ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལྗོངས་རྒྱུ།
 རྩོམ་ཡིག་ཀློག་པ།

ཟངས་མདོག་དཔལ་རིའི་ཕོ་བྲང་གི་སྐོར་ཚད་དང་ཕན་ཡོན།

  རྩོམ་པ་པོ:དཔལ་དགྱེས་པ་རྡོ་རྗེ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:3862ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/2/17 15:37:54ཚོགས་ཡར་སྤྲོད:admin
 
༄༅།།ཟངས་མདོག་དཔལ་རིའི་དཀྱིལ་འཁོར་ཐུབ་བསྟན་རྣམ་པར་རྒྱལ་བའི་
ཕོ་བྲང་གི་སྐོར་ཚད་དང་ཕན་ཡོན་བཅས་
བཞུགས་སོ། །
 
ན་མོ་མ་ཧྰ་གུ་རུ་པདྨ་ཀ་ར་ཡེ། །
ཀུན་བཟང་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན། །
ཀུན་ཁྱབ་ཆོས་ཀྱིས་འགྲོ་ཁམས་འདྲེན་མཛད་པའི། །
ཀུན་བཟང་ཐུགས་ཀྱི་བསྟན་པའི་མངའ་བདག་མཆོག །
ཀུན་འདུས་པདྨ་འབྱུང་གནས་རྒྱལ་གྱུར་ཅིག །
ཟངས་མདོག་དཔལ་གྱི་རི་བོའི་དཀྱིལ་འཁོར་ཆེ། །
ཐུབ་བསྟན་རྣམ་པར་རྒྱལ་བའི་ཕོ་བྲང་གི །
རྣམ་ཐར་ཕན་ཡོན་སྐོར་ཚད་མདོར་བསྡུས་པ། །
དྲང་བདེན་རིག་པའི་ལམ་བཟང་བསྟན་པར་བྱ། །
   དེ་ལ་འདིར་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཤྰཀྱ་ཐུབ་པ་མཆོག་གིས་མདོ་རྒྱུད་དུ་མ་ནས་གཙུག་ལག་ཁང་བཞེངས་པ་དང་ཕྱག་ སྐོར་གྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་གསུངས་པ་དང་།སངས་རྒྱས་ལ་དམིགས་པའི་སེམས་ཀྱིས་མེ་ ཏོག་གཅིག་ཙམ་ནམ་མཁའ་ལ་གཏོར་ན་དེའི་རྣམ་སྨིན་གང་ཡིན་པ་དེ་ནི་ལྷ་ཡི་དབང་པོ་བརྒྱ་བྱིན་ གྱིས་ཀྱང་རྙེད་པ་སླ་བ་མ་ཡིན་ན་སེམས་ཅན་གཞན་དག་རྣམས་ལྟ་མ་མཆིས་སོ།།རྒྱུ་མཚན་ནི་སངས་རྒྱས་རྣམས་ལ་དམིགས་པའི་ཕན་ཡོན་ཁམས་གསུམ་འཁོར་བ་ན་སྤྱོད་པ་རྣམས་ཀྱི་མཐར་གཏུགས་པ་ལ་ལས་སླ་བ་མ་ཡིན་པར་སངས་རྒྱས་ཐམས་ཅད་མཁྱེན་པ་རྣམས་ཀྱི་ཡེ་ཤེས་ཉག་གཅིག་གི་སྤྱོད་ཡུལ་ཁོ་ན་ཡིན་ནོ། །དེས་ན་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཉིད་ལ་དམིགས་པ་ཡིན་པས་མཐར་ཐུག་སངས་རྒྱས་ཀྱི་ཡོན་ཏན་དམ་པ་འཐོབ་པར་འགྱུར་བ་ལ་ཐེ་ཚོམ་མེད་པར་དཔྱད་གསུམ་དག་པའི་ལུང་རིགས་ཡང་དག་གིས་གྲུབ་པའོ། །ཁྱད་པར་དུ་ང་ཚོ་བོད་ཡུལ་མདོ་སྟོད་བྱང་ཐང་མཐའ་འཁོབ་འདི་ལྟ་བུ་ལ་མཆོག་སྤྲུལ་ཨ་འགྱུར་གྱི་ཡང་སྲིད་དམ་པ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེའི་བཀའ་དྲིན་ལ་ བརྟེན་ནས་ཟངས་མདོག་དཔལ་རིའི་དཀྱིལ་འཁོར། ཐུབ་བསྟན་རྣམ་པར་རྒྱལ་བའི་ཕོ་བྲང་གི་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས་གྲུབ་ནས། ཕྱིའི་གཙུག་ལག་ཁང་དང་ནང་གི་སྐུ་གསུང་ཐུགས་རྟེན། གསང་བ་ངོ་མཚར་གྱི་རྣམ་ཐར་འབུམ་གྱིས་ཕྱུག་པའི་གུ་རུ་རིན་པོ་ཆེ་དང་དབྱེར་མ་མཆིས་པའི་གུ་རུའི་སྐུ་ཚབ་གུ་རུ་རིན་པོ་ཆེ་སྣང་སྲིད་ཟིལ་གནོན་གྱི་སྐུ་རྟེན་ཁྱད་པར་ཅན་དང་། གུ་རུའི་གསེར་སྐུ་སྟོང་དང་།  ཆོས་ལོངས་སྤྲུལ་གསུམ་གྱི་གསེར་སྐུ།ཉེ་བའི་སྲས་ཆེན་བརྒྱད་དང་གནས་བརྟན་འཕགས་ཚོགས་ཀྱི་སྐུ་རྟེན་དང་། རྒྱ་བོད་ན་ཡོད་དོ་ཅོག་གི་བཀའ་བསྟན་མན་ངག་རྒྱབ་ཆོས་དང་བཅས་པའི་གསུང་རྟེན། གསེར་ཟངས་ཁྲ་རྒྱན་ལས་གྲུབ་པའི་བདེ་གཤེགས་མཆོད་རྣམ་བརྒྱད་སོགས་ཐུགས་རྟེན་ཁྱད་པར་ཅན་དང་ཕན་གདུགས་དང་རྒྱལ་མཚན་དར་ཟབ་མཆོད་སྤྲིན་རྒྱ་མཚོ་ལྟ་བུའི་ཡོངས་སུ་གཏམས་པར་བྱས་སོ། ། འོ་ད་ནི་སྐབས་སུ་བབས་པ་བྱེ་བྲག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་ཅན་དག་ལ་ཕྱག་འཚལ་བ་དང་། མཆོད་འབུལ་བསྐོར་བ་བྱས་པའི་ཕན་ཡོན་ཡང་རིམ་པ་བཞིན་དུ། མདོ་ལས། བཅུ་གང་ཞེ་ན། ༡ རྒྱལ་པོའི་ཁྱིམ་དུ་སྐྱེ་བ་ཐོབ་པདང་། ༢ རྒྱ་ཆེ་བའི་གཟུགས་དང་། ༣ རྒྱ་ཆེ་བའི་གཡོག་ འཁོར་དང་། ༤ རྒྱ་ཆེ་བའི་མཆོད་པ་དང་བཀུར་སྟི་དང་། ༥ རྒྱ་ཆེ་བའི་ནོར་དང་། ༦ རྒྱ་ཆེ་བའི་ཐོས་པ་ དང་། ༧ རྒྱ་ཆེ་བའི་དད་པ་དང་། ༨ རྒྱ་ཆེ་བའི་དྲན་པ་དང་། ༩ རྒྱ་ཆེ་བའི་ཤེས་རབ་དང་། ༡༠ རྒྱ་ཆེ་བའི་རྟོགས་པ་འཐོབ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ ཡོན་ནོ། །ཕྱག་འཚལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། ༡ གཟུགས་བཟང་ལ་མདོག་གསེར་གྱི་ ཁ་དོག་ལྟ་བུར་འགྱུར་བ་དང་། ༢ མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། ༣ སྐད་སྙན་ཤིང་སྨྲ་བ་ སྙན་པར་གཟུང་པའི་ཚིག་ཏུ་འགྱུར་བ་དང་། ༤ བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། ༥ ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། ༦ གཟི་བརྗིད་ཆེན་པོར་འགྱུར་བ་དང་།༧ གང་ཟག་ནི་ འདི་ལྟ་སྟེ།སངས་རྒྱས་བཅོམ་ལྡན་འདས་རྣམས་དང་།བྱང་ཆུབ་སེམས་དཔའ་རྣམས་དང་།སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་། ༨ ལོངས་སྤྱོད་ཆེ་བར་འགྱུར་བ་དང་། ༩ མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། ༡༠ མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་སོགས་ཕན་ཡོན་ མཐའ་ཡས་དག་ལ་ཡིད་ཆེས་པ་དང་།ལྷག་པར་དུ་དགེ་སེམས་དམིགས་པ་རྩེ་གཅིག་པས་བསྐོར་བས་ཕན་ཡོན་ཡང་མཐའ་ཡས་པར་གསུངས་སོ། །རྒྱུ་མཚན་དེས་ན་གཙོ་བོ་རང་རང་སོ་སོའི་བསམ་སྦྱོར་བྱང་ཆུབ་ སེམས་ཀྱིས་ཟིན་པ་ཞིག་དང་།དངོས་སུ་ཕྱག་མཆོད་བསྐོར་བ་ཅི་འཚམས་སྐབས་དམིགས་མེད་ལྟ་བས་རྩི་དང་མི་བྲལ་བའམ་དགེ་བ་གང་བསྒྲུབ་པ་ཐམས་ཅད་ལ་དམིགས་རྣམ་མི་བརྗེད་པའི་དྲན་པ་དང་། ཤེས་བཞིན་དང་བག་ཡོད་པས་སྒྲུབ་པ་དང་།མཇུག་ཏུ་བསྔོ་སྨོན་གྱིས་རྒྱས་བཏབ་ན་ཐར་པའི་ལམ་དུ་ འགྱུར་བ་ཡང་། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། ། རྗེས་ལ་བསྔོ་བས་ཡོངས་སུ་ཟིན་གྱུར་ན། །ཐར་བ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། ། ཞེས་གསུངས་པ་བཞིན་མཛད་ན་རང་དྲིན་རང་ལ་ཆེ་བ་ཡིན་པས་ཤིན་ཏུ་གལ་ཆེའོ། ། མདོར་ན་རྒྱ་ཆེར་རོལ་བ་ལས། །བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་རྟག་ཏུ་འགྲུབ།།བདུད་བཅོམ་ནས་ནི་བྱང་ཆུབ་ མྱུར་དུ་རེག་པར་འགྱུར། །ཞེས་དང་།བསོད་ནམས་དམ་པའི་མདོ་ལས། གང་ཞིག་བསོད་ནམས་ཆེན་པོ་ འདི། །ཏིལ་འབྲུ་ཙམ་ཞིག་བསགས་གྱུར་ན། །མྱུར་དུ་སངས་རྒྱས་ཐོབ་པར་འགྱུར། ཞེས་གནས་སྐབས་ ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པ་དང་།མཐར་ཐུག་སངས་རྒྱས་འཐོབ་པར་འགྱུར་བ་ཡིན་པས་བསོད་ནམས་ཀྱི་ཚོགས་ཅི་བསགས་པ་ཐམས་ཅད་ནི་རང་གཞན་ཀུན་ལ་ཕན་བདེ་སྒྲུབ་པའི་ཐབས་གལ་ཆེའོ། དེས་ན་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ལ་ཡིད་ཆེས་དང་།སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་ཕུགས་སུ་གཏད་ནས་རྟག་པར་རྒྱུན་གྱི་འཁོར་ལོར་དགེ་སྒྲུབ་སྡིག་སྤང་ལ་འབད་ནུས་ན་སྐྱེས་བུ་རབ་ཡིན་མོད། དེ་ཙམ་མ་ནུས་ན་ཡང་ཉིན་གོང་པོར་ལྷག་བསམ་རྣམ་དག་གིས་ཚོགས་བསགས་ལ་འབད་པ་དང་། གལ་ཏེ་དེ་ལྟར་མ་ནུས་ནའང་ཞག་མ་གཅིག་ལ་ཆུ་ཚོད་ཉི་ཤུ་རྩ་བཞི་ཡོད་པ་ལས་ཆུ་ཚོད་གཅིག་ཙམ་ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བརྩོན་པར་གྱིས་ཤིག་ཅེས་རང་དང་སྙིང་ཉེ་བ་དག་ལ་ཡང་ཡང་ལྷག་བསམ་རྣམ་པར་དག་པས་གྲོགས་པོ་དགེ་འདུན་ཡོངས་ལ་འབོད་བསྐུལ་ཞུས་པར་ལགས་སོ། ། ཁྱད་པར་དུ་ཟངས་མདོག་དཔལ་རིའི་རྟེན་མཆོག་འདི་ཉིད་ཀྱི་སྐོར་ཚད་རབ་ནི་གུ་རུ་སིདྡྷི་འབུམ་ཕྲག་ བཅུ་གཉིས་དང་སྐོར་ཚད་རབ་ལ་འབུམ་གཅིག་དང་། གཉིས་པ་ལ་སིདྡྷི་འབུམ་དང་སྐོར་ཚད་ཁྲི་གཅིག གསུམ་པ་ལ་སིདྡྷི་ཁྲི་གཅིག་དང་སྐོར་ཚད་སྟོང་གཅིག་བཅས་བྱས་ན་གནས་སྐབས་ནད་གདོན་གནོད་པའི་བར་ཆད་ཀྱི་ཚོགས་རྣམས་ཞི་ནས་ཚེ་རིང་ནད་མེད་དཔལ་འབྱོར་འཕེལ་བ་དང་མཐར་ཐུག་ཀྱང་སོ་སོར་གང་མོས་ཀྱི་ཞིང་ཁམས་གང་དགའ་རུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ། །
ཨོཾ་སྭ་སྟི་བི་ཛ་ཡནྟུ། །
ཀུན་བཟང་གྲོལ་བ་ལྔ་ལྡན་གཙུག་ལག་ཁང་། །
ཀུན་འདུས་བླ་མའི་སྒྲུབ་ཁང་པདྨ་འོད། །
ཀུན་དགའ་ལྷུན་གྲུབ་ཚོགས་གཉིས་དམ་པའི་ཞིང་། །
ཀུན་ཕན་རིན་ཆེན་བསྟན་འགྲོའི་རྒྱན་དུ་བསྐྲུན། །
རྒྱལ་ཀུན་གསང་གསུམ་རྟེན་ཆེན་བཞེངས་པའི་དགེས། །
རྒྱལ་བསྟན་རིན་ཆེན་འཇིག་རྟེན་ཁམས་སུ་ཁྱབ། །
རྒྱལ་སྲས་དགེ་འདུན་བཞེད་དོན་ལྷུན་གྱིས་གྲུབ། །
རྒྱལ་ཀུན་དགྱེས་པའི་ཕྲིན་ལས་མཐར་ཕྱིན་ཤོག །
   ཅེས་པའང་རབ་རྒྱན་ལྕགས་སྟག་རྒྱལ་ཟླ་བའི་བཟང་པོ་བཅུ་འཛོམས་སམ་ཕྱི་ལོ་༢༠༡༡ ༡ ༡༢ ཉིན་མཆོག་སྤྲུལ་དམ་པ་ཐུབ་བསྟན་སྙན་གྲགས་རིན་པོ་ཆེ་དང་རྫོགས་ཆེན་ཆོས་ལྡན་གྱིས་འབྲི་བསྐུལ་གནང་བ་བཞིན་དུ་སྐྱེན་པོ་དགོན་གྱི་ཟངས་མདོག་དཔལ་རི་ལ་ཕྱག་བསྐོར་མཆོད་འབུལ་གྱི་ཕན་ཡོན་མདོར་བསྡུས་ཞིག་དད་པའི་ཞིང་ས་ལེགས་གྲུབ་བྱུང་བའི་དགའ་སྤྲོ་དང་བཅས་མཁན་ཆེན་བླ་མའམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་བྲིས་པས་དགེ་བས་འགྲོ་བ་སེམས་ཅན་ཀུན་གྱིས་ཚོགས་གཉིས་དམ་པ་ཡིད་བཞིན་ནོར་བུའི་དཔལ་ལ་ལོངས་སྤྱོད་ནས་རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུ་རུ་གྱུར་ཅིག་གུ ། ཤྲྰི་སརྦ་ལོ་ཀ་དྷརྨྰ་བི་ཛ་ཡནྟུ།།
·རྩོམ་ཡིག་གོང་མ:གདོན་གྱིས་བཟུང་བའི་སྙན་ངག་འདི།
·རྩོམ་ཡིག་འོག་མ:བྱིས་གླུ། གུག་པའི་ཟླ་བ་དཀར་པོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བུམ་ཐང་ལྷའི་སྦས་ཡུལ་གྱི་བཀོད་པ་མེ་ཏོག་སྐྱེད་ཚལ། 2011/6/12 11:17:39
·ཡུལ་གནམ་ལུང་དུ་སྐྱོད་པའི་མཐོང་ཐོས། 2011/3/1 22:05:32
·དབེན་གནས་གངས་རི་ཐོད་དཀར་དང་ཤུག་གསེབ་དགོན། 2010/9/5 13:34:08
·གནས་མཆོག་རྒྱ་ནག་མ་ཎིའི་དཀར་ཆག 2010/4/28 16:46:42
·གནས་མཆོག་ཁ་བ་དཀར་པོ། 2010/2/7 16:22:30
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 5:55:20 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 18:03:17 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 7:32:43 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 37 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS