛིན་སྒོས་རང་གི་ཆུ་ཚད་ཡར་འདེགས་བྱེད་པའི་ལས་ལ་བརྩོན་ཞིང་འབད་པ་ལྷོད་མེད་བྱས་དང་བྱེད་ཀྱི་ཡོད། གང་ལྟར། ཕྱོགས་གང་ཐད་ནས་འཐུས་ཤོར་མི་འགྲོ་བ་ཞིག་ཡོང་དགོས་ན། དེ་ལས་ལྷག་པའི་རྔུལ་ཆུ་འདོན་པ་དང་དུས་ཚོད་གོ་སྒྲིག་ཡག་ཐག་ཆོད་པ་ཞིག་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད་འདོད།།
20 ཁྱོད་ཀྱིས་བསམས་ན་བདེ་ཐང་དང་སློབ་གསོའི་བར་འབྲེལ་བ་འདུག་གམ།།
ལན། འབྲེལ་བ་ལོས་ཡོད། མི་ཞིག་ལ་སློབ་གསོ་ཐོབ་པ་ཡིན་ན། ད་གཟོད་རང་གི་ལུས་པོར་གཅེས་འཛིན་བྱེད་པའི་འདུ་ཤེས་སྐྱེ་ངེས་རེད། འདུ་ཤེས་དེ་རིགས་ཡག་པོ་ཆགས་ན། ད་གཟོད་མི་ལ་བདེ་ཐང་ཡོང་གི་རེད།།
21            བུད་མེད་ཅིག་ལ་མཚོན་ན་རང་གི་ལུས་པོ་བདག་གཅེས་བྱེད་པའི་འདུ་ཤེས་ཇི་ལྟར་སྐྱེད་སྲིང་བྱ་དགོས།།
ལན། གཞི་རིམ་གྱི་སྐྱེས་མ་ཚོར་མཚོན་ན། མཛུབ་སྟོན་དང་ཁྱབ་སྒྲོག་བྱེད་པ་སོགས་ལ་བརྟེན་ནས་བཙན་ཤེད་ཀྱིས་འདུ་ཤེས་སློང་དགོས་འདོད། གྲོང་ཁྱེར་གྱི་སྐྱེས་མ་དང་སློབ་མ་ཚོར་མཚོན་ན། ལུས་པོ་བདེ་ཐང་ཡོང་བའི་འདུ་ཤེས་ཕལ་ཆེར་ཡོད་ངེས་རེད་ལ། ཡོད་ཀྱང་དགོས་ངེས་རེད།།
22 ཇི་ལྟར་བྱས་ན་ད་གཟོད་བུ་མོ་ཚོར་འདྲ་མཉམ་གྱི་སློབ་གསོ་ཐོབ་ཐུབ་པ་རེད།།
ལན། གཞི་རིམ་མཐའ་འཁོབ་ཏུ་འཚོ་སྡོད་བྱས་འདུག་པའི་ཕ་མ་ཚོའི་བག་ཆགས་རྙིང་རུལ་བསྒྱུར་ཐུབ་ན། ད་གཟོད། བུ་དང་བུ་མོ་གཉིས་ཀར་འདྲ་མཉམ་གྱི་སློབ་གསོ་ཐོབ་པའི་ཐོབ་ཐང་ཐོབ་ངེས་རེད་ལ། བུ་དང་བུ་མོ་གཉིས་ཀར་འདྲ་མཉམ་གྱི་མི་བུའི་རྩིས་ཐང་ཡང་ཡོད་པར་འགྱུར་ངེས་རེད།།
23 ཁྱེད་ཀྱིས་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་ཇི་ལྟར་ཇེ་མཐོར་བཏང་བ་ཡིན།།
ལན། དངོས་གནས་བཤད་ན། ངའི་ཡིག་རྩལ་སྔར་བཞིན་ཞན་པོ་འདུག ཡིན་ཡང་། ད་ལྟའི་འབྲི་རྩལ་འདི་འདྲ་བར་སླེབས་ཆེད་དུ་ཡང་ངས་འབད་པའི་རྔུལ་ཆུ་མང་པོ་བཏོན་མྱོང་ལ། ད་དུང་མུ་མཐུད་འདོན་མུས་སུ་ཡོད།།
24 མ་འོངས་པར་ཁྱོད་ཀྱིས་རང་གི་རྩོམ་འབྲིའི་བྱ་བ་རྒྱུན་སྐྱོང་བྱེད་མུར། སྐྱེས་མའི་ཐོབ་ཐང་དམིགས་སུ་བཟུང་ནས་རྩོམ་ཡིག་འབྲི་འཆར་ཡོད་དམ།།
ལན། སྤྱིར་རང་གི་བསམ་ཚུལ་ཡིན་ན། ད་ནི་ལོ་ཤས་ནང་དཔེ་ཀློག་བྱས་ཏེ་ལྷོད་ལྷོད་བསྡད་ན་འདོད་མོད། ད་ཆ་གཞོན་སྐྱེས་ཁྲོད་སྐྱེས་མའི་བདེ་སྡུག་གླེང་མཁན་ཤ་སྟག་ཅིག་ཧ་ལམ་བྱུང་མེད་ཚོད། དེ་བས་ན། མ་མཐའ་ཡང་བོད་སྤྱི་ཚོགས་སུ་ཕོ་མོ་གཉིས་ལ་ལྟོས་བཅས་ཀྱི་ཐོབ་ཐང་འདྲ་མཉམ་ཡོང་བའི་བར་ངས་ཅིག་འབྲི་ཁུལ་མི་བྱེད་ཐབས་མེད་རེད་བསམ་མོད་ཀྱང། མ་འོངས་པ་སུས་ཀྱང་མངོན་དཔག་དཀའ་བས་ད་ཆ་ཁ་ཚོན་གཅོད་དཀའ་མོ་རེད།།
25            དེང་སྐབས་རོང་འབྲོག་ས་ཁུལ་དུ་སྐྱེས་མའི་གནས་སྟངས་ག་འདྲ་ཡིན་ནམ།།
ལན། འགྱུར་བ་ཏོག་ཙམ་ཏོག་ཙམ་འབྱུང་གི་འདུག་ན་ཡང་། ཕོ་མོ་གཉིས་སློབ་གསོའི་ཐད་ནས་འདྲ་མཉམ་འབྱུང་གི་མེད་ལ། རྩིས་ཐང་ཐད་ནས་ཀྱང་དེ་བཞིན་ནོ།། འཕྲོད་བསྟེན་དང་བདེ་ཐང་ཐད་རོང་འབྲོག་སྐྱེས་མའི་གནས་སྟངས་སྔར་མུས་སུ་སྡུག་ཆགས་རེད།།
26 ཁྱོད་ཀྱི་སློབ་གསོའི་རྒྱབ་ལྗོངས་ག་འདྲ་ཞིག་ཡིན་ནམ།།
ལན། དྲང་མོར་ཞུ་ན། ང་ནི་མཐོ་རིམ་སློབ་གསོ་རྩ་བ་ནས་ཐོབ་མྱོང་མེད་ཅིང། མ་མཐའི་དངོས་གཞི་ཞིག་ཀྱང་འགྲིམ་མྱོང་མེད་པའི་མི་ཞིག་ཡིན། མོ་ལོ19 ལ་སོན་པའི་ལོ་དེར། མཐོ་འབྲིང་གཉིས་པ་འགྲིམས་ཚར་ཙམ་ཞིག་ལ་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་དུ་ཡོང་བ་ཡིན། ཕྱིས་སུ་སློབ་ཐོབ་ཀྱི་སླད་དུ་སྦྲག་སྲིད་ཆེད་སྦྱོང་སློབ་གྲྭ་ཞིག་འགྲིམ་ཁུལ་བྱས་མོད། དོན་ངོ་མར་དཔེ་ཀློག་གི་ལམ་དུ་ཞུགས་འགོ་བརྩམས་པ་ནི་རང་ལོ་སུམ་ཅུར་སླེབས་དུས་ཡིན།།
27            ཁྱེད་རང་ལ་དངོས་གཞིའི་སློབ་གསོ་ཐོབ་མ་ཐུབ་པའི་རྒྱུ་མཚན་ཅི།།
ལན། དེ་ནི་གཙོ་བོ་ང་རང་སློབ་ཆེན་འགྲིམ་འདོད་མེད་པས་ལན་པ་ཡིན་རྒྱུ་རེད། 1984ལོར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཐོག་མ་གསར་འཛུགས་བྱས་ཤིང་། ཏག་ཏག་གོ་སྐབས་ཡག་པོ་དེ་དང་ཁེལ་ནས་མཐོ་འབྲིང་གཉིས་པ་འགྲིམ་ཚར་ཙམ་ལ་ལས་ཁུངས་དེར་ཡོང་ཐུབ་པ་བྱུང། དེ་ནི་ང་ལ་མཚོན་ན། ཧ་ཅང་དགའ་འོས་པའི་དོན་ཞིག་ཏུ་གྱུར། གལ་ཏེ་ལས་ཁུངས་དེར་ཡོང་མ་ཐུབ་པའི་དབང་དུ་བཏང་ཡང་སློབ་ཆེན་འགྲིམ་མིན་ང་རང་དོགས་པ་ཡོད། དེ་ནི། རང་གི་ཆུང་དུས་ཀྱི་སློབ་གསོ་དང་སྤྱི་ཚོགས་ཁོར་ཡུག་ལ་འབྲེལ་བ་ཆེན་པོ་ཡོད་པར་འདོད། ང་ཚོའི་གྲོང་ཚོ་རུ་སྐབས་ཐོག་དེར་སློབ་གྲྭ་ཆེན་མོ་གཅིག་མ་གཏོགས་མེད། དེ་ཡང་ཕ་རྒན་ལས་བྱེད་པ་ཡིན་པའི་བུ་ཞིག་ཡིན། ཁོའི་ཕ་ལགས་ཀྱིས་སློབ་ཡོན་སྤྲོད་པར་མཐའ་གཅིག་རྒོལ་བ་བཏང་ནས། ཨེན་ཙམ་གྱིས་ཁོ་ཡང་སློབ་ཆེན་འགྲིམ་ཐུབ་མ་བྱུང་།།
28     ཁྱེད་རང་ཆུང་དུས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ག་འདྲ་མྱངས་པའི་ཐད་བཤད་རྒྱུ་ག་འདྲ་ཡོད།།
ལན། ང་རང་གིས་མྱངས་པའི་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཧ་ལམ་རོང་འབྲོག་བྱིས་པ་ཕལ་མོ་ཆེས་ཆུང་དུས་སུ་མྱངས་པའི་སློབ་གསོ་དང་གཅིག་པ་ཡིན་རྒྱུ་རེད། རྒྱུ་མཚན། ང་ཡང་མི་བུའི་ཡིད་ཆེས་དང་ཕུགས་འདུན་གྱི་གཤོག་ཟུང་དུམ་མེར་གཅོད་པའི་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཁ་དར་ཡོད་སའི་གཞི་རིམ་གྱི་གྲོང་གསེབ་ཅིག་ཏུ་སྐྱེས་པ་ཞིག་ཡིན། མི་བུ་འཕྲོ་བརླག་གཏོང་བའི་སློབ་གསོ་དེ་ཡིད་ལ་དྲན་ན་སེམས་པ་སྨྲེང་ནི་ཞིག་རེད། ཁྱིམ་ཚང་སློབ་གསོ་ནི་བྱིས་པ་ཞིག་ལ་མཚོན་ན། མི་ཚེའི་ཁྲོད་གལ་འགངས་ཆེ་ཤོས་ཀྱི་སློབ་གསོ་ཞིག་ཡིན་པ་རེད་པས། ཁྱིམ་ཚང་སློབ་གསོ་གཙིགས་སུ་འཛིན་མིན་དེ་ནི། མཐར་གཏུགས་ན། མི་རིགས་ཤིག་གི་འཕེལ་འགྲིབ་ཀྱི་ལས་དབང་ལ་འབྲེལ་བ་དམ་པོ་ཡོད་པ་རེད། ཕྱི་གླིང་གི་སྔོན་ཐོན་རྒྱལ་ཁབ་དག་ཏུ། སྔ་ཙམ་ནས་བྱིས་པ་དང་སྐྱེས་མ་གསར་རྙེད་བྱུང་ནས་དེ་ཚོའི་བག་ལ་ཞ་བའི་ནུས་པ་སྔོག་འདོན་བྱེད་པའི་སློབ་གསོའི་རིག་ཚན་དར་ཡོད་ན་ཡང་། འུ་ཅག་བོད་ལ་མཚོན་ན། རིག་ཚན་དེ་ནི་སྔར་བཞིན་ས་རྒོད་ལུང་སྟོང་མྱ་ངམ་ཐང་ཞིག་ཡིན་པ་རེད།།
29     ཁྱེད་རང་ཆུང་དུས་ཕ་མ་གཉིས་ལས་སུའི་སློབ་གསོའི་བག་ཆགས་ཆེ་བ་རེད།།
ལན། དེ་ཨ་མའི་བག་ཆགས་ཆེ་ས་རེད། ངའི་ཨ་མ་ནི་ཟ་མ་ཞིམ་པོ་བཟོ་རྒྱུ་དང་ནང་ཁྱིམ་གཙང་དག་མེར་བཏང་ནས་འཚོ་བ་རོལ་རྒྱུར་དགའ་མཁན་ཞིག་ཡིན། ཆུང་དུས་ང་ནི་པྲ་ཚག་ཅིག་ཡིན་གཤིས་ཨ་མར་ལས་རོགས་ཆེན་པོ་མི་བྱེད་པར་མ་ཟད། ནང་ཁྱིམ་དུ་སྐྱུག་བཙོག་བཟོ་བས་ཨ་མས་བཀའ་བཀྱོན་མང་པོ་གནང་མྱོང་ཡོད་མོད། ང་རང་ལོ་ན་རྒྱས་ཀྱིན་རྒྱས་ཀྱིན་ཨ་མའི་གོམས་སྲོལ་དང་ཨ་མའི་ལེགས་བཤད་དག་སེམས་ཀྱི་ཡོལ་གོ་རུ་ཇེ་གསལ་ཇེ་གསལ་དུ་ཕྱིན། དེ་རིང་གི་ངའི་འཚོ་བའི་གོམས་སྲོལ་དག་ནི་ང་རང་ཆུང་དུས་སུ་ཨ་མས་བཞག་པའི་བག་ཆགས་རེད་འདོད། མ་ཟད། ངའི་གཅེན་མོ་གཉིས་ཀ་ཡང་ནང་ཁྱིམ་གྲལ་དག་ཅིང་གཙང་སེང་ངེར་བཟོ་རྒྱུར་གོམས་ལོབས་སུ་སོང་འདུག དེ་ནི་ཨ་མའི་འཚོ་བའི་གོམས་གཤིས་ཀྱིས་ཤན་ཤུགས་ཐེབས་པ་རེད་འདོད། ང་ཚོ་བུ་མོ་ཡིན་པས་ཨ་མའི་ཤུགས་རྐྱེན་ཆེ་བ་ཡིན་ཡང་སྲིད།།
30     ཁྱེད་ཀྱིས་བརྩམས་པའི<<སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང>>ཞེས་པའི་དེབ་ཏུ། ཨ་མའི་སློབ་གསོའི་ཕན་ཡོན་ཞེས་པའི་རྩོམ་ཡིག་ཁྲོད། ཡ་ཧུ་དཱ་མི་རིགས་ཀྱི་ཨ་མས་བྱིས་པའི་སློབ་གསོ་ལ་ཤུགས་རྐྱེན་ཟབ་མོ་བཏབ་ཡོད་ཚུལ་བརྗོད་ཀྱི་འདུག་ག།
ལན། ཏག་ཏག་ཡིན། བདག་གིས་བསམས་ན། ཡ་ཧུ་དཱ་མི་རིགས་དེ་འདྲའི་ཕུལ་བྱུང་དུ་གྱུར་བ། གཙོ་བོ་ཁྱིམ་ཚང་སློབ་གསོ་སྟེ་ཨ་མའི་བུ་ཕྲུག་གི་སློབ་གསོ་ཁྲོད་ནུས་པ་ཆེན་པོ་ཐོན་གྱི་ཡོད་པ་རེད་འདོད།།
31     ཁྱེད་རང་གིས་བལྟས་ན། བོད་པའི་ཨ་མ་རྣམས་ཀྱིས་ཡ་ཧུ་དཱ་མི་རིགས་ཀྱི་ཨ་མར་གང་གི་ཕྱོགས་ནས་སློབ་སྦྱོང་བྱེད་དགོས་འདུག།
ལན། སློབ་སྦྱོང་བྱེད་དགོས་ས་མང་པོ་ཡོད་ཀྱི་རེད། ཨ་མ་ཙམ་གྱིས་མི་ཚད་མི་རིགས་རིལ་པོས་སློབ་སྦྱོང་བྱེད་དགོས་པ་རེད། ཚིག་ཉུང་བསྡུས་ནས་བཤད་ན། མི་རིགས་དེ་ནི་འཛམ་གླིང་སྒང་ནས་སློབ་གསོའི་ཐོབ་ཚད་ཀྱི་དུས་ཡུན་ཆེས་རིང་ཞིང་དཔེ་ཀློག་ལ་ཤིན་ཏུ་མོས་པའི་མི་རིགས་ཤིག་ཡིན་པ་རེད། དེ་ནི་མི་རིགས་དང་མི་སྒེར་གང་ལ་མཚོན་ནས་བཤད་ན་ཡང་། འཕེལ་རྒྱས་འགྲོ་བྱེད་ཀྱི་གྲོགས་སྨན་རིན་ཆེན་རིལ་བུ་ལྟ་བུ་ཡིན་པ་རེད། མི་ནི་སློབ་གསོའི་ཐོན་འབྲས་ཡིན་ཞེས་པ་ལྟར། མི་རིགས་དེ་ཆེན་པོ་དྲག་པོ་ཉམས་པ་མེད་པ་ཞིག་ཏུ་སྐྱེད་སྲིང་ཐུབ་པ་བྱུང་བ་ནི། མཐར་གཏུགས་ན། དེ་ཚོའི་རིག་གནས་སྙིང་སྟོབས་ཀྱིས་བསྐྱེད་པ་རེད། དེ་དག་ལས་ཀུན་གྱི་རྩ་བ་ནི་སློབ་གསོ་ཡིན་པ་གསལ་ར་སྤྲད་འདུག་ན། ང་ཚོས་ཡ་ཧུ་དཱ་མི་རིགས་ཀྱི་ཤེས་བྱ་ཡོན་ཏན་ལ་དད་པའི་སྙིང་སྟོབས་དེར་སློབ་སྦྱོང་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་མ་རེད་དམ།།
32 སློབ་མའི་རང་རྟོན་ལ་ཅི་ནས་ཀྱང་བརྩི་འཇོག་བྱ་དགོས་ཞེས་པའི་ཁྱོད་ཀྱི་རྩོམ་ཡིག་ཁྲོད་ཕ་མ་དང་ཡང་ན་དགེ་རྒན་དག་གིས་བྱིས་པའི་ཕུགས་འདུན་དང་ཡིད་ཆེས་ཇི་ལྟར་སྐྱེད་སྲིང་བྱེད་དགོས་ཞེས་བསྟན་འདུག ཡང་བསྐྱར་ཅིག་གླེང་ན།།
ལན། མི་སུ་ཞིག་ཡིན་ཡང་སེམས་ཀྱི་རེ་བའི་མེ་སོན་བསད་པ་ཡིན་ན། མི་དེ་གསོན་ཡང་ཧ་ལམ་རོ་མདོག་ཤར་ངེས་རེད། བོད་སྤྱི་ཚོགས་སུ་སྐྱེས་མ་རྣམས་སྐྱེས་པ་ལས་རྗེས་ལུས་ཐེབས་འདུག་པ་དེ་ཡང་སེམས་ཀྱི་རེ་བའི་མེ་སོན་བསད་པས་རེད་འདུག དེ་ལྟ་ཡིན་ཡང་། བུ་མོ་ཚོའི་སེམས་ཀྱི་རེ་བའི་མེ་སོན་སྔར་བཞིན་གསོད་མུས་སུ་ཡོད་པ་བདག་གིས་མཐོང་ཞིང་ཐོས་ནས། གནས་ཚུལ་ངོ་མ་དྲངས་ཏེ་སྤྱི་ཚོགས་ལ་བདེན་ར་ཞིག་སྤྲད་པ་ཡིན་ན། སློབ་ཕྲུག་ཚོ། ལྷག་པར་བུ་མོ་སློབ་ཕྲུག་ཚོའི་སེམས་ཀྱི་རེ་བའི་མེ་སོན་གསོད་མཁན་གྱི་དགེ་རྒན་དག་དང་ཕ་མ་རྣམས་ལ། རེ་བའི་མེ་སོན་མ་གསོད་རོགས། བུ་མོའི་འདུན་པ་མ་རླག་རོགས་ཞེས་ཡང་བསྐྱར་རེ་འབོད་མིད་པ་འགག་འགག་ཐེངས་ཤིག་རྒྱག་རྒྱུ་ཡིན།།
33 བོད་ཁུལ་དུ་སྐྱེས་པ་དང་སྐྱེས་མར་སློབ་གསོ་ཐོབ་པའི་གོ་སྐབས་འདྲ་མཉམ་ཡིན་ནམ།།
ལན། གཞི་རིམ་དུ་ཕོ་མོའི་སློབ་གསོའི་ཐོབ་ཐང་འདྲ་མཉམ་བྱུང་གི་མི་འདུག།
34 ཅིའི་ཕྱིར་བོད་ཀྱི་སྤྱི་ཚོགས་ཁྲོད་བུད་མེད་མིང་གྲགས་ཅན་ཧ་ཅང་ཉུང་བ་རེད་དམ།།
ལན། དེ་ཡང་ཐོག་མའི་སློབ་གསོའི་བག་ཆགས་ཀྱི་རྐྱེན་པས་སྐྱེས་མ་རྣམས་རྗེས་ལུས་ཐེབས་ཏེ་མི་ཚེའི་རིན་ཐང་མངོན་མ་ཐུབ་པ་རེད། ངས་འདི་ལྟར་བཤད་ན། མི་སྐོར་ཞིག་གིས། ཁྱོད་ཀྱིས་ཡང་ངན་ཁག་ཡོད་ཚད་རིག་གནས་དང་སྲོལ་རྒྱུན་ཆོས་ལུགས་ཀྱི་སྟེང་དུ་དཀྲི་རྩིས་བྱེད་ཀྱི་འདུག་ཟེར་ཡང་ཐང་མོད། གལ་ཏེ་རིག་གནས་དང་མ་འབྲེལ་བའི་མི་བུ་ཁྱད་པར་ཅན་ཞིག་ཡོད་ན་མ་གཏོགས། མི་བུ་སྤྱིར་བཏང་ཕལ་པ་རྣམས་ནི་གང་གི་རིག་གནས་ཀྱི་སྐྱེད་འབྲས་ཤ་སྟག་ཡིན་པ་བསྙོན་དུ་མེད།།
35 ལོ་རྒྱུས་སུ་སྐྱེས་མ་མིང་གྲགས་ཅན་འགའ་བྱུང་མྱོང་ཡོད་པ་རེད། བོད་སྤྱི་ཚོགས་ཀྱིས་སྔོན་བྱུང་མཛངས་མ་དེ་དག་ལ་གདེང་འཇོག་བྱས་པ་ག་འདྲ་རེད།།
ལན། ཏག་ཏག་རེད། བོད་ཀྱི་ལོ་རྒྱུས་སུ་རྣམ་དཔྱོད་ཀྱི་མཐུ་རྩལ་མངོན་པར་རྫོགས་ཤིང་ཆབ་སྲིད་ཀྱི་མཁྱེན་རྒྱ་རབ་ཏུ་ཡངས་པའི་མཛངས་མ་འབྲོ་བཟའ་ཁྲི་མ་ལོད་ཅེས་པ་ཞིག་དངོས་སུ་སྐུ་འཁྲུངས་མྱོང་ལ། ཁོང་གིས་བོད་བཙན་པོའི་རྒྱལ་རབས་སྐབས་སུ་བྱས་རྗེས་མི་དམན་པ་བཞག་མྱོང་ཡོད། ཁོང་ལ་ནི་ལོ་རྒྱུས་སུ་ཡང་གདེང་འཇོག་གང་འཚམ་མཛད་འདུག དེ་མིན། མ་ཅིག་ལབ་སྒྲོན་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དབུས་བཟའ་མཁའ་འགྲོ་སོགས་སྐྱེས་མ་ཆོས་པ་གྲགས་ཅན་གང་ཙམ་བྱུང་མྱོང་ཡོད་པར་མ་ཟད། མི་སྐྱའི་ཁྲོད་དུ་ཡང་སྐྱེས་མ་ཕུལ་བྱུང་ཅན་མང་པོ་བྱུང་ཡོད་པ་རེད། དཔེར་ན། རལ་གྲི་རྩེ་གྲ་བརྡུང་མཁན་གྱི་བཟོ་རིག་མཁས་མ་ཞང་མ་ཁྲོ་མོ་ལྟ་བུ་དང་། དམག་འཐབ་ལ་མཁས་པའི་རྒྱལ་མོ་རྡུལ་བཞི་ཁུགས། གནམ་དཔྱད་རིག་པར་མཁས་པའི་རྒན་མོ་བལ་མ་དང་། སྨན་དཔྱད་ལ་མཁས་པའི་ཀོང་པོ་སྨན་བཙུན་དང་། གསོ་བ་རིག་པའི་གཞུང་ལ་མཁས་པའི་མདའ་མི་སྨན་བཙུན་ལྟ་བུ། དེ་མིན་ཀུན་གྱིས་ཤེས་གསལ་ལྟར། བོད་ཀྱི་ལོ་རྒྱུས་སུ་སྐད་གྲགས་ཆེ་བའི་མཛངས་མ་ཚེ་སྤང་བཟའ་མེ་ཏོག་སྒྲོན་དང་། མྱང་ཚ་དཀར་རྒྱན། སད་མ་ཀར་སོགས་བྱུང་ཡོད་པ་རེད། བཤད་ཚུལ་ལྟར་ན། བོད་ཀྱི་ལོ་རྒྱུས་སུ་སྐྱེས་མ་གྲགས་ཅན་བརྒྱ་ཁ་ལྷག་ཅིག་བྱུང་མྱོང་ཡོད་པ་རེད་ཟེར་མོད། ལོ་རྒྱུས་ཡིག་ཚང་དུ་བཀོད་ཡོད་ན་མ་གཏོགས་རིག་ས་མཐོང་ས་ཞིག་ནས་དེ་དག་མིག་རྒྱན་དུ་གྱུར་པའི་སྐལ་བ་བློ་དམན་ང་ལ་མ་ལྡན། ལོ་རྒྱུས་ཁྲོད་གདེང་འཇོག་ཆེན་པོ་ཐོབ་ཡོད་མེད་ནི། དེང་གི་དུས་འདི་ལ་གདེང་འཇོག་ཐོབ་ཀྱི་ཡོད་མེད་ལས་ཀྱང་རྟོགས་ཐུབ། སྐྱེས་མ་གྲགས་ཅན་དེ་དག་གི་མཛད་རྗེས་དང་ངོ་མཚར་བོད་ཀྱི་སློབ་གཞི་བསླབ་དེབ་དང་། དཔེ་ཆ་དུས་དེབ་སོགས་སུ་འཇོག་གི་མེད་ཚོད་ལ་བལྟས་ན། མཛངས་མ་དེ་དག་མ་གཞི་ནས་གདེང་འཇོག་བྱེད་རིན་མེད་སོང་བས་ལོས་ཡིན་འདོད། དེ་ལས་ཀྱང་ཡིད་སྐྱོ་བ་ནི། བོད་ཀྱི་གྱོན་ཆས་སྣ་གཅིག་དེ་ཕོ་ཆས་མོ་ཆས་གཉིས་སུ་གསར་བཟོ་གནང་མཁན་གྱི་རྒྱ་མོ་དབང་ཕྱུག(ཨོལ་ཆུང་?)ནི་དོན་མེད་རྐྱེན་མེད་དུ་ལོ་རྒྱུས་ཀྱི་གད་སྙིགས་ཁྲོད་ཕངས་མེད་དུ་གཡུགས་པ་དེའོ།། དང་ཐོག་ཁོང་ཡང་མཛངས་མི་བརྒྱད་ཀྱི་ཁྲོད་དུ་བཞག་པ་ཡིན་ན་ཡང་། ཕྱིས་སུ་ཁོང་ནི་རྟེན་སྐྱེས་མ་ཡིན་པའི་རྐྱེན་གྱིས་མི་ཕྱེད་ཀ་རུ་བརྩིས་ཏེ་མཛངས་མི་བདུན་དང་ཕྱེད་ཅེས་གྲགས་ཤིང། དེ་ནས་ཕྱེད་ཀ་དེ་ཡང་ནག་བསུབ་བཏང་སྟེ་ཡོངས་ཁྱབ་ཏུ་མཛངས་མི་བདུན་ཞེས་འབོད་ཀྱི་ཡོད་པ་རེད། འདི་དག་ནི་ལོ་རྒྱུས་དང་དངོས་ཡོད་གང་གི་ཁྲོད་དུ་སྐྱེས་མ་ལ་ཐོབ་ཐང་འདྲ་མཉམ་བྱུང་མེད་པའི་རྟགས་སུ་མི་འདོད་བཞིན་དུ་བདག་གིས་བསམ།།
ཕན་ཐོགས་ཚོགས་པའི་དྲི་བར་ར་རྫ་འཇམ་དབྱངས་སྐྱིད་ཀྱིས་དྲིས་ལན་བཏབ།
 2013/03/14 ཉིན་གྲུབ།
·རྩོམ་ཡིག་གོང་མ:འཇམ་དབྱངས་སྐྱིད་ཀྱི་དྲིས་ལན་སོ་ལྔ་མ།༡
·རྩོམ་ཡིག་འོག་མ:ཞེད་སྣང་།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 2:47:47 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:33:07 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:02:57 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS