ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

མི་ཚེ་དང་སྙན་ངག་ལ་ལྟ་ཚུལ།

  རྩོམ་པ་པོ:ངག་དབང་བརྩོན་འགྲུས།ཡོང་ཁུངས:ངེད་དགཟིགས་གྲངས:1636ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/10/21 13:46:21ཚོགས་ཡར་སྤྲོད:admin

 མི་ཚེ་དང་སྙན་ངག་ལ་ལྟ་ཚུལ།

     —གཉིད་མི་འོང་པའི་མཚན་མོ་ཞིག་གི་ལབ་ལོབ་ཏུ་གཏོགས་པ།
 
 ངག་དབང་བརྩོན་འགྲུས། རྒྱ་གར་ལྷོ་ཕྱོགས།
 
༡༽ མི་ཚེའི་རིང་ཐང་ལ་གཞིགས་པའི་ལབ་རྡོལ།
   ངས་ནམ་རྒྱུན་བཞིན་འདས་དོན་དང་ཕུགས་བསམ་མང་པོར་ཕྱིར་འདང་གིས་མི་ཚེའི་རིན་ཐང་ཞེས་པ་འདི་ཡང་སྒོས་ཅི་ཞིག་ཡིན་མིན་ཤེས་འདོད་བྱེད་ཀྱིན་ཡོད། ངས་<< གདོང་འབག་གྱོན་པའི་གཞས་མ། >> ཟེར་བའི་གློག་བརྙན་དེ་མཐོང་བ་ནས་བཟུང་དོན་དངོས་ཀྱི་མི་ཚེ་ནི་ཀྱག་ཀྱོག་གི་ལམ་བུ་ཞིག་དང་འདྲ་བར་ཚོར་བྱུང་ལ། མི་ཚེ་ནི་ཆེས་ཛ་དྲག་ཆེ་བའི་གཡུལ་ས་ཞིག་ཡིན་པའི་སྣང་བ་ཡང་སྐྱེ་ཡོང་། ཡིན་ནའང་ང་རང་ནི་ཛ་དྲག་པའི་མི་ཚེའི་བྲོ་བ་དེ་འདྲ་ཅི་ཡང་མ་མྱང་པར་ཁུ་སིམ་མེར་ལུས་སོང་བ་ལ་གནོང་འགྱོད་ཆེན་པོ་རེ་སྐྱེ་བཞིན་ཡོད་ལ། མཚམས་རེར་བསམ་ཚུལ་དེའི་རྐྱེན་གྱི་རང་ཚུགས་ཤོར་བའི་ཚིག་དུམ་འདི་འདྲ་རེ་ཡང་འབྲི་འཆོར་བཞིན་ཡོད། མ་གཞི་རྩོམ་ཡིག་འདི་འདྲ་འབྲི་ཁུལ་བྱས་ན་རང་ཉིད་ལ་འཚམས་པོ་མེད་པ་ཤེས་ཀྱིན་ཡོད་ཀྱང་བཤད་འདོད་པའི་སྐད་ཆ་གང་ཡིན་སྦ་གསང་མེད་པར་གྲོགས་དག་ལ་བཤད་ན། ཕྲག་སྟེང་གི་ཁུར་བོ་ལྕི་མོ་ཞིག་ཕོག་སོང་བ་ལྟ་བུའི་ལུས་སེམས་གཉིས་ཀར་ཡང་སྣང་ཞིག་འཆར་འོང་བས་གང་འདོད་དུ་བྲིས་པ་ཡིན། བསམ་བློ་འདི་ཡི་འབྱུང་རྐྱེན་གཙོ་བོ་ཡང་རྙོག་འཛིང་ཆེ་བའི་མི་ཚེའི་སྐྱིད་སྡུག་མ་མྱང་བའི་ང་ཅག་ལ། ཚོར་སྣང་དང་འདུ་ཤེས་ཀྱི་རྒྱུ་བ་ཉག་ཕྲ་བས་སྒྱུ་རྩལ་གྱི་ཞིང་ཁམས་དང་རིག་གནས་ཀྱི་མ་ལག་ལས་རིང་དུ་གྱུར་བས་ལོས་ཡིན་ཡང་བསམ་ཡོང་།  གཅིག་བྱས་ན་འདི་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་པ་ཞིག་ཀྱང་ཡིན་ངེས་སུ་འདུག་སྟེ། གནའ་དུས་ཀྱི་མཚན་ཉིད་སྨྲ་བའི་སློབ་དཔོན་ཆེན་མོ་ལེ་ཉེན་དང། མར་ཁེ་སི་སོགས་བསམ་བློ་བའི་གཞུང་རྟ་ཉག་གཅིག་ཏུ་གྱུར་བའི་མི་བོ་ཆེ་དེ་དག་གིས་ཀྱང་། བདེ་བདེ་ལྷོད་ལྷོད་ངང་ནས་གསར་གཏོད་ཀྱི་བསམ་བློ་དང་གསར་གཏོད་ཀྱི་སྙིང་སྟོབས་འཕར་མ་དེ་འདྲ་རྙེད་སོང་བ་ཞིག་མིན་པར། ཛ་དྲག་དང་དཀའ་སྡུག་ཆེ་བའི་མི་ཚེའི་འཚོ་བར་མྱོང་རོལ་གཏིང་ཟབ་བྱས་པ་ལས་ད་གཟོད་གཞི་ནས་མཛེ་སྡུག་ལྡན་པའི་ལོ་རྒྱུས་ཀྱི་དབུ་ཁྱུད་གསར་པ་རེ་འབྲི་བཞེངས་མཛད་པ་རེད། ཨ་ཅང་ཅང་ཁོ་པ་ཚོའི་མི་ཚེ་ནི་ཆེས་ཛ་དྲག་ཆེ་བའི་གཅོང་རོང་གི་ལམ་བུ་ཞིག་དང་འདྲ་བར། རྡུང་སྡིགས་དང་དམའ་འབེབས། ཁྱད་གསོད་སོགས་ཡར་ལངས་དཀའ་བའི་གནས་སུ་ཚུད་པ་ནི་ཧ་ཅང་མང་ཞིང་། ཐ་ན་སློབ་གྲྭ་གཅིག་པུ་ལས་ཀྱང་ཕྱིར་ཕུད་ཐེངས་མང་བྱས་འདུག་ལ་གནད་འགག་གི་སྐབས་མང་པོར་སྐེ་བརྫིས་བཏང་འདུག རེད་དེ་མི་ཚེའི་དཀའ་སྡུག་དེ་དག་གི་མྱོང་བ་ལས་ཁོ་ཚོའི་ཐུན་མོང་ལ་ཡོད་པའི་སྒེར་ཚུགས་ཀྱི་བསམ་བློའི་ཁ་ཕྱོགས་རྣོ་རུ་ཕྱིན་པ་ལས་དྲན་ཤེས་ཉམས་པའི་མངོན་རྟགས་ཙམ་ཡང་དོད་མི་འདུག དེ་བས་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་འཕྲད་པ་ཙམ་གྱིས་གསར་གཏོད་ཀྱི་སྙིང་སྟོབས་རྙེད་པའི་ངེས་པ་མི་བགྲང་ཡང་། རྣམ་རིག་དང་ཧམ་སེམས་ལྡན་པའི་སྐྱེ་བུ་སུ་འདྲ་ཞིག་ལ་ཡང་འཚོ་བའི་དཀའ་སྡུག་གི་རྒྱུས་མངའ་མེད་ཚེ། སྐྱེ་བུ་གང་དེར་གཞན་དོན་ལྷག་བསམ་གྱི་སྙིང་སྟོབས་དབེན་པར་འགྱུར་ཞིང་དོན་སྙིང་ལྡན་པའི་མི་ཚེའི་ལས་དོན་སླད་གང་ཡང་བློས་གཏོང་མི་ཕོད་པའི་སྡར་མ་ཞིག་ཏུ་འགྱུར་ངེས་ཡིན། དེས་ན་དཀའ་སྡུག་ནི་དཀའ་སྡུག་ཙམ་མིན་པར་མི་ཚེའི་འགྲུལ་བཞུད་ཀྱི་ཆེས་ཕུན་སུམ་ཚོགས་པའི་ཆ་ཤས་ཤིག་རེད་འདུག་ཅེས་ཀྱང་བརྗོད་པར་ཕོད། གནའ་བོའི་རོ་མའིི་སི་ཏོའོ་ཀུའི་གྲུབ་མཐའི་མཚན་ཉིད་རིག་པ་བ་སེའི་ཉུས་ཁྭ་ཟེར་བ་དེས་ཀྱང་ ལས་ སྐལ་བཟང་བོར་ཡིད་སྨོན་འཆོར་ཡང་། སྐལ་ངན་ལས་རྒྱལ་བ་ནི་དེ་བས་ངོ་མཚར་ཆེ། ཞེས་བཤད་མྱོང་ཡོད་འདུག (ཕའེ་གུན་ནས་མི་ཚེ་གླེང་བ་ཞེས་པ་ལས་དྲངས) ངོ་མ་འབུར་དུ་ཐོན་བའི་སྐད་ཆ་འདི་ནི་ཞུམ་མེད་ལྷག་བསམ་གྱི་དཔལ་འབར་བའི་སྐྱེས་བུ་གང་ནི། ཇི་ལྟར་དཀའ་སྡུག་ཆེ་བའི་མནར་གཅོད་ཀྱི་དྲ་བར་ཚུད་པ་དེ་ཚོད་ཀྱིས་སྤྲོ་སེམས་འཁོར་བཞིན་བླ་མེད་ཀྱི་མཛད་རྗེས་ལ་ཞེ་རྔམ་ཆེ་བ་དང་། སྤྱི་དོན་ལ་བརྩེ་བ་ཟབ་ཅིང་འོད་སྟོང་ལྡན་པའི་མི་ཚེ་གང་བོར་བདེ་སྐྱིད་ཀྱི་དྭངས་མ་སྙིང་ལ་སྦྲུམ་ཡོད་པའི་ཚོར་སྣང་ཞིག་ནི་ཅིས་ཀྱང་སྟེར་གྱིན་འདུག ང་ཚོས་སྤྱི་ཚོགས་འདིར་ཕྱོགས་གང་ཐད་ནས་བསམ་བློའི་དཔལ་ཡོན་ལྡན་ཁུལ་གྱི་རང་རློམ་བྱེད་ཀྱིན་ཡོད་ཀྱང་། གཞུང་ལུགས་ལས་བཤད་པའི་བྱམས་བརྩེ་སོགས་ཀྱི་གཏམ་སྙན་གང་མང་ཁ་རུ་འབྱིན་ཤེས་པ་ཙམ་ལས། དོན་གྱི་ལག་ལེན་དང་བསྡུར་ན་ད་དུང་ཡང་གནམ་སའི་བར་གྱི་སྟོང་ཆ་ཆེན་པོ་འདི་ལྟ་བུ་ཞིག་ཡོད་པར་སུས་ཀྱང་བསྙོན་དུ་མེད་དོ།།
  གོང་དུ་ཞུས་པར་ལྟར་སྐལ་ངན་ལས་རྒྱལ་བའི་བརྒྱུད་རིམ་ལས་འོད་སྟོང་ལྡན་པའི་མི་ཚེའི་མཛེས་སྡུག་གི་ལང་ཚོ་མཐོང་མཁན་ནི་ཧ་ཅང་དཀོན་ཚོད་དུ་འདུག གནད་དོན་འདིར་སློབ་དཔོན་གན་དྷི་མཆོག་གིས་ཀྱང་མྱོང་བ་ཐོན་པའི་བཤད་པ་ཡང་ཡང་མཛད་ཡོད་ལ། ཁོང་རྣམས་ལ་མཚོན་ན་གསོན་པ་ལས་ཀྱང་ཤི་བ་ངོ་མཚར་བ་ནི། གསེར་ས་འོག་ཏུ་སོང་ཡང་འོད་ནམ་མཁའ་ལ་ཁྱབ་ཟེར་བའི་དཔེ་ལྟར་གྱུར་ཡོད། ད་དུང་ས་སྐྱའི་ལེགས་བཤད་ལས་ མཁས་པ་སློབ་པའི་དུས་ན་སྡུག།། བདེ་བར་སྡོད་ལ་མཁས་མི་སྲིད།། ཅེས་པའི་ཚིག་རྐང་པ་གཉིས་པོ་འདི་ཡང་དོན་གྱི་མཁས་པ་ཞིག་བྱེད་འདོད་ན་གོང་ཞུས་ལྟར། སྤྱི་ཚོགས་ཀྱིས་སྤྲད་པའི་དཀའ་སྡུག་གི་ཁུར་ཆེན་ཅི་འདྲར་ཐུག་ཀྱང་དང་ལེན་གྱིས་ཧྲེང་ངེར་འགྲེང་ཐུབ་པའི་རུས་རྐང་རྨ་མེད་གཅིག་དགོས་པའི་གནས་ལུགས་བརྗོད་ཡོད་པ་ལས། མགོ་ན་བ་དང་རྐང་གཟེར་བ་སོགས་ཚོར་བ་ཉི་ཚེ་བ་ལ་གདོང་གཏད་དགོས་རབས་ཀྱི་ཕྱོགས་སུ་འགྲེལ་བརྗོད་བྱས་ན་རིན་ཐང་ལྷག་པོ་ཅི་ཡང་མི་མཐོང་ངོ་།། གནད་དོན་འདི་ནི་མི་ཆོས་རིང་ལུགས་ཀྱི་ཕྱོགས་ངོས་ཁོ་ན་ལས་འགྲེལ་བརྗོད་བྱེད་དགོས་པ་ཙམ་མིན་པར་ཆོས་ཉིད་འགལ་བ་འདུ་འཕྲོད་ཀྱི་སྟོབས་ཤུགས་ཤིག་ཡིན་ལ། འདི་ནི་སྟོན་པ་ཤཱཀྱ་ཐུབ་པའི་ལྟ་གྲུབ་ཀྱི་ངོས་ཐད་ནས་གླེང་ན་ཡང་ཆེས་གལ་གནད་ཅིག་ཏུ་རྩི་བཞིན་ཡོད་དེ། མཁས་པ་དངུལ་ཆུ་བས དགེ་བའི་ ལོངས་སྤྱོད་འདོད་པའི་རྒྱལ་སྲས་ལ། །གནོད་བྱེད་ཐམས་ཅད་རིན་ཆེན་གཏེར་དང་མཚུངས།།  ཞེས་མི་མཐུན་ཕྱོགས་གནོད་བྱེད་ཀྱི་རྐྱེན་ལ་བརྟེན་ནས་རང་རྒྱུད་ཀྱི་བཟོད་པ་གོང་འཕེལ་དུ་གཏོང་དགོས་པ་དང་། དེ་བཞིན་ངེས་འབྱུང་རྣལ་མ་ཙམ་སྐྱེ་བར་ཡང་ངེས་པར་དུ་འཁོར་བའི་སྐྱོན་གྱིས་ཡིད་སུན་དྲག་པོ་སྐྱེ་དགོས་རབ་སོགས་ཀྱིས་མཚོན། ལམ་གྱི་རྣམ་བཞག་ཕལ་ཆེར་མི་མཐུན་སོགས་ལ་བརྟེན་ནས་གཉེན་པོའི་ཕྱོགས་གོང་དུ་འགྲོ་དགོས་པར་བཤད་པ་རྣམས་གཅིག་མཚུངས་སུ་གྲུབ་འདུག གནད་དོན་འདི་དག་གི་རྩ་བ་རིག་ལམ་གྱིས་དེད་ན་མཐར་ཆོས་ཉིད་ལ་ཐུག་ནས་ཡོད་པས་གུས་རྩི་འོས་པ་ཞིག་ལོས་ཡིན་བསམ་ཡོང་བ་ཞིག་ཀྱང་རེད་འདུག ང་ཚོས་གཅེས་འོས་པའི་མི་ཚེ་མངོན་གྱུར་གྱི་སྐལ་བཟང་འདི་ནམ་ཡང་ལེགས་ལམ་དུ་འཁྱོངས་པ་ཞིག་ཅིས་ཀྱང་བྱེད་དགོས་ཤིང་། ང་ཚོས་མི་ཚེ་འདི་དྲང་བདེན་དང་ཁ་ཕྱོགས་ཅན་གྱི་ལམ་ལ་བསྒྱུར་དགོས་ཀྱང་མང་པོ་ཞིག་གིས་མི་ཚེ་ནི་གཡོ་འཕྲུལ་དང་། ངེས་གཏན་མེད་པའི་ལམ་ནས་སྐྱེལ་གྱིན་ཡོད་ལ་དེ་བས་མི་ཚེ་ནི་སྒེར་དོན་གྱི་ཆེད་དུ་གཏོང་རྐྱང་བྱེད་བཞིན་ཡོད། དོན་ངོ་མར་བསམས་ན་ཁོ་ཚོས་མི་ཚེའི་བྲོ་བ་ངོ་མ་དེ་ཡེ་ནས་མྱོང་མེད་ལ། ཁོ་ཚོར་མི་ཚེའི་བདེ་སྐྱིད་ཀྱི་བགོ་སྐལ་ཡང་གཏན་ནས་ཐོབ་མེད་ཅེས་བཤད་ན་ཡང་བཤད་ཆོག་ཆོག་རེད་ལ། དེ་བས་རང་ཉིད་ཀྱི་ལྟོ་རྒྱབ་ཁོ་ནའི་ཆེད་དུ་ཉིན་འདུར་མཚན་འདུར་བྱེད་པ་ནི་གླེང་རིན་ཡེ་ནས་ཡོད་པ་ཞིག་མིན་ལ་ཅིས་ཀྱང་དོགས་ཟོན་བྱེད་དགོས་པའི་གནས་ཤིག་ཀྱང་ཡིན། དེ་བས་རང་ཉིད་སྤྱི་ཚོགས་ཀྱི་ཚབ་མཚོན་དུ་རུང་བའི་སྐྱེ་བུ་ཞིᨵ་ཏུ་འགྱུར་འདོད་ན། དྲང་བདེན་དང་ལྷག་བསམ་ནི་རྩ་བའི་བློ་ཕུགས་ཀྱི་གཞི་རྐང་དུ་གྱུར་ཡོད་པས་ཀུན་གྱིས་འབད་པས་སྲུང་བར་རིགས་སོ།།
༢༽ སྙན་ངག་པའི་རང་གཤིས་ལ་གཞིགས་པའི་ལབ་རྡོལ།
  བཤད་མ་ཐག་པ་ལྟར་མི་ཚེ་ལ་རིན་ཐང་མཐོང་བའི་ཤེས་ཡོན་ཅན་ནི། རིག་གནས་ཆེ་ཕྲ་གང་གི་ཆ་ནས་བཤད་ཀྱང་ཆེས་གལ་ཆེན་དུ་གྲུབ་ཡོད། རང་གཤིས་དེ་འདྲ་ཞིག་གི་མ་རྩ་མེད་ན་རང་ཉིད་ལ་རིག་གནས་ཀྱི་འགན་འཁྲི་གང་ཡང་མེད་སོང་བས། ཤེས་ཡོན་པའི་གྲལ་དུ་འཚང་བའི་ཁུལ་བྱས་ཀྱང་ཤེས་ཡོན་པ་རྣལ་མ་ཞིག་ཏུ་གཏན་ནས་འགྱུར་མི་སྲིད། དེས་ན་རང་ཚུགས་དང་རང་གཤིས་ཡོད་པ་ཙམ་གྱིས་མི་ཆོག་བར་ཆེས་སྡུག་ས་དང་ངན་སར་གདོང་གཏོད་ཀྱིས། སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་པར་བྱེད་རྒྱུ་ནི་རིག་གནས་ཀྱི་གཞི་རྩ་ངོ་མ་དེ་ཆགས་ཡོད། རང་རེའི་སྤྱི་ཚོགས་འདིར་ཤེས་ཡོན་ཡོད་ཅེས་ཤེས་ཡོན་པའི་གྲལ་དུ་འཚང་མཁན་གང་མང་ཡོད་ཀྱང། དོན་དངོས་ཀྱི་བདེན་པ་ལ་ཡིད་རྟོན་བྱེད་མཁན་དང་སྤྱི་སེམས་ཀྱི་བླ་སྲོག་ལྡན་པའི་རང་གཤིས་ཅན་མང་པོ་ཞིག་ཡོད་བཟོ་མ་རེད། ངས་ཚོད་རྩིས་བྱས་པ་ནོར་མེད་ན་རྩོམ་རིག་གི་ལས་ལ་ཞུགས་མཁན་གང་མང་ཞིག། སྤྱི་ཚོགས་ཀྱི་འགན་འཁྲི་མ་ཁུར་བར་བསྟོད་སྨད་དང་འུར་སྒྲོག་ཁོ་ནས་དུས་འདའ་ ཞིང་། ཐ་ན་རང་ཉིད་གང་ཞིག་གི་མཚན་གཞི་ཡིན་ངོས་འཛིན་མི་བྱེད་མཁན་དེ་འདྲ་ཡང་ཡོད་ཚོད་དུ་འདུག་བསམས། སྙན་ངག་དང་སྙན་ངག་པ་གང་ཞིག་ལ་མཚོན་ནའང་རིག་གནས་ཀྱི་བླ་སྲོོག་དང་ཁ་གཏན་ནས་འབྲལ་མི་རུང་ཞིང་། རིག་གནས་ཀྱི་དགོས་མཁོ་སྐོང་བའི་ཁ་ཕྱོགས་ལས་ནམ་ཡང་འཕྱུག་མི་རུང་སྟེ། དེ་ལྟར་མ་བྱུང་ན་སྤྱི་ཚོགས་རྙོག་འཛིང་དུ་གཏོང་བའི་ཧོལ་རྒྱུགས་པ་མང་པོ་འཚང་ནས་འོང་ཞིང་། ངེས་གཏན་མེད་པའི་བཤད་ཡམས་སྣ་ཚོགས་ཀྱིས་མཐུན་འབྲེལ་གྱི་ལག་རྡང་གཏོར་བའི་རྒྱུ་རུ་འགྲོ་བ་ལས་བདེན་དོན་གྱི་བློ་མིག་ནམ་ཡང་འབྱེད་མི་ནུས། འོན་ཀྱང་གོང་དུ་ཞུས་པའི་རང་གཤིས་དག་གིས་རྒྱུད་སྨིན་པའི་ཤེས་ཡོན་པ་སུ་འདྲ་ཡིན་ཡང་བཀུར་འོས་པའི་སྐྱེས་བུ་རང་མཚན་པ་ཤ་སྟག་ཡིན་མིན་ལ་སྙོན་དུ་མི་རུང་ཞིང་། ལྷག་ཏུ་སྙན་ངག་དང་སྙན་ངག་པ་ནི་རིག་གནས་ཀྱི་རྒྱ་མཚོའི་ཉིང་བཅུད་ལས་ཐོན་པའི་རིན་པོ་ཆེ་ཞིག་དང་ཀུན་ནས་འདྲ་བས་སུ་ཞིག་གིས་དགའ་མགུ་མི་བྱེད་དམ།  སྔོན་ཆད་གྲོགས་པོ་ཞིག་གི་ངག་ལས་ སྙན་ངག་ནི་ཚོར་བའི་ཉིང་ཁུ་རེད ཅེས་པ་ཞིག་གོ་མྱོང་ལ་སྐད་ཆ་དེར་བསམ་གཞིག་གང་མང་བྱེད་མྱོང་ཡོད་ཀྱང་། ད་བར་སྐད་ཆ་དུམ་བུ་དེའི་ཡང་སྙིང་ཅི་ཞིག་ཡིན་མིན་གྱི་མྱོང་བ་དང་ངེས་ཤེས་རྙེད་མ་སོང་། ད་ལྟ་བསམ་ན་སྐད་ཆ་དེ་ནི་མུ་ཏིག་རྡོག་པོ་གཅིག་དང་འདྲ་བར་ཧ་ཅང་དོན་སྙིང་ལྡན་པས་ཡིད་ཆེས་སྐྱེ་ཡོང་བ་ཞིག་རེད་འདུག གང་ཡིན་ཟེར་ན་སྐྱིད་སྡུག་གི་ཚོར་བ་ནི་སེམས་ཀྱི་གཤིས་ཀ་དངོས་དང་འགྲོགས་ཤིང་། དེ་ཡང་ཕྱི་དངོས་པོ་ལ་ཉམས་མྱོང་དང་འབྲེལ་འདྲིས་ཇི་ཙམ་ཡོད་པ་དེ་ཙམ་གྱིས་སྐྱེ་འཕེལ་ཡོང་དགོས་པ་ལས། གཡོ་འཕྲུལ་གྱིས་བཅོས་པ་ཞིག་གཏན་ནས་མིན་ལ་སུ་ཞིག་སྤྱི་ཚོགས་ལ་རྒྱབ་ཀྱིས་ཕྱོགས་པ་དེ་ལ་ནི་དགའ་སྐྱོ་ཆགས་སྡང་གི་བྲོ་བ་གང་མང་ཞིག་ཡོད་མི་དཔེ་ཞིང་། མི་དེར་མཚོན་ན་མི་ཚེ་དེར་བྱ་བཞག་གསར་བ་ཞིག་འགྲུབ་པར་ཡང་ཁག་པོར་གྱུར་པ་ཡིན། ལྷག་པར་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་འདུས་པའི་གླུ་གཞས་དང་རོལ་དབྱངས་། རི་མོ་དང་འཁྲབ་སྟོན། དེ་བཞིན་སྙན་ངག་སོགས་མདོར་ན་འཇིག་རྟེན་འདིར་ཡིད་དབང་འཕྲོག་པའི་དངོས་པོ་ཅི་འདྲ་ཞིག་ཡིན་ཡང་། དགའ་སྐྱོ་ཆགས་སྡང་གི་ཚོར་བས་གཡོ་འཁྱོམས་བྱེད་པ་ཞིག་བྱུང་ན་ད་བཟོད་མི་རྣམས་ཀྱི་སེམས་ལ་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ངེས་སུ་ཡོད་ཅིང་རང་ཉིད་ཀྱི་མི་ཚེ་ཡང་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་ཀྱིན་ཡོད། རེ་བ་དང་ཕུགས་བསམ་ཡོད་མེད་ལ་མ་ལྟོས་པར་འགྲོ་བ་མི་ཞིག་ཡིན་ཕྱིན་ངེས་པར་དགོས་ངེས་ཡིན། གནས་སྟངས་དེ་ལས་ལྡོག་སྟེ་ཚོར་བ་ཅོས་མ་ཞིག་གིས་བཞེངས་བསྐྲུན་བྱས་པའི་སྒྱུ་རྩལ་གྱི་ཁྱབ་ཁུངས་དེ་དག་ནི། ཆེས་སྤྱིར་བཏང་བ་ཞིག་ལས་དོན་སྙིང་ལྷག་པོ་གང་ཡང་ལྡན་མེད་པས་འབད་འབུངས་བྱས་ཀྱང་གཡུར་དུ་ཟ་བའི་མཆོང་སྐྱོད་ཡོང་མི་སྲིད་དོ།།
༣༽ སྙན་ངག་གི་བླ་སྲོག་ལ་གཞིགས་པའི་ལབ་རྡོལ།
  སྙན་ངག་སྒྱུ་རྩལ་ནི་སྒྱུ་རྩལ་རང་ག་བ་མ་ཡིན་བར་འཚོ་བ་དངོས་ཀྱི་ཚབ་མཚོན་རུང་བ་ཞིག་ཡིན་དགོས་པས་དངོས་དོན་དང་མི་འབྲེལ་ཐབས་མེད་ཡིན་ལ། དངོས་དོན་ནི་སྒྱུ་རྩལ་གྱི་བླ་སྲོག་ཉག་གཅིག་ཡིན་པས་རྩོམ་རིག་གཅིག་ལ་ཆ་མཚོན་ན་ཡང་། བཟང་ངན་གྱི་དབྱེ་འབྱེད་དང་རིན་ཐང་གི་དབྱེ་འབྱེད་གང་བྱས་ཀྱང་ཆེས་གལ་འགང་ཆེ་ས་ནི་རྩོམ་རིག་གིས་བཞེངས་བསྐྲུན་བྱས་པའི་བརྗོད་བྱ་དོན་གྱི་ཆ་དེར་ཆོས་ཉིད་ཀྱི་བླ་སྲོག་ལྡན་དང་མི་ལྡན་བལྟ་རྒྱུ་དེ་ཡིན་ལ། དེ་ཡང་སྒྱུ་རྩལ་གྱི་རྣམ་པ་དང་མ་བྲལ་བར་ངོ་མཚར་ཆེན་པོས་བཞེངས་སྐྲུན་བྱེད་དགོས་པ་ལས་ཆོས་ཉིད་ཆིག་རྐྱང་དུ་གྱུར་ན་ཆུ་རྡོ་ལྷན་དུ་བསྒྲིགས་པ་ལྟར་ངོ་མཚར་དང་མཛེས་སྡུག་གང་ཡང་མི་ཆེ་བས་མི་རྣམས་ཀྱི་ཡིད་དབང་ཇི་ལྟར་འཕྲོག་ནུས། གོང་དུ་ཞུས་པ་ལྟར་སྒྱུ་རྩལ་ནི་མི་ཡི་ཚེ་སྲོག་དང་འདྲ་བར་ཆེས་རླབས་ཆེན་གྱི་རིག་གནས་ཤིག་ཡིན་ལ། དེ་ཡི་ཉིང་བཅུད་དུ་གྱུར་བའི་ཆོས་ཉིད་དོན་གྱི་གནས་སྟངས་ཡང་དེ་ལྟར་དུ་གཙིགས་སུ་འཛིན་དགོས་པ་ནི་སྨོས་མེད་ཡིན་ཞིང་། ཐ་ན་མེ་ཏོག་རྐང་གཅིག་གི་མཛེས་སྡུག་ལ་བསམ་ན་ཡང་འདབ་མ་དང་ལོ་མ་རེ་རེ་ནས་ཁྱད་གཤིས་མ་འདྲ་བའི་དབང་གིས་སེམས་ལ་ཚོར་སྣང་མ་འདྲ་བ་སྦྱིན་ཐུབ་ཅིང་། ལྷག་པར་རླུང་དང་ཟིལ་བས་ཡོམ་ཡོམ་དུ་གཡོ་བའི་དུས་སྐབས་དག་ལ། དམིགས་གསལ་མཛེས་སྡུག་གི་སྣང་བརྙན་ཕྱི་རུ་མངོན་འོང་བ་ནི་འཇིག་རྟེན་འདི་ཡི་དངོས་པོ་ཀུན་གྱི་ཚབ་མཚོན་དུ་རུང་བའི་མཛེས་རྩལ་གྱི་སྣང་བརྙན་གསོན་པོ་རང་ཡིན་ཞིང། སྒྱུ་རྩལ་གྱི་བླ་སྲོག་ངོ་མ་ཡང་ཆོས་ཉིད་ཀྱིས་གྲུབ་པའི་ཡུལ་རང་སྟེང་ན་ཡོད་པས་དེ་ལ་རྒྱུས་མངའ་དང་འབྲེལ་འདྲིས་ཡོད་པར་བྱ་རྒྱུ་ནི་ཧ་ཅང་གལ་གནད་ཅིག་ཡིན་པ་ཤེ་དགོས། ངས་སྔོན་ཆད་ཅིག་ལ་སྒྱུ་རྩལ་ཟེར་བ་ནི་ཡིད་སེམས་འགུག་པའི་གར་སྟེགས་ཐོག་གི་མཛངས་མའི་གདོང་རིས་བཞིན་བློས་སླང་ཀྱི་སྣང་བརྙན་འབའ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཀྱང་། དོན་ངོ་མར་དེ་ནི་སྒྱུ་རྩལ་དང་སྒྱུ་རྩལ་བ་ཤི་རོ་ཞིག་ཡིན་པ་གཞི་ནས་ཤེས་སོང། གནད་འགག་འདི་ལ་དེ་ཙམ་གྱིས་རྩི་འཇོག་མ་ཐུབ་པའི་རྐྱེན་གྱིས་འུ་ཚང་གི་སྙན་ངག་དང་སྙན་ངག་པ་ནི་འཁྱགས་རུམ་ནང་གི་རྒྱུག་ཆུ་ཞིག་དང་འདྲ་བར། འཛམ་གླིང་གི་གྲུ་ཟུར་འདི་ན་ཡོད་ཡོད་འདྲ་བ་ལས་ཕྱིར་མངོན་མ་ཐུབ་པའི་ཚོར་སྣང་སྐྱེ་འོང་། གྲོགས་པོ་ཁྱེད་ཀྱིས་གཟིགས་དང་། ཤང་ཤང་དུ་འབབ་པའི་ཆུ་བོ་དང་ལང་ལོང་དུ་གཡོ་བའི་སྤྲིན་དཀར། ལྟ་ན་སྡུག་པའི་མེ་ཏོག་གི་ཚོགས་རྣམས་མཛེས་པར་བཞད་པའི་རང་བྱུང་གི་ཁོར་ཡུག་འདི་ནི། རི་མོ་མཁན་གྱི་པིར་རྩེ་དང་སྙན་ངག་པ་ཡི་སྨྱུག་རྩེ་ནས་ནམ་ཡང་འབྱུང་མི་སྲིད་པའི་སྒྱུ་རྩལ་གྱི་དྭངས་མ་དང་སྒྱུ་རྩལ་གྱི་བླ་སྲོག་ངོ་མ་དེ་ཡིན་ལ། དེ་དང་བསྡུར་ན་སྙན་ངག་པའི་ངག་ལས་འོང་བའི་རང་བྱུང་གི་བཀོད་པ་དག་ནི་སྒྱུ་རྩལ་གྱི་འདྲ་རྣམ་ཙམ་ལས་གཞན་ཅི་ཡང་མིན་ནོ་ཞེས་བཤད་ན་ཡིད་ཁར་མི་འབབ་པ་ལྟར་སྣང་ཡང་། སྙན་ངག་གི་བླ་སྲོག་ངོ་མ་ནི་མཛེས་སྡུག་ལྡན་པའི་འཇིག་རྟེན་འདི་ལས་དུས་ནམ་ཡང་བརྒལ་མ་མྱོང་བས་ཅིས་ཀྱང་འགྲིག་འདུག། དེ་བས་རིག་པའི་གཞུང་ལུགས་ལས། ཚོར་བ་མྱོང་བའི་བདག་ཉིད་ཡིན ཞེས་གསུངས་པ་ཡང་དོན་ལ་གནས་པའི་སྐད་ཆ་ཞིག་སྟེ། དགའ་སྐྱོ་ཆགས་སྡང་གི་ཚོར་བ་རང་སྟེང་ན་མེད་པར་འདྲ་ཆགས་ཆགས་ཀྱི་རྣམ་འགྱུར་ཇི་ལྟར་བསྟན་ཡང་། ཕྱི་ཚུལ་ཙམ་ལས་དོན་གྱི་རོ་དྲི་གང་ཡང་མི་ལྡན་པ་ནི་གོང་དུ་ཞུས་པའི་སྙན་ངག་གི་བླ་སྲོག་དེ་དག་དང་ཡ་བྲལ་དུ་སོང་བའི་གནད་ཀྱིས་ཡིན་འདུག དེ་ནི་དཔེར་ན། མངར་མོ་ཁ་ལ་མ་རེག་པའི་མི་ཞིག་གིས་བུ་རམ་གྱི་རོ་བཅུད་དེ་དང་འདི་འོ་ཞེས་ཇི་ལྟར་འགྲེལ་ཡང་བརྒྱ་ཆའི་ཚད་ཁ་ལོན་པ་མི་སྲིད་པ་བཞིན། མྱོང་བ་དང་ལག་ལེན་ཅི་ཡང་མེད་པའི་སྙན་ངག་པར་རློམ་པ་ཞིག་གིས་བསྡུས་བརྗོད་དང་རབ་བཏགས་སོགས་ཀྱིས་ཅི་ཞིག་འགྲེལ་ཡང་ཕ་རོལ་པོའི་སེམས་ལ་གཡོ་འགུལ་ཐེབ་ཐབས་མེད་པ་ཆོས་ཉིད་རེད། གནས་ལུགས་འདིར་བརྟེན་ནས་དགེ་ཆོས་པས་ཀྱང་རང་ཉིད་ཀྱིས་བྲིས་པའི་ << འདོད་པའི་བསྟན་བཅོས >> དེ་མི་ཕམ་པས་བྲིས་པའི་དེ་ལས་ཁྱད་པར་དུ་འཕགས་ཚུལ་གསུངས་པ་དང་། མ་ཟད་ ལག་ལེན་དམར་ཁྲིད་ཁ་ཆེ་བུ་མོས་བཏབ།། ཞེས་རང་གི་བསྟན་བཅོས་ཀྱི་རིན་ཐང་མཐོ་རུ་བཏེགས་པ་ཡང་གསལ་བོར་མཐོང་ཐུབ་བོ། །
ད་དུང་སྙན་ངག་ནི་སྟབས་དང་སྟེས་དབང་གིས་བྲིས་པ་འམ་ཡང་ན་ཉིན་གཅིག་གི་ཁ་ཟས་བཞིན་བར་མེད་དུ་འབྲི་རྒྱུ་ཞིག་ཀྱང་གཏན་ནས་ཡིན་མི་སྲིད་དེ། སྙན་ངག་ནི་མི་སེམས་ཀྱི་ཚབ་མཚོན་རུང་བ་ཞིག་ཡིན་དགོས་པས་གལ་འགང་ཆེ་སྐབས་སུ་གནས་ལུགས་ལས་མི་གཟུར་བར་ནན་ཏན་གྱིས་བྲིས་ན་དམིགས་བསལ་གྱི་ཁྱད་གཤིས་ལྡན་ངེས་ཤིང་། དེ་ཡི་རྐྱེན་གྱིས་མི་རྣམས་ཀྱི་སེམས་སུ་བྲོ་བ་སླེབས་པ་ནི་རྒྱུ་འབྲས་ཀྱི་རང་གཤིས་ཡིན་པར་བསྙོན་མི་ནུས། དཔེར་ན་ཡུའུ་ཧྲུའུ་ས་འགུལ་སྐབས་སུ་བྲིས་པའི་རྗེས་དྲན་ཁྲོད་དུ། འཇུ་སྐལ་བཟང་དང་། སེང་རྡོར། སྨན་བླ་སྐྱབས་སོགས་རང་རེའི་སྙན་ངག་པའི་གྲལ་མགོ་ན་བཞུགས་མཁན་རྣམས་ཀྱིས་མང་པོ་བྲིས་ཡོད་ཀྱང་། པེ་ཅིན་གྱི་གསར་འགོད་པ་ཞིག་གིས་སྐབས་དེའི་ས་འགུལ་ཁྲོད་ནས་བུ་མོ་ཞིག་གིས་མ་ཎི་དབྱངས་རྟ་ལ་ཉན་པའི་ཚོར་སྣང་ཟིན་བྲིས་སུ་བཀོད་པ་དེར་དོ་མཁན་མེད་ལ། དེ་བཞིན་འོད་ཟེར་གྱི་ << ངས་ཁྱེད་ཀྱི་སྐད་ཆ་མི་གོ་ན་ཡང་། ཁྱེད་ཀྱི་སྡུག་བསྔལ་གོ་ཐུབ། >> ཅེས་པའི་རྩོམ་ཐུང་དེ་ཡང་ཚིག་རྒྱན་སྤྱིར་བཏང་བ་ཞིག་ཡིན་ཡང་བཀོད་སྒྲིག་བྱེད་སྟངས་གནད་ལ་ཁེལ་བས་ཚོར་བའི་ནུས་སྟོབས་ཧ་ཅང་ཆེན་པོར་ཐོན་ཡོད། མ་ཟད་མི་ལ་ཙི་ཙིས་བྲིས་པའི་ལྷུག་རྩོམ་ཚན་པ་བཅུ་བཞི་པོ་དེ་ཡང་ཉམས་དོད་མོ་ཞིག་ཡིན་ཚོད་འདུག  མ་གཞི་འདི་ནི་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་་ལས་ཁུངས་ལུང་ཅན་གྱི་སྐད་ཆ་ཚད་ལྡན་ཞིག་ཡིན་མིན་བཤད་དཀའ་ཡང་། འཚོ་བ་དངོས་དང་མ་འབྲེལ་བའི་སྙན་ངག་ཡན་ག་བ་ཞིག་མེད་པ་ནི་ཚིག་ཐག་བཅད་དེ་བཤད་ཐུབ་བོ།།
༤༽སྙན་ངག་གི་ངོ་གདོང་ལ་གཞིགས་པའི་ལབ་རྡོལ།
   ཆོས་ཉིད་ཀྱི་བླ་སྲོག་དང་བྲལ་བའི་སྙན་ངག་དེ་འདྲ་ཞིག་སུས་བྲིས་ཤེ་ན། སྙན་ངག་ མང་པོ་ཞིག་འདི་ཡི་མཚན་གཞིར་འཇོག་རུང་བ་ལྟར་སྣང་ཡང་མངོན་ཤས་ཆེ་ས་ནས་བཤད་ན། བེ་རི་དགེ་བཤེས་ཀྱིས་བྲིས་པའི་ << མེན་ཇི་ཏྲི་ལའི་སྙན་ངག >> ལྟ་བུ་ཚིག་གི་མཛེས་རིས་ངོ་མཚར་ཡང་དོན་གྱི་གཏད་སོ་ཅི་ཡང་མེད་པ་མ་ཟད། འཇིག་རྟེན་ལས་འདས་པའི་བློས་བསླངས་འབའ་ཞིག་གིས་བཞེངས་བསྐྲུན་བྱས་པས་འཇིག་རྟེན་པ་དག་གིས་མྱོང་རོལ་བྱ་སའི་གཞི་ཅི་ཡང་མེད་པ་འདི་དག་ཡིན་ལ། དེ་བས་རྗེ་བླ་མས་མཛད་པའི་ << འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ། >> སོགས་སྔོན་གྱི་རྟོགས་བརྗོད་དང་བསྟོད་པ་གང་མང་ཞིག་ཀྱང་འདི་དང་ཆ་འདྲ་བས། རང་ཉིད་ཀྱི་དད་འདུན་ཆེ་བ་རྒྱུ་མཚན་གྱིས་སྒྲོ་བཀུར་ཡུལ་ལས་འདས་པ་རྐྱང་རེ་བྱས་ནས་སྐྱོར་བཞིན་འདུག་ཀྱང་། བདག་ལ་ནི་ད་དུང་ཡང་སྙན་ངག་རྣམ་དག་ཅིག་གི་མཚན་གཞིར་འཇོག་རུང་བའི་ངེས་པ་མི་རྙེད་དོ། །ཡིན་ནའང་སྙན་རྩོམ་འདི་དག་གི་བརྗོད་སྙིང་ཐ་མལ་བའི་སྣང་ངོ་ལས་འདས་ཀྱང་རྣལ་འབྱོར་བ་རང་ཉིད་ཀྱི་དག་སྣང་དང་བསྟུན་ན། མེ་འབར་འབར་དང་ཆུ་ཁོལ་ཁོལ་གྱི་མྱོང་བ་དམིགས་བསལ་བ་རེ་ཐོན་གྱིན་ཡོད་དོ་ཞེས་བཤད་ན་མ་གཏོགས་བདག་ལ་ནི་ཅི་ཙམ་བཀླགས་ཀྱང་ཁྲ་ཁྲ་ཟང་ཟིང་ལྟ་བུ་ཞིག་ལས་སྐྱི་ལྤགས་གཡོ་བའི་སྣང་བ་ཙམ་ཡང་སྟེར་བར་མི་བྱེད་དོ། །
འོ་ན་སྲོལ་རྒྱུན་སྙན་ངག་གི་མིག་དཔེ་མི་རྙེད་པར་འགྱུར་རོ་ཞེ་ན། སྤྱིར་སྲོལ་རྒྱུན་དང་དེས་རབས་སྙན་ངག་གི་དབྱེ་མཚམས་འདྲ་ཆགས་ཆགས་བཤད་མཁན་མང་སྟེ། ལ་ལས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་སྔོན་དང་རྗེས་ཀྱིས་ཁྱད་པར་འཇོག་ཀྱང་། དེ་ལྟ་ན་དེང་རབས་སྙན་ངག་ལ་དོན་གྱིས་ཡོན་ཏན་ལྷག་པོ་ཅི་ཡང་མི་ལྡན་བའི་བཤད་སར་སོང་བ་དང་དགོས་པ་ཡང་ཆེར་མ་མཐོང་ཞིང་། ད་དུང་རང་གྲོལ་སྙན་ངག་དང་སྙན་ངག་གསར་པ། དེང་རབས་སྙན་ངག་དང་རང་མོས་སྙན་ངག་སོགས་མིང་འདོགས་པའི་ངལ་བ་ཙམ་གྱི་རིན་དུ་མི་ལོང་བས་ཉི་མ་འཕུད་ཐབས་ཙམ་དུ་ཟད་ལ། འགའ་རེས་བརྗོད་བྱ་སྤྱི་ཚོགས་འཚོ་བ་དངོས་དང་འབྲེལ་མ་འབྲེལ་གྱི་སྒོ་ནས་འབྱེད་པར་སྣང་ཡང་། དེ་ལྟར་ན་སྙན་ངག་ཟེར་བ་གཙོ་བོ་རྗོད་བྱེད་ཀྱི་ཆ་ནས་འཇོག་པར་མ་སོང་བའི་ཉེས་པ་འབྱུང་ཉེ་བ་སོགས། མདོར་ན་གཞུང་ཆེ་མོའི་སྤམ་བཤད་ལྟར་ཁྱབ་བ་ཅན་གྱི་འཛིན་མཚམས་ཤིག་མ་མཐོང་ཡང། བློ་དང་འཚམས་པ་ཞིག་མ་བྱུང་བས་བདག་འདྲས་མཐའ་སྡོམ་བརྒྱབས་ནས་ཞུ་ཚོད་མི་ཐིག་མོད། སྙན་ངག་ཟེར་བ་གཙོ་བོ་རྗོད་བྱེད་ཀྱི་ཆ་ནས་བཞག་ཀྱང་ཚོར་བའི་གཤིས་དང་འབྲེལ་མིན་ནི་བརྗོད་བྱ་ལ་རག་ལས་པའི་གནད་ཀྱིས། དགེ་ཆོས་ཀྱི་སྙན་ངག་རྣམས་ནི་གོ་སླ་ཞིང་གནད་ལ་ཁེལ་བ་དང། བརྗོད་སྙིང་ཟབ་པ་སོགས་ཁྱད་དུ་འཕགས་པའི་ཉམས་དང་ལྡན་ལ། དེ་ཡང་མེ་ལོང་མའི་རྒྱན་གྱི་འགྲོས་དང་ལྡན་ཞིང་ཀར་ཀོར་མེད་པར་བརྗོད་བྱ་མཐར་གྱིས་སྟོན་པ་སོགས་སྔོན་གྱི་རྟོགས་བརྗོད་རྣམས་ཀྱི་བརྗོད་བྱ་ཁ་སྤོས་པ་ལྟར་མཐོང་བས། སྲོད་རྒྱུན་སྙན་ངག་དངོས་མ་ནི་འདི་ལྟ་བུ་ཞིག་མིན་འགྲོ་སྙམ་གྱིན་ཡོད། གཞུང་ལུགས་དང་ཐ་སྙད་བཀོད་སྟངས་ཐད་ནས་མཁས་མིན་ལ་མ་ལྟོས་པར་རྩ་བའི་གནད་འགག་གཞི་འཛིན་བྱེད་སྟངས་དེ་གལ་ཆེན་ཆགས་འདུག་སྙམ། འོན་ཀྱང་དེ་ནི་ལས་སླ་བོ་ཞིག་ག་ལ་ཡིན་ཏེ་རང་ཉིད་ཀྱི་མཐོང་ཐོས་སོགས་མྱོང་བ་མངོན་སུམ་གྱིས་གྲུབ་པ་ཞིག་ཡིན་དགོས་པས་གོ་སྐབས་མང་པོོ་ཚང་འཛོམ་ཡོང་དགོས་པས་སྙན་ངག་ནི་གོ་སྐབས་དང་བསྟུན་ནས་འབྲི་དགོས་པ་ལས་སེམས་ལ་གང་ཤར་ལག་གིས་བྲིས་པ་ཙམ་གྱིས་ཡོང་ཡ་མེད་པ་གསལ་བོ་རེད། གནད་དོན་འདི་ དག་ལ་བསམ་དུས་དགའ་སྐྱོ་ཆགས་སྡང་གི་ཚོར་བའི་རྦ་རླབས་འཕྱོ་བའི་མི་ཚེའི་གཅོང་རོང་རིང་མོ་དེར་གོམ་འགྲོས་ཐེངས་གཅིག་མ་བྱས་པར་ཚོར་བ་དང་འདུ་ཤེས་ཀྱི་རྒྱུ་བ་ཉེ་བར་ཞི་བའི་དག་ཞིང་གཉིས་པར་གྲགས་པའི་དབེན་པའི་དགོན་གྲོང་འདིར་སྙོམས་པར་ཞུགས་པ་རྣམས་ནི་ཆེས་མཛེས་སྡུག་ལྡན་པའི་འཇིག་རྟེན་གྱི་ཡང་རྩེ་དེར་ཇི་ལྟར་ཕྱིན་ནུས།།
   མཚམས་འདི་ནས་གསལ་བཤད་ཞུ་རྒྱུ་ལ། ངས་བྲིས་པའི་ཡིག་ཉོག་འདི་དག་རང་ཉིད་ཀྱི་ཁ་དང་ལག་པ་བྱང་བའི་ཆེད་དུ་དམིགས་ཏེ་སྤམ་བཤད་སྣ་ཚོགས་བྱས་ཡོད་པས་གཞན་གྱིས་མཐོང་ན་ངོ་ཚ་ཡང་། དགོས་པ་དང་དགག་བྱ་གཙོ་ཕལ་ཡོད་སྐབས་དམ་ཆོས་འདུལ་བ་ལ་ཡང་གནང་བ་མཐོང་ན་འདི་ཙམ་ལ་ལྟ་ཅི་སྨོས། དེ་བཞིན་འདི་ལ་ཁུངས་དང་ལུང་སོགས་གཞི་འཛིན་ས་ཡང་ཡི་གེ་ན་གཅིག་མེད་པར་ཤེས་དགོས་སོ།།  
རི་གྲོང་སྨུག་ཞག་འཁྱིལ་བ་ང་ཡི་ཕ་ཡུལ།།
དབྱར་དགུན་དུས་བཞི་འགྱུར་བ་ཅུང་ཙམ་མ་ཡོད།།
སྡོང་མགོའི་དར་ཆ་བསླངས་བ་ང་ཡི་ཕ་ཁྱིམ།།
སྒོ་ཁྱི་རོག་པོའི་ཟུག་སྐད་ཅུང་ཙམ་མ་ཡོད།།
ཆུ་ལེན་བུ་མོ་ལྷགས་པས་ཡོམ་ཡོམ་འདར་ཞིང།།
ཆུ་ཕུད་ཐེངས་གསུམ་ཡ་གིའི་ལྷ་ལ་མཆོད་འདྲ།།
གཞུང་ཆུ་སྐྱ་མོ་ཕུ་ཡི་གངས་ལས་བབས་ཀྱང་།།
འགྲམ་གྱི་ཆུ་རྡོ་སྔོན་མོ་ད་ལྟ་ལྷང་ངེ་།།
·རྩོམ་ཡིག་གོང་མ:ལམ་རིམ་བདུད་རྩིའི་སྙིང་པོ།།༡
·རྩོམ་ཡིག་འོག་མ:རྗེ་བླ་མའི་རྩོམ་གྱི་ཆེ་བ་མདོ་ཙམ་གླེང་བ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 11:31:17 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:05:07 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 22:45:17 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།37.96MS