ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
 རྩོམ་ཡིག་ཀློག་པ།

བྱ་གཞུང་དབྱངས་བྷའི་ལྷུག་རྩོམ། རྒྱ་ནག་རི་བོ་རྩེ་ལྔར་ཕྱིན་པ།

  རྩོམ་པ་པོ:བྱ་གཞུང་དབྱངས་བྷ།ཡོང་ཁུངས:ཚངས་དབྱངས་དྲ་བ།གཟིགས་གྲངས:2153ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2009/11/24 13:40:27ཚོགས་ཡར་སྤྲོད:ངེད།
 

རྒྱ་ནག་རི་བོ་རྩེ་ལྔར་ཕྱིན་པ།

 བྱ་གཞུང་དབྱངས་བྷ།

རྒྱ་ནག་རི་བོ་རྩེ་ལྔ་ནི་ཐེ་ཧང་རི་བོའི་རི་རྒྱུད་དུ་གཏོགས་ཤིང་། ཤར་རི་དང་། ལྷོ་རི། ནུབ་རི། བྱང་རི། དབུས་རི་བཅས་མཐོ་དམའ་མི་འདྲ་བའི་རི་རྩེ་ལྔ་ཡི་སྤྱི་མིང་ལ་དེ་སྐད་དུ་འབོད། རྒྱ་ནག་པས་རི་བོ་རྩེ་ལྔ་ནི་རྒྱ་བརྒྱུད་ཐུབ་བསྟན་ཆོས་ལུགས་ཀྱི་གནས་རི་ཆེན་པོ་བཞིའི་ཡ་གྱལ་དུ་བསྔགས་ཤིང་སྙན་གྲགས་ཤིན་ཏུ་ཆེ། ཐུབ་བསྟན་ཆོས་ལུགས་རྒྱ་ནག་ལ་དར་བའི་ལོ་རྒྱུས་རིང་མོའི་ཁྲོད་དུ། ཐུབ་བསྟན་ཆོས་ལུགས་ནི་རྔམ་མཐུག་པའི་རུའུ་ལུགས་ཀྱི་དབང་ཤུགས་དང་བརྡབ་གསིག་འོག་ཐོག་མཐའ་བར་གསུམ་དུ་བས་མཐའ་ནས་ཉམ་ཆུང་ངུར་འབུས་ཤིང་འཕེལ་བ་ཡིན་ནའང་། རི་བོ་རྩེ་ལྔས་རྒྱ་བརྒྱུད་ཐུབ་བསྟན་ཆོས་ལུགས་ཀྱི་འཕེལ་རྒྱས་ལ་བྱས་འབྲས་བླ་མེད་བཞག་ཅིང་འཇོག་པར་སྨྲ། ཉེ་བའི་དུས་རབས་འདི་གའི་རིང་ལ། བོད་རྒྱ་སོག་གསུམ་གྱིས་མཚོན་པའི་ཐུབ་བསྟན་ཆོས་ལུགས་ཀྱི་དད་ལྡན་པ་དག་ཐག་ཉེ་རིང་ནས་རི་བོ་རྩེ་ལྔར་གནས་མཇལ་དུ་འགྲོ་བར་བྱེད། བོད་པ་དག་གིས་ཀྱང་། རྒྱ་ནག་ལ་ཕྱིན་དེ་རི་བོ་རྩེ་ལྔར་མཆོད་མཇལ་དུ་མ་ཕྱིན་པ་ཡིན་ན། སྟོད་ཐུང་ལ་གོང་བ་མ་སྤྲད་པ་ནང་བཞིན་ཡིན་པར་སྨྲ་སྐད།

ང་རང་རྒྱ་ནང་ལ་ཡོང་ནས་ཡུན་རིང་ཕྱིན་སོང་། གནམ་འདེགས་གངས་རིའི་བརྟན་བརླིང་དང་། སྤང་རིའི་བག་ཆགས། བྲག་རིའི་ཁེར་ཚུགས། རྫ་ཆུའི་དྭངས་གཙང་སོགས་ཁྲག་རྩའི་སྦུབས་དང་རུས་པའི་རྐང་མར་ལ་རིང་ནས་འདྲིས་པ་ཡོད་ཚད་རྨི་ལམ་དུ་ཡང་ཡང་འཁོར་འཁོར་བྱས་བྱུང་། ང་གཞི་ནས་ཐག་ཉེ་རུ་ཡོད་པའི་རི་བོ་རྩེ་ལྔར་ཐེངས་གཅིག་འགྲོ་སྙིང་འདོད་བྱུང་། དེ་ནིསྟོད་ཐུང་ལ་གོང་བ་སྤྲོད་པའིཆེད་དུ་མ་ཡིན་ལ། ཆོས་ལུགས་མཆོད་མཇལ་གྱི་ཆེད་དུའང་མ་ཡིན། མ་བཅོས་རང་བྱུང་གི་རི་ཆུའི་དུངས་སྣང་འགོག་ཐབས་མེད་པ་དེ་དང་རིག་གནས་ཀྱི་གཟུངས་གཞུག་དང་ལྡན་པའི་རི་བོ་གང་དེར་ལྟ་སྐོར་ལན་གཅིག་བྱེད་འདོད་ཀྱི་འདུན་པ་མ་བཟློག་པས་ཡིན། ང་ཚོ་བོད་པར་མཚོན་ན། གནའ་ནས་ད་བར་དུ་ཐོད་པ་འཁྱེར་ཏེ་མེས་པོའི་ཤུལ་བཞག་ལ་མཆོད་མཇལ་དུ་འགྲོ་མཁན་མང་ནའང་། རིག་པ་འཁྱེར་ནས་རྒྱལ་ཁམས་བསྐོར་མཁན་ནི་དགེ་འདུན་ཆོས་འཕེལ་གཅིག་པུར་ཟད། དེ་བཞིན་ལྟད་མོ་མཐོང་ཚད་ལ་བསྟོད་ཚིག་འབྲི་མཁན་ནམངོ་སྤྲོདའབྲི་མཁན་མང་ནའང་། ལྟད་མོའི་ནང་སྙིང་ལ་དཔྱད་པས་སྙོབ་མཁན་ཉུང་ཙམ་གདའ། ཐེངས་འདིར། ངས་རང་ཉིད་ནི་ཕྱི་རོལ་གྱི་མི་རྣམས་བོད་ལ་འོངས་པ་ནང་བཞིན་གྱི་ལྗོངས་རྒྱུ་པ་ཞིག་ཡིན་པར་རློམ་གྱིན་ཡོད། སྤྲོ་བ་བསང་རྒྱུ་དེ་དམིགས་ཡུལ་ཉག་གཅིག་ཏུ་སྒོམ་གྱིན་ཡོད།

རི་བོ་རྩེ་ལྔར་འགྲོ་དུས། ང་སྔར་བཞིན་གཅིག་པུ་ཡིན། གཅིག་པུ་ཡིན་དུས། ད་གཟོད་རང་ཉིད་རང་ལ་དབང་ཐུབ། སེམས་པ་མནོ་བསམ་ལ་དབང་ཐུབ། མིག་བཙུམ་སྟེ་དྲན་པ་ནང་དུ་འགུག་ཐེངས་རེ་ལ། སྣང་ངོར་ཤར་བ་ནི་རྩེ་ལྔ་དང་ལྡན་པའི་དབེན་པའི་རི་ཁྲོད་ཉམས་དགའ་བ་ཞིག་རེད། བདག་གི་སེམས་ལ། ད་ནི་དོན་རྐྱེན་རབ་དང་རིམ་པའི་དབང་གིས་ཁ་ཆག་སྣ་རལ་དུ་གྱུར་བའི་སེམས་ཁམས་ལ་རྨ་བཅོས་ཐེངས་ཤིག་བྱེད་ཐུབ་ཀྱང་སྲིད་བསམས་ཤིང་སྤྲོ་སྣང་ངང་གིས་འཕེལ་ཡོང་། གྲོང་ཁྱེར་རྫོབ་པོ་དེའི་འཁྲུག་ཟིང་ལས་ཐར་སོང་། རྫས་དུད་ཀྱི་ཡོལ་རས་སྐྱ་བོ་སྔར་བཞིན་མཐོང་ལམ་ལ་འཁྲིལ་ཞིང་འཚང་གིན་ནའང་། རྒྱུས་ཡོད་ཡོད་འདྲ་བའི་རི་ཚོགས་ཀྱི་རླབས་ཕྲེང་རྒྱང་རིང་ནས་ཉེ་གམ་ལ་གཅིག་ལངས་གཅིག་འཇགས་ཀྱིས་ལུད་ཡོང་། ཤེས་མེད་ཚོར་མེད་ཀྱི་ངང་ལ། ལྗིད་ཏིག་ཏིག་གི་ནག་ཡོར་ཡོར་གྱི་ཅི་ཞིག་ལུས་སྟེང་སེམས་སྟེང་ནས་ག་ལེར་བཤུས་ཀྱིན་པ་འདྲ་བའི་ཉམས་སྣང་གུ་ཡངས་པོ་ཞིག་ཀྱང་བྱུང་།

ལུང་མདོ་ནས་སྤ་སེ་ཉོས་རྗེས། གཞི་ནས་མ་མཐོང་རྒྱང་གྲགས་ཅན་གྱི་རི་ཁྲོད་ག་ལ་བ་དེའི་ཕྱོགས་སུ་རིངས་པར་ཕྱིན། རི་ཚོགས་དང་ཉེ་བར་བཅར་བའི་མོད་ལ་ཕ་ཡུལ་དུ་ལོག་པ་འདྲ་བྱུང་། སེམས་པ་ནི་གཟེབ་ལས་ཐར་བའི་བྱིའུ་ཆུང་ཆུང་ཞིག་དང་འདྲ། ཡིན་ནའང་། རི་ལམ་གྱ་གྱུ་དེད་ཅིང་ཁད་ཀྱིས་ཁད་ཀྱིས་རི་ཚོགས་ཀྱི་ཁོང་གསེང་ལ་འཛུལ་བ་དང་བསྟུན་ནས། ཁོ་བོའི་གཡའ་དག་པའི་རྨི་ལམ་མཐའ་དག་ཀྱང་ཁད་ཀྱིས་ཁད་ཀྱིས་ཐོར་འགོ་བརྩམས། ཧ་ཅང་རྒྱུས་ཡོད་ཀྱི་ཕངས་སེམས་ནོན་དཀའ་བ་དེ་ཡང་བསྐྱར་དོན་ལྔ་སྣོད་དྲུག་གི་བར་སྲུབས་ནས་ལང་ལོང་ལྡང་བར་བྱེད། སེམས་པའི་བྱིའུ་ཆུང་ཆུང་བར་སྣང་ནས་སླར་ཡང་གཟེབ་ལ་ལོག་བྱུང་། ངས་ཁེར་རྐྱང་ཚོར་བྱུང་། གསོག་གསོབ་དང་ཧོལ་རྒྱུག་ཚོར་བྱུང་། རྒྱུ་མཚན་ནི། མིག་ལམ་དུ་མངོན་པ་ནི་འདུ་འཛིས་བསྣུབས་ཀྱིན་པའི་རི་སུལ་ཞིག་གམ། རི་ཁྲོད་གྱི་ཚོང་ར་ཆུང་ཆུང་ཞིག་ཡིན་པས་རེད། ཡང་ན། ང་རང་དུས་ཚོད་བརླག་སྟེ་དངུལ་ལོར་བརླག་སྟེ་ཡོང་དོན་ནི། འདུ་འཛིའི་ཁྲོད་ནས་འདུ་འཛིའི་ཁྲོད་དང་། ཚོང་རའི་ཁྲོད་ནས་ཚོང་རའི་ཁྲོད་དུ་འགྲོ་ཕྱིར་མིན་པས་སོ།།

ངས་ཅི་ཡིན་མེད་པར་ཕ་ཡུལ་དྲན་འོངས། ཕ་གཞིས་ཆོལ་ཁ་གསུམ་གྱི་རི་ཐང་ལུང་གསུམ་ན་འདུ་འཛིས་བསྣུབས་ཀྱིན་པའི་ཚོང་རར་འགྱུར་གྱིན་པའི་དགོན་སྡེ་དང་གནས་རི་དག་དྲན་ཡོང་། དྲན་ནས་ཀྱངའཇིག་རྟེན་གྱི་དག་ཞིང”ཞེས་འབོད་ཅིང་སྒྲོག་པའི་ཁ་བ་ཅན་གྱི་རི་ཆུ་ནགས་གསུམ་ཡང་འུར་ཟིང་རྫས་དུད་ཀྱིས་ཆེམ་ཆེམ་ཟ་ན། མི་འབོར་གྲོག་ཚང་བརྡོལ་འདྲའི་རྒྱ་ནག་ཡུལ་གྱི་རི་བོ་རྩེ་ལྔ་ནི་ལྟ་ཅི་སྙམ། ཁེ་ཕན་ཁོ་ན་རིན་ཐང་གི་ཚད་ཤིང་བྱས་པའི་སྤྱི་ཚོགས་ཤིག་ཏུ་ལྷིང་འཇགས་ཀྱི་སེམས་པའི་བསྟི་གནས་ནི་ཇི་འདྲའི་རྙེད་ཁག་པོ་ཡིན་ཨང་། ཐ་ན། རྫས་དུད་ཀྱིས་མ་ནོགས་པའི་བར་སྣང་ཆུང་ཆུང་ཞིག་དང་། དབེན་ཐང་ཐང་གི་སྒྲོག་ཙེ་ཞིག་གམ་ཁུ་སིམ་སིམ་གྱི་དཔེ་སྒྲོམ་ཞིག ཡང་ན། མ་བཅོས་གཉུག་གཤིས་ལ་དབང་བའི་སྨྱུ་གུ་ཞིག་དབང་འདོད་པའང་རྨི་ལམ་ཁོ་ན་ཡིན་སྲིད། དུས་རབས་མང་པོར། རང་བྱུང་ཁམས་ཀྱི་ནུ་ཞོ་གཞིབ་ཅིང་ལྷིང་འཇགས་ཞི་ལྷོད་ཀྱིས་འཚོ་གཞེས་གནང་མྱོང་ཡོད་པའི་རྒྱ་ནག་རི་བོ་རྩེ་ལྔས་ཀྱང་། གདོད་མའི་ངང་གཤིས་སྲུང་འཛིན་བྱེད་པའི་ཐར་ལམ་གཞན་ཞིག་རྙེད་མི་འདུག་ལ་རྙེད་ཀྱང་ག་ལ་སྲིད་ཨང་། ལྷིང་འཇགས་ནི་སེམས་པ་ལས་སྐྱེས་ཤིང་འུར་ཟིང་ཡང་སེམས་པ་ལས་སྐྱེས། སེམས་པའི་ལྷིང་འཇགས་ལས་སྐྱེས་པའི་རྒྱ་ནག་རི་བོ་རྩེ་ལྔ་སླར་ཡང་སེམས་པའི་འུར་ཟིང་གིས་བསྣུབས་པའི་ངང་ཚུལ་འདི། རྒྱང་སྒྲོག་བརྙན་འཕྲིན་ལས་ཤེས་རིག་འཕེལ་རྒྱས་ཀྱི་སྔར་མེད་བྱས་འབྲས་ཡིན་ཚུལ་སྒྲོག་པ་ནང་བཞིན། དགེ་སྦྱོང་མགོ་རིལ་དག་གིས་ཀྱང་རྒྱུ་འབྲས་རྟེན་འབྲེལ་གྱི་རིགས་པས་འགྲེལ་བ་འདྲ་ཆགས་པོ་ཞིག་རྒྱག་གིན་ཡོད་ཀྱང་སྲིད།

གྲོང་ཁྱེར་གྱི་འུར་ཟིང་ལས་ཐར་རྗེས། ང་རང་འུར་ཟིང་གཞན་ཞིག་ལ་ཚུད་སོང་། ཆོས་ཚོང་ནོར་ཚོང་རྒྱག་པའི་སེར་སྐྱ་ཕོ་མོ་དག དངུལ་ལོར་གོས་སུ་གྱོན་པའི་མི་སེམས་དག མི་མགོ་སྐོར་འདོད་ཀྱི་རིག་འཕྲུལ་གྱ་གྱུ་དག བསླུ་འདོད་ཀྱི་སྨྲ་ལྗེ་རྣོན་པོ་དག འདོད་སྲེད་ཀྱི་མིག་འོད་་ལིང་ལིང་དག མིག་ཤེས་རྨོངས་པར་བྱེད་པའི་ཚོང་ཟོག་ཙག་ཙིག་དག  དེ་དག་གིས། རང་བྱུང་རི་ཚོགས་ཀྱི་བརྗིད་ཉམས་དང་། གནའ་བོའི་དགོན་རྙིང་གི་བབ་ཆགས། ཐུབ་བསྟན་རིག་གནས་ཀྱི་ཞི་འཇམ་ལྷོད་བག་སོགས་ཕྱི་རིམ་ནང་རིམ་དུ་བསྐོར་ནས་འདུག རྒྱའི་སྔོན་རབས་པསདབེན་པའི་གནས་མཆོགཅེས་སྙན་ཚིག་གིས་བསྔགས་ཤིང་ང་རྒྱལ་དུ་རྩི་བའི་རི་བོ་རྩེ་ལྔ་ངག་རྒྱུན་དུ་གྱུར་ཤུལ་དུ། ཉ་སྦལ་འབུ་སྲིན་གྱི་སྲེག་དྲི་འཁྱེར་བའི་རླུང་བུ་ཁོ་ན་བསིལ་བསིལ་ལྡང་གིན་འདུག རྒྱ་ནག་རི་བོ་རྩེ་ལྔའི་གནས་རི་དག་དང་དགོན་སྡེ་དག་ལ་ལྟ་སྐོར་བྱེད་དུས། ང་རང་འོ་ཁྲག་མཉམ་དུ་བསྲེས་འདྲའི་ཚོར་སྣང་ངུ་བྲོ་བ་ཞིག་གིས་ཡང་ཡང་གཙེ་བར་བྱེད། ཅི་ཡིན་མེད་པའི་ངང་ལ་ངས་ཡང་བསྐྱར་ཕ་ཡུལ་དྲན་བྱུང་། ཉ་སྦལ་འབུ་སྲིན་གྱི་སྲེག་དྲིས་ཁྱབ་པའི་ཕ་གཞིས་བསིལ་ལྡན་ལྗོངས་ཀྱི་འདས་མ་ད་གསུམ་དང་འབྲེལ་བའི་མྱོང་སྣང་ཞེད་དངངས་དག་བྱང་ཁོག་སྟོད་ནས་སྐྱུར་སིབ་སིབ་བྱེད།

འཁྱག་སིབ་སིབ་ཀྱི་རླུང་བུ་དང་མཉམ་པོར་ཆར་བ་བབས་བྱུང་། ང་རང་མགྲོན་ཁང་གི་ཤེལ་དྲའི་མདུན་དུ་འགྲེང་སྟེ། ཆར་ཆུ་ཁྲོད་ཀྱི་རི་བོ་རྩེ་ལྔར་རྒྱང་ལྟ་བྱེད་བཞིན་དེ་དང་འབྲེལ་བའི་ཟེར་སྒྲོས་ངག་རྒྱུན་དག་ལ་མནོ་བསམ་བཏང་། མི་ནི་སྲོག་ལྡན་སེམས་ཅན་ཀུན་གྱི་དྭངས་མར་བསྔགས་དོན་ནི་བསམ་གཞིག་གི་ནུས་པ་ཡོད་པས་རེད། བསམ་གཞིག་གི་ནུས་པའི་དབང་གིས། མིའི་རིགས་ཀྱིས་ནང་བསམ་པའི་ཕུན་ཚོགས་དང་ཕྱིའི་དངོས་པོའི་ཕུན་ཚོགས་གྱ་ནོམ་པ་གསར་སྐྲུན་བྱེད་ཐུབ་པ་བྱུང་ཡོད་ཅིང་། འཚོ་སྡོད་ཁོར་ཡུག་གི་རི་ཆུ་ནགས་གསུམ་དང་ས་རྡོ་ཁང་ཁྱིམ་སོགས་ལའང་རིག་གནས་ཀྱི་གཟུངས་གཞུག་གམ་རིག་གནས་སྙིང་སྟོབས་ཀྱི་མཚོན་དོན་གསར་པ་དག་བྱིན་ཞིང་སྟེར་བར་བྱེད། རྒྱ་ནག་རི་བོ་རྩེ་ལྔ་ནི་རྒྱ་བརྒྱུད་ཐུབ་བསྟན་ཆོས་ལུགས་ཀྱི་གཟུངས་གཞུག་ཁྱད་པར་བ་བྱིན་ཡོད་པའི་གནས་རི་ཤིག་རེད། རྒྱ་བརྒྱུད་ཐུབ་བསྟན་གྱི་ཆོས་གཞུང་དག་ན། རྒྱ་ནག་རི་བོ་རྩེ་ལྔ་ནི་འཇམ་པའི་དབྱངས་ཀྱི་གནས་རི་ཡིན་ཚུལ་དང་སྟོན་པའི་ལུང་གིས་ཟིན་ཡོད་ཚུལ་བཀོད་འདུག ལྷ་སྒྲུང་རྩོམ་པར་མཁས་ཤིང་རྒྱན་འདོགས་འུད་བསྟོད་ལ་དགའ་བའི་བོད་པའི་ཆོས་པ་དག་གིས་ནི་ཆོས་ལུགས་ཀྱི་བཤད་རྒྱུན་དེ་སྒང་ལ་ལྷན་པ་སྣ་ཚོགས་ཅི་དགར་བརྒྱབ་འདུག་པ་སྟེ། རྒྱ་ནག་རི་བོ་རྩེ་ལྔ་ནི་འཇམ་པའི་དབྱངས་ཀྱི་གནས་རི་ཡིན་པ་ཙམ་མ་ཟད། རྒྱ་ནག་པ་ནི་འཇམ་པའི་དབྱངས་ཀྱི་གདུལ་བྱ་ཡིན་པར་སྨྲ་བའོ།། ཁོ་ཚོས་རིགས་གསུམ་མགོན་པོའི་གདུལ་ཞིང་ནི་བོད་རྒྱ་སོག་གསུམ་ཡིན་པར་སྨྲ་ཞིང་། རང་སོ་སོའི་ལྷ་སྐལ་གྱི་ནུས་མཐུ་མ་འདྲ་བའི་དབང་གིས་རྒྱ་ནག་པ་དག་ཤེས་རབ་ཆེ་ཞིང་། བོད་པ་དག་སྙིང་རྗེ་ཆེ་བ། སོག་པོ་དག་དྲག་རྩལ་ཆེ་བར་སྒྲོག ཀུ་རེ་འདྲེས་མའི་དྲང་གཏམ་ཞིག་ཞུས་ན། བོད་རྒྱ་སོག་གསུམ་གྱི་ཡུལ་ལུང་ཉི་ཚེ་བ་ཙམ་ལ་ཆེད་དུ་དམིགས་པ་གཏད་ཡོད་ཚེ། རིགས་གསུམ་མགོན་པོའི་སེམས་བསྐྱེད་དང་ནུས་མཐུ་ཀྱང་ཇི་འདྲའི་གུ་དོག་ཅིང་ཚད་དམའ་ཨང་། གཞན་དུ་ན། ཁོ་པ་ཚོསའཇམ་དབྱངས་གོང་མདངའཇམ་པའི་དབྱངས་ཀྱི་གདུལ་བྱ”ཞེས་འུད་བསྟོད་བྱེད་པའི་རྒྱ་ནག་པ་དག་ནི་འཛམ་གླིང་སྒང་གི་མི་རིགས་གཞན་དགཕྱི་རོལ་པལས་བློ་གྲོས་ཀྱི་རྩལ་ཆེ་བ་གཞར་ཡང་མ་མཐོང་ལ། བོད་པ་དང་སོག་པོ་རྣམས་ཀྱང་སྟོབས་ལྡན་མི་རིགས་གཞན་དགཕྱི་རོལ་པལས་སྙིང་རྗེ་དང་དྲག་རྩལ་བླ་ལྷག་ཆེ་བའང་ཡེ་ནས་མ་མཐོང་། འདི་ལྟ་སྟེ། བཟོ་ལས་གསར་བརྗེ་ནས་ཆ་འཕྲིན་དུས་རབས་བར་གྱི་བློ་གྲོས་ལས་འཁྲུངས་པའི་གསར་སྐྲུན་གྱི་དངོས་པོ་མཐའ་དག་དང་། འགྲོ་མིའི་ཐོབ་ཐང་ནས་གཞན་ཕན་ཐེབས་རྩ་ཚོགས་པའི་བར་གྱི་བྱམས་སྙིང་རྗེ་ཡི་བྱ་གཞག་མཐའ་དག དྲག་པོའི་མཚོན་གྱིས་མི་སེར་སྤེལ་ཡུལ་རྒྱ་བསྐྱེད་པ་ནས་འཛམ་གླིང་ཞི་བདེ་འགན་སྲུང་བྱེད་པའི་བར་གྱི་མཐུ་རྩལ་དབང་ཤུགས་ཡོད་ཚད་ནི། རིགས་གསུམ་མགོན་པོའི་གདུལ་བྱ་མ་ཡིན་པའི“ཕྱི་རོལ་པ”དག་གིས་བསམ་སྦྱོར་བྱ་བྱེད་ཀྱི་འབྲས་བུ་མ་རེད་དམ། ཆེ་བརྗོད་ནི་ཆེ་བརྗོད་རང་རེད་ལ་བཤད་རྒྱུན་ཡང་བཤད་རྒྱུན་ཙམ་དུ་ཟད། ཆེ་བརྗོད་དང་བཤད་རྒྱུན་ཁྲོད་ནས་རྐང་བསྙབས་ལག་བསྙབས་ཀྱིས་ནར་སོན་པའི་ང་དང་ང་འདྲ་དག་ལ་མཚོན་ན་ཚུལ་དེར་ཧང་སངས་རྒྱུ་ཆེར་མི་འདུག་མོད། དཔྱོད་ཤེས་ཀྱི་རྒྱ་སྲང་ཐོགས་ཤིང་དོགས་སློང་གི་མིག་འབྲས་བགྲད་པའིཕྱི་རོལ་པ”དག་གིས་ཐོས་ན་གད་མོ་ཤོར་ཏེ་བརྒྱལ་འགྲོ་ལས་ཆེ།

ཡིན་ནའང་། ང་རང་ཉིད་ཀྱི་ངོས་ནས་རིགས་གསུམ་མགོན་པོ་ལ་དགའ་པོ་ཡོད། རྒྱུ་མཚན་ནི། རིགས་གསུམ་མགོན་པོས་མི་གཤིས་ཀྱི་ངོས་གསུམ་མམ་མི་གཞིའི་སྙིང་སྟོབས་ཀྱི་མཐོ་ཚད་ཅིག་མཚོན་ཡོད་པར་འདོད་པས་ཡིན། གསལ་བོར་བཤད་ན། སྣོད་བཅུད་བྱ་དངོས་ཡོད་དོ་ཅོག་དཔྱོད་ཤེས་ཀྱིས་ཚད་འཇལ་བའི་གསལ་ཟབ་ཤེས་རབ་དང་། སྲོག་ལྡན་སྲོག་མེད་ཡོད་དོ་ཅོག་ལ་འཚེ་བ་སྤངས་པའི་བྱམས་སྙིང་རྗེ། ཚུལ་མིན་ལུགས་མིན་དང་སྒེར་གཅོད་དྲག་སྦྱོར་མཐའ་དག་ལ་རྒོལ་ཕོད་པའི་དཔའ་སྤོབས་མཐུ་སྟོབས་བཅས་ནི། མི་བོ་ཆེ་དག་གི་མི་གཞིའི་སྙིང་སྟོབས་དང་མི་བུ་བདེན་དྲང་ཅན་དག་གིས་རེ་ཞིང་སྙེག་པའི་མི་གཞིའི་རེ་སྙེག་ཡིན་འོས་པས་ཡིན། མ་ཟད། རིག་གནས་གང་ཞིག་ལ་དེ་གསུམ་འཛོམས་ཚེ། ད་གཟོད་མི་རིགས་གང་དེའམ་མིའི་རིགས་ལ་རྟག་བརྟན་གྱི་ཕན་བདེ་སྐྲུན་ནུས་པ་ལོ་རྒྱུས་ཀྱི་བདེན་དཔང་བྱས་ཟིན་པས་ཡིན། དེ་ལྟར་བསམས་དུས། ནུབ་གླིང་པས“དཀོན་མཆོག”ཅེས་པ་ཆོས་ལུགས་དད་པ་ནས་འཕོ་འགྱུར་བྱས་ཏེ་སྒེར་མིའི་བསམ་སྦྱོར་བྱ་བྱེད་ཀྱི་ཚད་ཤིང་ཞིག་ཏུ་ལྟ་བ་ནང་བཞིན། ང་རང་ཚོས་ཀྱང་རིགས་གསུམ་མགོན་པོ་ཞེས་པའང་ཐོད་པ་གཏུགས་ཡུལ་གྱི“ལྷ་སྐལ”དུ་ལྟ་བ་ནས་འཕོ་འགྱུར་བྱས་ཏེ་མི་ཚེའི་རེ་སྙེག་གི་དམིགས་འབེནཤེས་རབ། སྙིང་རྗེ། ནུས་རྩལདུ་འཛིན་འོས་ཨང་། ཡིན་ནའང། ངའི་སྙིང་ཉེ་བའི་ཡུལ་མི་སྤུན་མཆེད་ཚོ་ད་དུང་ཡང་རིགས་གསུམ་མགོན་པོའི་རིག་གནས་མཚོན་དོན་དང་ཁད་རིང་བའི་ས་ན་ཡོད། ཉིན་མཚན་དུས་དྲུག་ལ“རིགས་གསུམ་མགོན་པོ། རིགས་གསུམ་མགོན་པོ”ཞེས་ཕ་འབོད་མ་འབོད་བྱེད་ཀྱིན་ཡོད། ལྷ་སྒྲུང་དང་ངག་རྒྱུན་ཁྲོད་ཀྱི་རི་ཆུ་ནགས་གསུམ་དང་ཡུལ་མི་སྤུན་མཆེད་ཚོ་ཨང་། ངས་རྒྱ་ནག་རི་བོ་རྩེ་ལྔ་ནས་ཁྱེད་རང་ཚོ་དྲན་བྱུང་།

ཆར་ཐིགས་ཤེལ་དྲའི་ངོས་ནས་ག་ལེར་ག་ལེར་ཟགས་ཀྱིན་འདུག ཕར་བལྟས་ཚོད་ལ། ཐུབ་བསྟན་རིག་གནས་ཀྱི་ཞི་འཇམ་ལྷོད་བག་འཁྱིལ་བའི་རང་བྱུང་རི་ཚོགས་དང་། གནའ་བོའི་དགོན་རྙིང་གི་ངོས་ནས་ཟགས་ཀྱིན་ཡོད་སྣང་འཆར། འཇམ་པའི་དབྱངས་གང་དུ་བཞུགས་ཡོད་དམ།  ཤེས་རབ་ཀྱི་བུ་ཆུང་། བློ་གྲོས་ཀྱི་བདག་པོ། འཁྲུག་ཟིང་དོད་པའི་རི་སུལ་འདི་ཁྱེད་ཀྱི་གཞིས་ཀ་ཡིན་ནམ། ཟུར་ཕུད་ལྔ་བོ་ཀྲོག་གེར་འུར་ཟིང་ཁྲོད་བཞུགས་ཡོད་དམ། དེ་ལྟ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་འདས་མ་ད་གསུམ་གསལ་ལེར་གཟིགས་པའི་ཁྱེད་ཀྱིས་ཀྱང་། ལྷིང་འཇགས་ཀྱི་ཁྱིམ་གཞིས་ཤིག་རྙེད་མི་འདུག་ཨང་། སྟོབས་ཆེ་ཞིང་མཐུ་བཙན་པའི་བཤད་རྒྱུན་དང་རྟོག་བཟོ་ཁྲོད་ཀྱི་འཇམ་པའི་དབྱངས་དྲན་པའི་མོད་ལ། ལྷ་སྒྲུང་གིས་གཡོགས་ཤིང་གཏམ་རྒྱུད་ཀྱིས་བརྒྱན་པའི་མེས་པོ་ལ་ཐོད་ཅན་ཚོའི་ལོ་རྒྱུས་ཀྱང་དྲན་ཡོང་། ལོ་རྒྱུས་དང་ལྷ་སྒྲུང་དབར་ན་རྒྱང་ཐག་ག་ཚོད་ཡོད་དམ། བདེན་པ་དང་བཤད་རྒྱུན་དབར་ན་རྒྱང་ཐག་ག་ཚོད་ཡོད་དམ། ཆར་ཆུ་ཁྲོད་ཀྱི་རྒྱ་ནག་རི་བོ་རྩེ་ལྔ། མ་གཞི་ནས་དོ་མི་མཉམ་པའི་ལྷ་སྒྲུང་ཞིག་ཡིན་སྣང་ཤར་བྱུང་།

རྒྱ་ནག་རི་བོ་རྩེ་ལྔ་རུ་སྡོད་པའི་ཉིན་མཚན་འདི་དག་ལ། ང་ལ་ལྷིང་འཇགས་སྦྱིན་མཁན་ནི་མགྲོན་ཁང་ཐོག་སོ་གཉིས་པའི་ཕུགས་ཀྱི་ཁང་མིག་ཆུང་ཆུང་དེ་ཁོ་ན་རེད། མགྲོན་ཁང་གང་དུའང་ཡོད་ནའང་། ཕྱོགས་ཡར་མར་གྱི་མགྲོན་ཁང་མང་པོ་ནས་ཞག་སྡོད་བྱས་མྱོང་ཡོད་ནའང་། རྒྱ་ནག་རི་བོ་རྩེ་ལྔའི་མགྲོན་ཁང་བརྗེད་མི་སྲིད། ཨ་ང་ཙིའི་འཇབ་རྒོལ་མེད་པའི་མཚན་མོ་དེ་དག་ཀྱང་བརྗེད་མི་སྲིད།

༢༠༠༩     ༢༢   ཉིན་རྒྱ་ནག་རི་བོ་རྩེ་ལྔ་ནས།

·རྩོམ་ཡིག་གོང་མ:གླིང་བྲོ་བདེ་ཆེན་རོལ་མོ།
·རྩོམ་ཡིག་འོག་མ:སློབ་ཆེན་པས་ངེས་པར་ཀློག་དགོས་པའི་དཔེ་དེབ་འོས་སྦྱོར།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 4:13:10 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:13:15 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 9:25:34 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 79 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS