༄༅། །ཨོ་རྒྱན་སྤྲུལ་སྐུ་ལ་ཕུལ་བ་སྣ་ལྔའི་ཁ་བཏགས་ཞེས་བྱ་བ། །

ཨོཾ་སྭ་སྟི། །

སྔོན་ཚེ་འོག་མིན་བསམ་ཡས་ཕོ་བྲང་དུ། །མདོ་རྒྱུད་མན་ངག་མཐུན་པའི་སྲོལ་བཟང་མཆོག ། གོས་དཀར་སྡེ་དང་རབ་བྱུང་ངུར་སྨྲིག་སྡེ། །དམ་ཆོས་སྲོལ་བཟང་རང་ལུགས་བོད་དུ་དར། །

ད་ལྟར་དབྱིན་གླིང་བསམ་ཡས་དགོན་པ་རུ། །སྡེ་གཉིས་བསྟན་པའི་རྟགས་བཟང་མ་ཉམས་པར། ། རྟེན་འབྲེལ་ཚོགས་མཆོད་དགའ་སྟོན་དུས་བཟང་གི །ཕ་མེས་སྲོལ་བཟང་འཛིན་སྐྱོང་སྤེལ་ལ་བྲེལ། །

འོན་ཀྱང་དེང་དུས་ཁྲེལ་མེད་ཅོལ་ཆུང་འགས། །གོས་དཀར་སྡེ་དང་མ་ཡུམ་དྲིན་ཆེན་ལ། ། ངན་སྨྲས་རྩ་ལྟུང་ཕྱུག་པའི་འུག་པའི་མིག །གསང་ཆེན་ཉི་མའི་སྣང་བར་ལོག་པར་ལྟ། །

རྟགས་ཙམ་འཛིན་པའི་སྡེ་གཉིས་གང་ཡིན་ཡང་། །སྐྱེ་བོ་ཕལ་བ་བརྒྱ་ཡིས་དོ་ཟླ་བྲལ། ། ཁྱད་པར་ནུབ་ཕྱོགས་གོས་དཀར་སྡེ་བ་ཡི། །བཤད་སྒྲུབ་ཕྲིན་ལས་སྤེལ་བར་སྙིང་ནས་གུས། །

འདོད་ཡོན་ལམ་ཁྱེར་ནུས་པའི་སྔགས་པ་ཁྱེད། །འདི་ཕྱི་གཉིས་ཕན་ལྷ་ཆོས་སྐྱོབ་ཐབས་ལ། ། བསྟན་པའི་རྩ་ལག་དགོངས་པའི་རྣལ་འབྱོར་པའི། །བཞེད་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །

ཅེས་པ་རབ་རྒྱན་ལྕགས་ཡོས་ཟླ་ཚེས་དགེ་བར་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་ཤྲྰིས་ཕུལ་བ་དགེའོ། །