ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

སྔགས་འཆང་རིག་པ་འཛིན་པའི་གཏམ་ཤེས་རབ་འོད་སྣང་།

  རྩོམ་པ་པོ:སློབ་དཔོན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2224ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/1/14 23:05:55ཚོགས་ཡར་སྤྲོད:admin
༄༅།། སྔགས་འཆང་རིག་པ་འཛིན་པའི་གཏམ་ཤེས་རབ་ཀྱི་འོད་སྣང༌།  
 
 
སློབ་དཔོན་སྣ་ཚོགས་གཟུགས་ཅན།
 
   བླ་མ་ལ་ཕྱག་འཚལ་ལོ།། དེ་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་ཡེ་ནས་གནས་པའི་རང་བཞིན་ཉིད། དག་པ་གཉིས་ལྡན་གྱི་ཚུལ་གྱིས་གྲུབ་པར་བྱེད་པའམ་མངོན་དུ་འགྱུར་བར་བྱེད་པ་ལ་མཆོག་ཏུ་གྱུར་པས་སྔགས་ཀྱི་ཐེག་པ་དང༌། ཀུན་ཉོན་དང་རྣམ་བྱང་གི་ཆོས་ལ་སྤང་བླང་མེད་པར་སྤྱོད་ཀྱང་སྒྲིབ་པར་མི་འགྱུར་ཞིང་ཚོགས་ཆེན་མྱུར་དུ་རྫོགས་པས་ཐབས་ཆེ་བ་དང༌། དཀའ་ཐུབ་དང་སྒོམ་པ་དྲག་པོས་གཟིར་མི་དགོས་པར་འདོད་པའི་ཡོན་ཏན་ལྔ་ལ་ཅི་བདེར་ལོངས་སྤྱོད་ཀྱང༌།          
 
 ལོངས་སྤྱོད་དེ་ཉིད་ཀྱིས་གྲོལ་བར་འགྱུར་བས་ཐབས་སླ་བ་དང༌།  འདོད་ཆགས་སོགས་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མི་སྡུག་པ་ལ་སོགས་པ་དངོས་འགལ་དུ་གྱུར་བའི་གཉེན་པོས་ལྡོག་མི་དགོས་པར་ཉོན་མོངས་པ་དེ་ཉིད་ཀྱི་སྒོ་ནས་གྲོལ་བར་འགྱུར་བས་ཐབས་མང་བ་དང༌།   གྲངས་མེད་གསུམ་དང་བདུན་དང་སོ་གསུམ་སོགས་ལ་མི་ལྟོས་པར་མཉམ་པ་ཉིད་ཀྱི་རྣམ་པ་བཞིའི་ཚུལ་གྱིས།   ཡོན་ཏན་རྣམ་པ་བཞི་མྱུར་དུ་འགྲུབ་པས་ཚེ་ལུས་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་པས་ཐབས་མྱུར་བ་སྟེ།  ཐབས་ཀྱི་ཁྱད་པར་གྱི་ཆེ་བ་བཞི་དང་ལྡན་པས་ན་ཐབས་ཀྱི་ཐེག་པ་དང༌།   ཕ་རོལ་ཏུ་ཕྱིན་པའི་ལམ་གྱིས་ཡུན་རིང་པོར་བསྒྲུབས་པའི་འབྲས་བུ་སྐུ་དང་ཡེ་ཤེས་སོགས་ལ་འདིར་ནི་ཐོག་མ་ཉིད་ནས་ཞུགས་ནུས་པས་འབྲས་བུའི་ཐེག་པ་དང༌།   མི་མཉམ་པ་དུས་གསུམ་གྱི་སངས་རྒྱས་དང་ད་ལྟ་ཉིད་ནས་དགོངས་སྤྱོད་མཉམ་པར་རོལ་བས་མི་མཉམ་པ་དང་མཉམ་པའི་ཐེག་པ་དང༌།  འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ལ་སྤང་བླང་གཉིས་སུ་མེད་པར་སྤྱོད་ཅིང༌།  ལུས་ངག་ཡིད་གསུམ་ད་ལྟ་ཉིད་ནས་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་དབྱེར་མེད་དུ་སྦྱོར་བས་ན་རྡོ་རྗེའི་ཐེག་པ་དང༌།   བཅོམ་ལྡན་འདས་ཀྱིས་གདུལ་བྱ་ཐུན་མོང་པ་རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་རིམ་པ་གསུམ་གསུངས་ཤིང༌།   ཐུན་མོང་མ་ཡིན་པ་ཤེས་རབ་མཆོག་དང་ལྡན་པ་རྣམས་ཀྱི་ངོར་དུག་ལྔ་མ་སྤང་ལམ་དུ་བྱེད་པ་དང༌།  ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་ངོ་བོར་གནས་འགྱུར་བར་བྱེད་པའི་ཐེག་པ་བླ་ན་མེད་པ་འདི་ཉིད་བསྟན་པས་སྡེ་སྣོད་བཞི་བར་གྲགས་པ་སྟེ།  མཚན་ཙམ་གྱིས་ཀྱང་ཐེག་པ་གཞན་ལས་ཆེས་མཆོག་ཏུ་གྱུར་པའི་གསང་བ་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་འདི་རྣམས།  བསྟན་པ་སྔ་དར་གྱི་སྐབས་སུ་གསང་སྔགས་ཀྱི་བབས་སོ་ཆེན་པོ་བདུན་གྱི་སྒོ་ནས་གངས་རིའི་ལྗོངས་སུ་དར་བར་གྱུར་ཅིང༌།   བསྟན་པ་ཕྱི་དར་གྱི་སྐབས་སུ་ཡང་སྤྲུལ་བའི་ལོ་ཆེན་རྣམ་གཉིས་དང་ཐར་ལོ་ཉི་མ་རྒྱལ་མཚན་སོགས་ཀྱིས་གསང་སྔགས་ཀྱི་རྒྱུད་དང་སྒྲུབ་ཐབས་དུ་མ་རྒྱ་གར་གྱི་པཎ་ཊི་ཏ་རྣམས་ལས་དངོས་སུ་བསྒྱུར་བ་ཐུན་མོང་ཡོངས་གྲགས་ལྟར་དང༌།   ཐུན་མོང་མ་ཡིན་པ་ལྟར་ན་སྔོན་གྱི་དུས་སུ་སྤྲུལ་པའི་གཏེར་སྟོན་གླིང་པ་ཆེན་པོ་རྣམས་དང༌།  ཉང་རལ་ཉི་མ་འོད་ཟེར་དང་གུ་རུ་ཆོས་ཀྱི་དབང་ཕྱུག  རིག་འཛིན་རྒོད་ལྡེམ་ཅན་སོགས་དང༌།  བར་དུ་མཆོག་གྱུར་བདེ་ཆེན་གླིང་པ་དང༌།  ཉག་བླ་བསོད་རྒྱལ།   ཉག་བླ་རང་རིག་རྡོ་རྗེ།   ཁྲག་འཐུང་བདུད་འཇོམས་གླིང་པ་སོགས་དང༌།  དུས་ཕྱིས་ཁོ་བོ་ཅག་གི་རིགས་བདག་བླ་མ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་སོགས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་མང་པོ་ས་གཏེར་དང༌།   དགོངས་གཏེར་ནས་བཞེས་པ་རྣམས་ཏེ།   དེ་དག་རྣམས་ནི་རྒྱལ་བའི་ཕྲིན་ལས་དུས་སུ་བབས་པ་དང༌།  སེམས་ཅན་གྱི་རྒྱུད་ཀྱི་དཀར་པོ་རྣམ་པར་འཕེལ་བའི་སྟོབས་ལས་རིག་སྟོང་དགོངས་པའི་ཀློང་ནས་རྩོལ་མེད་རང་བྱུང་དུ་བརྡོལ་བ་ཡིན་པས།  སྒྱུ་འཕྲུལ་གསང་བ་སྙིང་པོའི་དབུར།  རྒྱུད་འཆད་པ་པོ་དང༌།  བསྡུ་བ་པོ་གཉིས་སུ་མེད་པར་སྔར་འོག་མིན་དུ་ཇི་སྐད་བཤད་པ་ཉིད་འདིར་ཡང་བཤད་པར་བསྟན་པའི་དོན་དུ།   འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་མ་བྱུང་བར་འདི་སྐད་བཤད་པའི་དུས་ན་ཞེས་བྱུང་བ་དང་འདྲ་བར།   འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་སྟོན་པ་ཆོས་སྐུ་ཀུན་ཏུ་བཟང་པོས་ཉིད་ལས་མི་གཞན་པའི་འཁོར་ལ་བརྗོད་མེད་དོན་གྱིས་གསུང་གིས་སྣང་བར་མཛད་པའམ།  གཙོ་བོའི་ཐུགས་ལ་གང་བཞུགས་འཁོར་གྱི་ཐུགས་ལ་ཡང་བྲི་གང་མེད་པར་བཞུགས་པ་ལ་བརྒྱུད་པའི་མཚམས་འཛིན་པའི་ཕྱིར་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བསྙད་པ་ཉིད།  གདུལ་བྱ་ཐུན་མོང་པའི་ངོར་སླར་ཡང་སྒྲ་དང་ཡི་གེའི་གཟུགས་སུ་རང་ཤར་བ་སྟེ།  དོན་ལ་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་དངོས་ཡིན་པས་ན།  གྲོལ་བ་དོན་དུ་གཉེར་མཁན་ཞིག་ཡིན་ཕྱིན་རྒྱུད་སྡེ་རིན་པོ་ཆེ་དེ་དག་གི་ཤོ་ལོ་ཀ་རེ་རེ་ཙམ་ལ་ཡང་གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་མི་ཁུག་པའི་རིན་ཐང་ཆེན་པོ་ཆེས་མཆོག་ཏུ་གྱུར་པ་དང་ལྡན་པར་རིགས་པར་བྱ་ཞིང༌།
རྒྱུད་སྡེ་རིན་པོ་ཆེ་དེ་རྣམས་ཀྱི་ཚིག་དང་དོན་གྱི་བདག་པོ་ནི་ངེད་ཅག་སྔགས་འཆང་རྡོ་རྗེ་འཛིན་པ་རྣམས་ཡིན་ཏེ། དེ་ཡང་བཀའ་གཏེར་ཐུན་མོང་པའི་ལུགས་ལ་བརྒྱུད་པ་གསུམ་དང༌། གཏེར་མ་ཐུན་མིན་གྱི་ལུགས་སུ་བརྒྱུད་པ་དྲུག་གིས་བརྒྱུད་པའི་ཚུལ་གྱིས་དབང་གི་ཆུ་བོ་མ་སྐམ། གདམས་ངག་གི་ཟུར་མ་ཆག བྱིན་རླབས་ཀྱི་དྲོད་མ་ཡལ། དམ་ཉམས་ཀྱིས་སེལ་མ་ཞུགས། རྟོག་གེའི་ཚིག་གིས་མ་བསླད། བསྟན་པའི་ཆོམ་རྐུན་གྱི་ལག་ཏུ་མ་ཤོར་བར་ཀུན་བཟང་རྡོ་རྗེ་འཆང་ནས་ད་ལྟའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རྣམས་ཀྱི་བར་དུ་རིམ་པར་བརྒྱུད་ཅིང༌། བཀའ་དྲིན་གསུམ་ལྡན་གྱི་བླ་མ་དམ་པ་རྣམས་ལས་ངེད་ཅག་ལས་དང་སྐལ་བ་བཟང་པོའི་རྡོ་རྗེའི་སློབ་མ་རྣམས་ཀྱིས་ཕ་ནོར་བུ་ཡིས་བླངས་པའི་བརྟུལ་ཞུགས་བདག་གིར་བྱས་པ་དང༌། ཁྱད་པར་དུ་སྔགས་འཆང་རྡོ་རྗེ་འཛིན་པའི་ཆེ་རྟགས་ཀྱི་རལ་བའི་ཅོད་པཎ་སྤྱི་བོར་སྤུངས་ཤིང༌། མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་མཚོ་ལྟ་བུའི་འབྱུང་གནས་སུ་གྱུར་པའི་རྟོགས་པ་མཆོག་དང་ལྡན་པ་ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་དང༌། གནས་ཆེན་ཉེར་བཞི་སོགས་མཁའ་འགྲོ་འདུ་བའི་གནས་རྣམས་སུ་སྐྱེས་པ་ཞིང་སྐྱེས་ལོངས་སྐུའི་མཁའ་འགྲོ། ཡབ་ཡུམ་བཟང་པོའི་རིགས་རྒྱུད་དུ་སྐྱེས་པ་སྔགས་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་སྟེ། སྐུ་གསུམ་གྱི་རྡོ་རྗེའི་ཕོ་ཉ་མོ་རྣམས་དང་ཐབས་ཤེས་འདུ་འབྲལ་མེད་པའི་བདག་ཉིད་ཀྱིས་མཉམ་སྦྱོར་བདེ་བ་ཆེན་པོའི་དགོངས་སྤྱོད་ལ་དངོས་སུ་རོལ་བཞིན་པའི་ཕྱིར་རོ།།
          དེ་ཡང་ཡིན་ཏེ། དཔེར་ན་ལུས་དྲན་པ་ཉེར་བཞག་ལྟ་བུ་གཅིག་ལ་མཚོན་ན། ཉན་ཐོས་རྣམས་ཀྱིས་གཟུགས་ནི་ལྦུ་བ་རྡོས་པ་འདྲ།། ཞེས་སོགས་དང༌། སྐྲ་སྤུ་སོ་སེན་རྔུལ་དྲི་མ།། བཤང་གཅི་མཆི་སྣབ་མཆིལ་རྒྱུས་པ།། པགས་ཤ་ཁྲག་རུས་ཚིལ་རྐང་རྩ།། གློ་སྙིང་མཆིན་མཚེར་མཁལ་མ་དང༌།། ཕོ་ལོང་རྒྱུ་མ་གཉེ་མ་ལྒང༌།། ཞག་དང་ཆུ་སེར་རྣག་བད་ཀན།། མཁྲིས་པ་སྐད་པ་ཀླད་རྒྱས་ཏེ།། མི་གཙང་རྫས་ནི་སོ་དྲུག་གོ། ཞེས་པ་ལྟར་ལུས་ཀྱི་རང་བཞིན་མི་རྟག་པ་དང༌། མི་གཙང་བ། སྡུག་བསྔལ་བར་བལྟས་ཏེ་སྤང་བྱར་གཏན་ལ་དབབ་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱིས། བདག་ལས་མ་ཡིན་གཞན་ལས་མིན།། གཉིས་ལས་མ་ཡིན་གཉིས་མིན་མིན།། དངོས་པོ་གང་དང་གང་ན་ཡང༌།། སྐྱེ་བ་ནམ་ཡང་ཡོད་མ་ཡིན།། ཞེས་གསུངས་པ་ལྟར་ལུས་ཀྱི་རང་བཞིན་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དང༌། གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ནི། རྡོ་རྗེ་ཕུང་པོའི་ཡན་ལག་ནི།། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད།། ཅེས་དང༌།  ཕྱོགས་བཅུ་སྟོང་ཁམས་ཡེ་ནས་དབེན།། སྲིད་པ་གསུམ་ཉིད་དག་པའི་ཞིང༌།། སྙིགས་མ་ལྔ་ཉིད་བདེ་ལྡན་ཞིང༌།། ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས།། ཐམས་ཅད་མཆོག་གི་སྙིང་པོ་ལས།། གཞན་དུ་རྒྱལ་བས་ཆོས་མི་བཙལ།། ཉིད་ལས་གཞན་ཞེས་བྱ་བའི་ཆོས།། བཙལ་ཀྱང་རྒྱལ་བས་མི་བརྙེས་སོ།། ཞེས་སོགས་གསུངས་པ་ལྟར། ལུས་ཀྱི་རང་བཞིན་ཟག་བཅས་འཁོར་བའི་ཆོས་དང་ཡེ་ནས་བྲལ་བའི་འགྱུར་མེད་བདེ་བ་ཆེན་པོར་གཏན་ལ་དབབ་པ་ལཏ་བུར་དྲན་པ་ཉེ་བར་བཞག་པ་བཞི་ནས། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་བདེ་བ་ཆེན་པོའི་རང་བཞིན་དང་བདེ་བ་ཆེན་པོའི་ཁྱད་པར་དུ་བྱས་ནས་གཏན་ལ་དབབ་ཅིང༌། ལམ་གྱི་སྐབས་སུ་ཡང་འཇམ་མགོན་མི་ཕམ་རིན་པོ་ཆེའི་སྦྱོར་བསྟོད་ལས། ཆགས་པས་དྲངས་ནས་བདེ་བ་འབར་གྱུར་ཅིང༌།། བདེ་བའི་མེ་ཡིས་ཀུན་རྟོག་བུད་ཤིང་ཟ།། དེ་ཡིས་མི་རྟོག་ཡེ་ཤེས་རང་འོད་རྒྱས།། ཤིང་ལས་སྐྱེས་པའི་སྲིན་བུས་ཤིང་བཞིན་དུ།། ཆགས་པའི་རྐྱེན་གྱིས་ཆགས་སོགས་བྲལ་བྱེད་པའོ།། ཞེས་གསུངས་པ་ལྟར་ཟག་བཅས་འདོད་ཡོན་ལྔའི་ལོངས་སྤྱོད་ལ་བརྟེན་ནས་ཟག་མེད་བདེ་ཆེན་རྡོ་རྗེ་འཆང་གི་རྒྱལ་ཐབས་ལ་དབང་བསྒྱུར་བ་ནི་གསང་སྔགས་ཟབ་མོའི་ལམ་གྱི་ཁྱད་ཆོས་ཡིན་ཏེ་རྨ་བྱའི་གཟི་མདངས་དུག་གིས་ལྷག་པར་རྒྱས་པ་བཞིན་ནོ།།
དེས་ན་སྒྱུ་འཕྲུལ་ལས། འདུལ་བ་མདོ་སྡེ་ཆོས་མངོན་དང༌།། དམ་ཚིག་གྲུབ་དང་གྲུབ་པ་དང༌།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། མ་ལུས་གཏན་ལ་དབབ་པ་དང༌།། ཞེས་སོགས་དང༌། སོ་སོར་བསྟན་པ་རྒྱ་མཚོའི་རྒྱུད།། འདིར་སྟོན་འདིས་སྟོན་འདི་ཕྱིར་སྟོན།། དོན་ཀུན་འདི་ལ་ཡོངས་རྫོགས་པས།། ལུང་གི་སྤྱི་ཞེས་བཤད་པ་ཡིན།། ཞེས་དང༌། ས་རྣམས་ཁྱད་པར་བཀོད་པ་ཡང༌།། གསང་བའི་སྙིང་པོར་འགྲོ་བའི་ལམ།། ཞེས་སོགས་གསུངས་པ་བཞིན་སྔགས་འཆང་རྣམས་ནི་ཐེག་པ་ཐམས་ཅད་ཀྱི་འཕྲོ་གཞི་མཐར་ཐུག་དང༌། ཐེག་པ་ཐམས་ཅད་ཀྱི་བསྟན་དོན་མཐར་ཐུག ཐེག་པ་ཐམས་ཅད་ཀྱི་འབྲས་བུ་མཐར་ཐུག་ཏུ་གྱུར་བའི་གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་དངོས་སུ་ཉམས་ལེན་བྱེད་མཁན་ཡིན་པས། བསྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་འདིའི་དབང་དུ་བྱས་པའི་ཆོས་པ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་པར་རིགས་པར་བྱ་ཞིང༌། རིག་འཛིན་འཇིགས་མེད་གླིང་པའི་ཟངས་མདོག་དཔལ་རིའི་སྨོན་ལམ་གཟིགས་སྣང་མར་གྲགས་པ་ལས་ཀྱང༌། གཡས་ཀྱི་གྲྭལ་ན་རྒྱ་བོད་རིག་འཛིན་རྣམས།། འོད་གསལ་རྡོ་རྗེའི་རོལ་ངོར་འབྱམས་སུ་ཀླས།། གཡོན་གྱི་གྲྭལ་ན་འཕགས་བོད་པཎ་གྲུབ་རྣམས།། བཤད་སྒྲུབ་ཉམས་རྟོགས་བགྲོ་གླེང་ཆོས་སྒྲ་འུར།། ཞེས་རིག་པ་འཛིན་པ་རྣམས་སློབ་དཔོན་རིན་པོ་ཆེའི་གཡས་གྲྭལ་དུ་བཞུགས་པར་གསུངས་པ་འདི་ལ་ཡང་གོ་རྒྱུ་ཧ་ཅང་ཆེན་པོ་ཡོད་དོ།།
དེར་མ་ཟད་བོད་གངས་ཅན་གྱི་རྒྱལ་བསྟན་རིན་པོ་ཆེ་འདི་ལ་མཚོན་ན་ཡང་སྔགས་འཆང་རྣམས་ལས་བཀའ་དྲིན་ཆེ་བ་ཡེ་མེད་དེ། བསྟན་པ་སྔ་དར་སྐབས་མཁན་ཆེན་བྱང་ཆུབ་སེམས་དཔས་ཀྱང་བསྟན་པའི་གཞི་ལེགས་པར་མ་ཚུགས་ནས་སྔགས་འཆང་པདྨ་རྒྱལ་པོ་གདན་དྲངས་པ་དང༌། རྒྱལ་པོ་སྡིག་ཅན་གྱིས་བསྟན་པ་བསྣུབས་པའི་སྐབས་སུ་རབ་བྱུང་རྣམས་རྟགས་ཆེ་བས་རྒྱལ་པོའི་ཁྲིམས་ཀྱིས་ཆོས་མགོ་ཐོན་དུ་མ་བཅུག་ཀྱང༌། སྔགས་འཆང་རྣམས་ཀྱིས་ཁྱིམ་པའི་བརྟུལ་ཞུགས་ཀྱིས་མཁན་སློབ་ཆོས་གསུམ་དང༌། མངའ་བདག་རལ་བ་ཅན་སོགས་ཀྱི་སྐུ་རིང་ལ་བསྒྱུར་ཞུས་ཉན་བཤད་མཛད་པའི་མདོ་སྔགས་ཐེག་པ་ཐམས་ཅད་ཀྱི་བསྟན་པའི་སྲོག་བཟུང་བས། གངས་རིའི་ལྗོངས་ཀྱི་བདེ་བར་གཤེགས་པའི་བཤད་སྒྲུབ་ཀྱི་བསྟན་པ་སྤྱི་དང༌།   བྱེ་བྲག་དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ། སྙན་བརྒྱུད་གདམས་པའི་ཆུ་བོ་གནད་ཡིག་དམར་ཁྲིད་དང་བཅས་པ། བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ་གསང་བ་སྔགས་ཀྱི་ཆུ་བོ་ཆེན་པོ་བཞིར་གྲགས་པ་འདི་དག་དུས་ད་ལྟའི་བར་ཏུ་རྒྱུན་མ་ཆད་པར་གནས་པ་འདི་ཡིན་ནོ།།
རྙིང་མ་པ་རྣམས་ལ་དེ་ལྟར་བཀའ་དྲིན་ཆེ་རུ་ཆུག་ཀྱང་གསང་སྔགས་གསར་མ་ནི་གསར་མའི་ལོ་ཙཱ་བ་རྣམས་ཀྱིས་རྒྱ་གར་ནས་དུས་ཕྱིས་བསྒྱུར་བ་ཡིན་པས་གསར་མ་པ་ལ་སྔགས་འཆང་རྣམས་བཀའ་དྲིན་ཆེ་རྒྱུ་མེད་དོ་སྙམ་ན། དེ་ཡང་མིན་ཏེ། ཐར་ལོའི་གསར་འགྱུར་བཅུ་གསུམ་དུ་གྲགས་པ་སོགས་སྔོན་ཆད་མ་བསྒྱུར་བ་འགའ་རེ་གསར་དུ་བསྒྱུར་ཡོད་པ་བདེན་མོད། འོན་ཀྱང་འདུལ་བ་ལུང་སྡེ་བཞི་དང༌། ཡུམ་རྒྱས་འབྲིང་བསྡུས་གསུམ། སྙིང་པོ་བསྟན་པའི་མདོ་བཅུ། དཀོན་བརྩེགས་ཕལ་ཆེན་ལ་སོགས་པ་བཀའ་འཁོར་ལོ་གསུམ་གྱི་སྡེ་སྣོད་རྒྱ་མཚོ་ལྟ་བུ་དང༌། དབུ་མ་རིགས་པའི་ཚོགས་དྲུག་དང་བྱམས་ཆོས་སྡེ་ལྔ། ས་སྡེ་ལྔ། ཚད་མ་སྡེ་བདུན། སྤྱོད་འཇུག་དང་བསླབ་བཏུས། དབུ་མ་བཞི་བརྒྱ་པ་སོགས་ཡོངས་སུ་གྲགས་པའི་བསྟན་བཅོས་ཕལ་མོ་ཆེ་རྣམས་སྔ་འགྱུར་ཡིན་པར་ཐང་ཡིག་ཁག་དང༌། ཁྱད་པར་མངའ་བདག་སད་ན་ལེགས་ཀྱི་སྐབས་སུ་ལོ་ཆེན་སྐ་བ་དཔལ་བརྩེགས་དང་འཁོན་ཀླུའི་དབང་པོ་སོགས་ཀྱིས་བསྒྲིགས་པའི་དཀར་ཆག་ལྡན་དཀར་མ་ལས་དངོས་སུ་བྱུང་བ་ལྟར་ཡིན་ལ། དུས་ཕྱིས་གསར་མའི་ལོ་ཙཱ་བ་འགའ་ཞིག་གིས། སྔ་འགྱུར་གྱི་སྐབས་སུ་བསྒྱུར་ཟིན་པ་རྣམས་ལ་འགྱུར་བཅོས་བྱས་པ་སྐད་དུ་བསྙད་ནས་རང་གི་ཆེ་བ་ངོམ་ཐབས་ཀྱང་མཛད་ཡོད་མོད། དོན་ལ་སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྔ་འགྱུར་གྱི་དཔེ་རྣམས་ཡུན་རིང་པོར་ས་འོག་སོགས་སུ་བསྐུང་ནས་ཉར་ཚགས་བྱས་པ་རྣམས་ཡིན་ཞིང༌། འགོས་ལོ་ཆེན་པོས། དར་མའི་འདུལ་བའི་བསྟན་པ་བསྣུབས་ན་ཡང༌། སྔགས་འཆང་ཇོ་སྲས་རྣམས་ཀྱིས་སྒོམ་སྒྲུབ་ཉམས་ལེན་གྱིསབོད་ཡུལ་བཀྲ་ཤིས་པར་མཛད་ཅེས་དང༌། གསར་མའི་ལོ་ཙཱ་བ་ཡོངས་ཀྱི་རྒྱལ་པོ་སྤྲུལ་བའི་ལོ་ཆེན་གཉིས་སུ་གྲགས་པའི་ནང་ཚན་རྔོག་ལོ་ཆེན་པོས་ཀྱང༌། མདོ་སྡེ་རྒྱན་ལས། མ་ཆགས་མི་ཆགས་ཆགས་པ་དང༌།། ཆགས་པ་ཉིད་ན་ཆགས་པ་མེད།། ཅེས་པ་འདི་ཁྲག་མེད་ཁྲག་མེད་ཅེས་པ་ལྟ་བུ་ལས་བསྒྱུར་མ་ཐུབ་པར་སྔ་འགྱུར་གྱི་དཔེ་ལ་བལྟ་དགོས་བྱུང་བར་གསུངས་པ་འདིས་ལོ་རྒྱུས་ཀྱི་གསང་བ་མང་པོ་ཞིག་རྗེན་པར་ཕྱུངས་པ་ཡིན་ནོ།། ལོ་ཆེན་རིན་བཟང་གི་རྣམ་ཐར་འགའ་ཞིག་ན་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་དཀོན་བརྩེགས་ཕལ་ཆེན་སོགས་རྒྱལ་བའི་བཀའ་འགྱུར་ཕལ་མོ་ཆེ་ཁོང་གིས་བསྒྱུར་བ་དང༌། དེ་དག་ཕལ་ཆེར་གྱི་མཇུག་ཏུ་ལོ་ཙཱ་བའི་མཚན་ལ་ཡེ་ཤེས་སྡེ་ཞེས་བྱུང་བ་བཞིན། ཁོང་རྒྱ་གར་ཤར་ཕྱོགས་སུ་བཞུགས་དུས་མཚན་ལ་ཡེ་ཤེས་སྡེ་ཞེས་གྲགས་པར་ཡང་གསུངས་མོད། ཆེས་དཔེ་དཀོན་གྱི་བཀའ་འགྱུར་གཞན་འདྲ་ཡོད་ན་མ་གཏོགས་དེང་སང་བོད་ལ་ཡོངས་གྲགས་སུ་ཡོད་པའི་བཀའ་འགྱུར་གྱི་ནང་གི་དེ་རྣམས་ནི་ལོ་ཆེན་རིན་བཟང་གིས་བསྒྱུར་བ་མིན་ཏེ། སྐབས་དེའི་པཎ་ཊི་ཏའི་མཚན་ལ་ཛི་ན་མི་ཏྲ་དང༌། དཱ་ན་ཤིའ་ལ་སོགས་སྔ་འགྱུར་སྐབས་ཀྱི་པཎ་ཊི་ཏ་རྣམས་ཀྱི་མཚན་གསལ་བ་དང༌། ཡེ་ཤེས་སྡེ་སོགས་ཀྱིས་གཏན་ཕབ་པ་ཞེས་མཆན་བུའི་ལོ་ཙཱ་བ་རྣམས་ཀྱིས་ཞུས་རྗེས་ཡེ་ཤེས་སྡེ་སོགས་ལོ་ཆེན་རྣམས་ཀྱིས་ཞུས་ཆེན་མཛད་པར་གསལ་བའི་ཕྱིར་རོ།། དེས་ན་དེང་སང་བོད་ཀྱི་ནང་བསྟན་ཞེས་འཛམ་བུ་གླིང་གི་ཤེས་ལྡན་པ་ཡོངས་ཀྱི་ཡིད་སྨོན་འཆོར་བ་འདི་དག་ལེགས་པར་བསམ་ན་ཕལ་མོ་ཆེ་རྣམས་སྔ་འགྱུར་ཡིན་པ་དང༌། དེ་ཡང་རྒྱལ་པོ་སྡིག་ཅན་གྱིས་བསྟན་པ་མེད་པར་བྱས་སྐབས་གསང་བའི་ཐོག་ནས་བཤད་སྒྲུབ་ཀྱི་བསྟན་པ་མ་ནུབ་པར་བཟུང་ཞིང༌། ཐ་ན་དཔེ་རྒྱུན་ཙམ་ཡང་ཆད་མ་ཤོར་བར་བྱུང་བ་འདི་གོང་སྨྲོས་ལྟར་སྔགས་འཆང་ཇོ་སྲས་ཀྱི་བཀའ་དྲིན་ཁོ་ན་ཡིན་པ་ཅིས་ཀྱང་ཤེས་དགོས་སོ།།
རྒྱུ་མཚན་དེ་འདྲར་བརྟེན་དེང་སང་བློ་གཟུ་བོར་མི་གནས་ཤིང་རང་ལྟ་མཆོག་འཛིན་གྱི་མགོ་བོ་རྡོ་ལས་ཀྱང་མཁྲེགས་པ་འགའ་ཞིག་སྔགས་པ་རྣམས་ལ་སྡང་ཟུག་བྱེད་ཁུལ་བྱེད་པ་འདི་ནི་བསྟན་པའི་ཆེ་བ་མ་ཤེས་པ་དང༌། བསྟན་པ་ལ་བཀའ་དྲིན་ཆེ་བའི་ཚུལ་མ་ཤེས་པ་ཡིན་པས་ཕྱིན་ཆད་བག་ཡོད་པར་བྱ་བ་ཤིན་ཏུ་གལ་ཆེ་ཞིང༌། འཇམ་དཔལ་རྩ་བའི་རྒྱུད་ལས། ཡི་གེ་ཨ་མིང་བདག་ཉིད་ཆེ།། སྟོན་པའི་བསྟན་ལ་གཅེས་འཛིན་བྱེད།། ཅེས་བསྟན་པའི་བདག་པོ་སྟོན་པ་ཐུགས་རྗེ་ཅན་རང་ཉིད་ཀྱི་ཇི་ལྟར་ལུང་བསྟན་པ་བཞིན། ཨོ་རྒྱན་སངས་རྒྱས་གཉིས་པའི་ཞལ་ཚབ་ཆོས་རྗེ་ཡིད་བཞིན་ནོར་བུ་དང་ཐུགས་སྲས་བུ་ཆེན་རྣམས་ཀྱིས་གཙོ་བོ་རིག་གནས་གསར་བརྗེའི་སྐབས་ཀྱི་དམ་སེལ་ཅན་རྣམས་དང༌། ཞར་ལ་སྔགས་མིན་སྔགས་བརྫུ་དང་གྲུབ་མིན་གྲུབ་བརྫུས་རྒྱལ་བསྟན་རིན་པོ་ཆེར་སེལ་འཇུག་བཞིན་པ་རྣམས་ལ་དག་ཐེར་གནང་རྗེས། སེང་གེའི་རྗེས་སུ་ཝ་མཆོངས་བའི་དཔེ་ལྟར་དོན་ཡོད་མེད་མང་པོ་ཞིག་གིས། གཡུ་ཁོག་བྱ་བྲལ་གྱིས་སྔགས་པ་རྣམས་ལ་བཀྱོན་པའི་ཚིགས་བཅད་དེ་བསྐྱར་སྐོར་ཡང་བསྐོར་བྱས་ནས་རིག་པ་འཛིན་པ་རྣམས་ལ་གཤེ་བར་འདུག་ཀྱང༌། འཇམ་མགོན་མི་ཕམ་རིན་པོ་ཆེས། སྨིན་བྱེད་དབང་གི་ཆུ་རྒྱུན་འབྱུང་བའི་གནས།། གྲོལ་བྱེད་ལམ་གྱི་རིན་ཆེན་སྦྱིན་པའི་གཉེན།། གང་ལ་སྨད་པ་རྩ་བའི་ལྟུང་བ་སྟེ།། ལེགས་པར་བརྟེན་ལ་རྣམ་གཉིས་གྲུབ་པ་སྦྱིན།། ཞེས་གསུངས་པ་ལྟར། ནག་མོ་ལས་ངན་རྣམས་ལ་ཟེར་བ་དང༌། ལས་ངན་བུད་མེད་མང་པོའི་སོགས་ཟེར་བ་འདིས་གཡུ་ཁོག་བྱ་བྲལ་བ་ཆེན་པོ་ཁོང་གིས་ཀྱང་སྐབས་འདིར་གསང་སྔགས་ཀྱི་རྩ་ལྟུང་བཅུ་བཞི་པ་ལ་ཐུགས་སྣང་གཏན་ནས་མ་གནང་བ་འདྲ་ཞིང༌།  འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས་ཚུལ་ཁྲིམས་འཆལ་མ་འཆལ་གྱི་དགེ་སློང་གི་ངུར་སྨྲིག་འཕྲོག་པ་བྱང་ཆུབ་སེམས་དཔའི་རྩ་ལྟུང་དུ་གསུངས་ན། སྔགས་འཆང་རྣམས་ལ་རལ་བ་འབྲེག་དགོས་པའི་བཙན་བཀའ་བཏང་བ་འདིས་ཀྱང་བྱང་སྡོམ་ལ་ཅི་ཞིག་བྱས་ཡོད་མེད་བཤད་དཀའ་ཞིང༌། ཚིགས་བཅད་དེ་དྲངས་ནས་སྔགས་པ་རྣམས་ལ་གཤེ་བའི་ཅོལ་ཆུང་ཚོར་དེ་བས་ཀྱང་རང་ཉིད་ཀྱི་བྱང་སྔགས་གཉིས་ཀྱི་སྡོམ་པར་རྩ་ལྟུང་ཅི་ཙམ་ཞིག་ཕོག་ཡོད་མེད་བཤད་ཤིན་ཏུ་དཀའ།
བླ་མ་ཡིད་བཞིན་ནོར་བུས་དག་ཐེར་གནང་སྐབས་ཀྱང་རྟོགས་པ་མཆོག་ལྡན་གྱི་སྔགས་འཆང་རྣམས་ཀྱིས་བླ་མའི་སྤྱན་སྔར་རང་ཉིད་ཀྱི་ཆེ་བ་དངོས་སུ་གཟིགས་འབུལ་ཞུས་པ་མང་པོ་བྱུང་སྟེ། དཔེར་ན་མགོ་ལོག་གཅིག་པོར་མཚོན་ན་ཡང༌། སྤྲུལ་སྐུ་ཐང་རིས་ཀྱིས་ཁྲ་ཕུ་འཛམ་གླིང་ལ་ཁ་ནས་ནམ་མཁའ་རྟེན་མེད་ལས་དུང་དཀར་ཁྱད་དུ་འཕགས་པ་ཞིག་གཏེར་ནས་བཞེས་ཏེ་བླ་མ་ལ་ཕུལ་བ་དང༌། སྤྲུལ་སྐུ་ལྷ་མཚམས་ཀྱིས་རང་གི་གཏེར་ཆོས་རྣམས་བླ་མའི་སྤྱན་སྔར་གཟིགས་འབུལ་ཞུས་པས་བླ་མ་མཉེས་ནས་གཏེར་ཆོས་རྣམ་དག་ཡིན་པར་ཞལ་གྱིས་བཞེས་པ་ལྟ་བུ་ཡིན་ནོ།།
གཞན་ཡང་ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་རང་ཉིད་ཀྱང་སྔགས་པ་དང་གཏེར་སྟོན་ལ་ཐུགས་མི་དགྱེས་མཁན་ཞིག་གཏན་ནས་མིན་པའི་ཚུལ་ནི་གོང་ཏུ་གསལ་བ་ལྟར།  སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པ་རང་ཉིད་ཀྱི་སྐུ་སྐྱེ་ཕྱི་མ་རང་གི་ལུང་གིས་གསལ་བོར་ངོས་བཟུང་བའི་མཇུག་ཏུ།  དེ་རང་ལོ་ཉེར་དྲུག་ཉེར་བདུན་ལ།།  སྨན་བདུད་རྩིའི་དཔལ་འཛིན་ཆོས་དབྱིངས་མས།། ལས་སྨོན་དང་ཐབས་ཀྱིས་བསྐུལ་བྱས་ནས།།  ཟབ་གཏེར་ལྔའི་སྒོ་འཕར་འབྱེད་ནུས་ན།།  དུས་འཁྲུགས་ཀྱི་མུན་ནག་དབྱིངས་སུ་ཡལ།། གངས་ཅན་ལ་བདེ་བའི་ཉི་མ་ཤར།། ཞེས་པའི་ལུང་བསྟན་ཡོད་པ་ལྟར་གྱི་རྟེན་འབྲེལ་ཅི་བཞིན་མ་འགྲིག་པར་ཡག་ཤུལ་མཁན་པོ་བློ་གྲོས་ཀྱིས། དེ་ནི་གངས་ཅན་པའི་བསོད་ནམས་ཀྱིས་མ་ཆུན་པ་ཡིན་གསུངས་ཞེས་ཁོང་ཉིད་ཀྱི་ཞལ་ནས་གསུངས་པ་དངོས་སུ་ཐོས་ཤིང༌། དུས་ཕྱིས་རྟེན་འབྲེལ་གྱི་སྣ་ཁ་རལ་བ་གསོ་བའི་ཕྱིར་འདུས་པ་ཁྲི་ཕྲག་ལྷག་ལ་འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་སྦྱོར་བསྟོད་ཚོགས་ཆོས་སུ་གནང་བ་དང༌། ཁོང་གིས་སྐུ་ཚེ་འདིར་བསྟན་པའི་མིག་ལྟོས་ལ་དགོངས་ནས་དངོས་ཀྱི་རིག་མ་མ་བརྟེན་པས་རྗེས་སུ་ཟབ་གཏེར་མང་པོ་འདོན་མ་ནུས་ཤིང༌། གཏེར་ཆོས་འགའ་ཞིག་ཐོན་པ་རྣམས་ཀྱི་ལྷ་ཡང་ཡབ་རྐྱང་ཙམ་ལས་མ་བྱུང་པ་ཡིན་ཞེས་རྗེ་ཉིད་ཀྱི་ཞལ་ནས་གསུངས་པ་འདུས་ཚོགས་ཁྲི་ཕྲག་གིས་མཁྱེན་གསལ་ལྟར་དང༌། གཏེར་སྟོན་ཀུན་བཟང་ཉི་མ་སོགས་ཀྱི་ལུང་བསྟན་དུ་ཆོས་རྗེ་འདི་ཉིད་སྤྲུལ་བའི་གཏེར་སྟོན་ཆེན་པོ་ཡིན་པས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་ལ་དངོས་སུ་ཞུགས་ན་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་དེ་ཙམ་དགྱེས་རྒྱུ་མེད་པ་འདྲ་ཞེས་གསུངས་པ་ཡང་ཡོད་དོ།།
ལར་འདུལ་བ་ལུང་སྡེ་བཞིའི་གནང་བཀག་གི་མཚམས་ལ་གཅིག་བྱས་ན་ཁྱེད་ཅག་མཁས་པར་ཡང་སྲིད་མོད། གསང་བ་སྔགས་ཀྱི་ལམ་རིམ་ལ་ནི། སྡེ་སྣོད་བཞི་བར་གྲགས་པ་སྔགས་རྒྱུད་སྡེ་བཞིའི་ཚིག་དང་དོན་གྱི་བདག་པོ་ངེད་ཅག་སྔགས་རྒན་རལ་རྫོང་ཅན་རྣམས་མཁས་པར་ངེས་པས། ངེད་སྔགས་པ་རྣམས་ཀྱི་མངོན་རྟོགས་ལ་ཁྱེད་ཅག་གིས་ཞུ་དག་གཏོང་དགོས་དོན་གཏན་ནས་མེད་ཅིང༌། ཅི་སྟེ་ད་དུང་ཨུ་ཚུགས་ཀྱིས་བསྡོ་ན་བླ་མ་མཁས་གྲུབ་ཆེན་པོ་རྣམས་ཀྱི་མདུན་དུ་བགྲོ་བར་བྱ་ཡིས་དུས་ཐོབ་ཅིག
སྔགས་པ་རྣམས་ཀྱི་ནང་དུ་རིགས་མ་བཞེས་པ་ཙམ་ལས་གསང་སྔགས་ཀྱི་དགོངས་སྤྱོད་ཟབ་མོ་དང་ད་ལྟ་ཉིད་ནས་མི་ལྡན་པ་འགའ་རེ་ཡོད་པས་ཡིན་ནོ་ཟེར་ན། འདིར་མགོ་མཚུངས་ཀྱི་རིགས་པ་ཅི་བས་ཀྱང་མང་བ་རང་གཞན་སུས་ཀྱང་ཤེས་མོད། རེ་ཞིག་དེ་དག་གི་སྤྲོས་པ་མི་དགོས་ཀྱང་རྣལ་མའི་ལན་ནི། མདོ་ཕ་རོལ་དུ་ཕྱིན་པའི་ལམ་གྱི་རིམ་པ་ཉམས་སུ་ལེན་སྐབས་སུ་ཡང༌། སྤྱོད་འཇུག་ལས། ཚོད་མ་ལ་སོགས་སྦྱིན་པ་ལའང༌།།  འདྲེན་པས་ཐོག་མར་སྦྱོར་བར་མཛད།།  དེ་ལ་གོམས་ནས་ཕྱིས་ནས་ནི།།  རིམ་གྱིས་རང་གི་ཤ་ཡང་གཏོང༌།།  ཞེས་སོགས་གསུངས་པ་དང་མཐུན་པར་སྔགས་འཆང་རྣམས་ཀྱང་ཐབས་བསྐྱེད་པའི་རིམ་པ་དང༌།  ཤེས་རབ་རྫོགས་པའི་རིམ་པ་གཉིས་ཀའི་ཚུལ་ལ་ལམ་རིམ་གྱིས་པའི་སྒོ་ནས་འཇུག་པ་ཡིན་ཞིང༌། དེའི་ཚེ་མ་ཧཱ་མ་ཡཱ་ལས།། སྒྱུ་མ་དག་ནི་ཐམས་ཅད་ལས།། བུད་མེད་སྒྱུ་མ་ཁྱད་པར་འཕགས།། ཞེས་དང༌། སྒྱུ་འཕྲུལ་ལས།།ལྷ་མོ་ཀླུ་མོ་རིགས་ངན་མོ།། དབྱེའམ་ཡང་ནི་མི་དབྱེ་བར།། བསྙེན་པ་དང་ནི་ཉེ་བསྙེན་དང༌།། སྒྲུབ་དང་ནི་སྒྲུབ་ཆེན་པོ།། ཅེས་སོགས་སྤྱོད་པའི་གྲོགས་དང༌། ཤེས་བྱ་མཛོད་དུ་གསང་བ་གྲུབ་པའི་ལུང་དྲངས་པ་ལས། དམ་ཚིག་སྤྱོད་པ་དེར་གཏད་པས།། ཁྱིམ་དུ་ཡང་ནི་གྲུབ་པར་འགྱུར།། ཞེས་སོགས་སྤྱོད་པའི་གནས་དང༌། སྒྱུ་འཕྲུལ་ལས། ཡུམ་གྱི་པདྨའི་དཀྱིལ་འཁོར་དུ།། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ།། སངས་རྒྱས་སྤྲིན་ཚོགས་མ་ལུས་པ།། དགྱེས་ཉམས་མཆོག་གི་སྦྱིན་པས་བསྟིམ།། ཞེས་སོགས་སྤྱོད་པའི་ཚུལ་དང༌། སྦྱོར་བསྟོད་ལས། ཞི་བའི་ཐུགས་ལྡན་བཟོད་དཀའི་གོ་བཞེས་ནས།། གྲངས་མེད་བསྐལ་པའི་ལམ་སྦྱངས་ཚོགས་ཀྱིས་ཅི།། བདེ་ཆེན་པདྨའི་སྟན་ལ་འདུག་ཙམ་གྱིས།། མིག་འཕྲུལ་བཞིན་དུ་ཚེགས་མེད་ས་མཆོག་བགྲོད།། ཁྲོ་ཚོགས་འཇིགས་རུང་འབར་བའི་གར་དགུ་དང༌།། ལྡན་པས་མཚོན་རྣོན་གདེངས་པས་ཅི་ཞིག་བྱ།། ཡང་དག་ལམ་གྱི་མི་མཐུན་བདུད་བཞིའི་གཡུལ།། ལྷག་མེད་པདྨའི་ཟེའུ་འབྲུར་ངེས་པར་ཤི།། རྒྱལ་རྣམས་དཀྱུས་རིང་པདྨའི་སྤྱན་རས་ཀྱིས།། རྟག་ཏུ་བསྐྱངས་ཡང་འཁོར་བར་ལུས་པའི་འགྲོ།། འདི་ན་པདྨ་གཞོན་ནུའི་སྦུབས་ཀྱིས་ནི།། ལྡོག་མེད་རྟག་བརྟན་ཆོས་སྐུའི་རྒྱལ་སར་དྲངས།། ཞེས་སོགས་ཡུམ་དང་བཅས་ཏེ་སྔགས་ལ་སྤྱོད་པའི་ཡོན་ཏན་གྱི་བྱེ་བྲག་གསལ་བོར་གསུངས་པ་བཞིན།། བསྐྱེད་རྫོགས་ཟབ་མོའི་འདུ་བྱེད་སྣ་ཚོགས་ལ་བརྟེན་ནས་སྔགས་རང་ལམ་གྱི་ལམ་ལྔ་རིམ་གྱིས་བགྲོད་པ་ཡིན་པས། ཡིག་ཆ་གཞན་ལས་སློབ་ལམ་པ་རྣམས་ལ་རྒྱུ་དུས་ཀྱི་རྡོ་རྗེ་འཛིན་པ་དང༌། མི་སློབ་ལམ་པ་རྣམས་ལ་འབྲས་དུས་ཀྱི་རྡོ་རྗེ་འཛིན་པ་ཞེས་པའི་ཐ་སྙད་ཀྱང་མཛད་པ་ཡིན་ནོ།།
དེས་ན་སྦྱོར་བསྟོད་ལས། ལམ་འདི་འཛིན་པ་རྒྱལ་ཀུན་འདུས་པའི་སྐུ།། ལམ་མཆོག་འདི་ནི་རྒྱལ་བས་དཀོན་གསུངས་ན།། འདི་ཡི་གཟུགས་བརྙན་ཙམ་ཞིག་འཛིན་པ་ཡང༌།། ཆགས་བྲལ་ལྷ་དང་བཅས་པའི་མཆོད་སྡོང་ཡིན།། ཞེས་གསུངས་པ་ལྟར། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་དུ་བརྩོན་པ་རྣམས་སྨྲོས་ཅི་དགོས་ཏེ། དེ་ལྟར་མ་ནུས་ཀྱང་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་གསང་སྔགས་ཀྱི་རྟགས་བཟུང་བ་དང༌། བསྙེན་སྒྲུབ་ཕྲ་མོ་ཙམ་རེ་བྱེད་བཞིན་པ་ཡན་ཆད་ལ་སྔགས་འཆང་ཞེས་པའི་མིང་འདི་ཐོགས་པ་ཡིན་ཞིང༌། དོན་ལ་ཡང་དེ་ལྟར་གནས་པ་ཡིན་པས་སྔགས་པ་ཡིན་ན་ཐོག་མ་ཉིད་ནས་སློབ་དཔོན་རིན་པོ་ཆེ་དང༌། ཤྲྰི་སེང་ཧ། ཛྙཱ་ན་སུ་ཏྲ་སོགས་དང་དགོངས་སྤྱོད་མཉམ་དགོས་པ་དང༌། གལ་ཏེ་དེ་དག་དང་དགོངས་སྤྱོད་མ་མཉམ་ན་སྔགས་པ་མིན་པར་འདོད་པ་རྣམས་ནི། རབ་བྱུང་ཡིན་ན་བཙུན་པ་ཤཱ་རིའི་བུ་དང༌། གནས་བརྟན་ཉེ་བར་འཁོར་སོགས་དང་ལྟ་སྤྱོད་མཉམ་དགོས་ཤིང༌། གལ་ཏེ་དེ་དག་དང་ལྟ་སྤྱོད་མ་མཉམ་ན་རབ་བྱུང་མིན་པར་འདོད་པ་དང་འདྲ་བས། རིག་འཛིན་འཇིགས་མེད་གླིང་པའི་དངོས་སློབ་འབར་ཆུང་འཇིགས་མེད་གོ་ཆ་སྐུ་ཚེའི་སྨད་ལ་དབུས་གཙང་དུ་བཞུགས་སྐབས། ཟུར་ཕུད་རྣམ་སྣང་གི་སྐུ་རྒྱབ་ནས་དགེ་བཤེས་ཤིག་དང་ཐུག་པར་དགེ་བཤེས་ཀྱིས། རྡོ་རྗེ་འཆང་དང་དགོངས་སྤྱོད་མ་མཉམ་ན་རལ་བ་འཇོག་རྒྱུ་མེད་པར་རྒོལ་བ་ལ། ཁྱོད་ཀྱང་ཤཱཀྱ་ཐུབ་པ་དང་དགོངས་སྤྱོད་མ་མཉམ་ན་ངུར་སྨྲིག་གོན་རྒྱུ་མེད་པའི་ཐལ་བ་འཕངས་ཤིང༌། ཡབ་རྗེ་འཇིགས་མེད་གླིང་པ་སོགས་དགོངས་སྤྱོད་བསམ་གྱིས་མི་ཁྱབ་པ་རྣམས་ནི་རྡོ་རྗེ་འཆང་དངོས་སུ་བཞུགས་པ་ཡིན་ལ། ཁོ་བོ་ཅག་ནི་མ་བཅོས་གསུམ་གྱི་རྟེན་འབྲེལ་གྱིས་རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་བ་སོགས་ཀྱི་གནད་ཡོད་ཚུལ་གསུངས་པ་ལྟ་བུ་ཡིན་ནོ།།   
དེས་ན་སློབ་དཔོན་རིན་པོ་ཆེ་སོགས་དང་དགོངས་སྤྱོད་མ་མཉམ་ན་རལ་བ་འཇོག་རྒྱུ་མེད་པ་དང༌། གཟུངས་མ་བརྟེན་པ་སོགས་སྔགས་པའི་བརྟུལ་ཞུགས་འཛིན་རྒྱུ་མེད་ཁུལ་སྨྲ་བ་རྣམས་ནི་བདུད་ཀྱི་ལས་དང་འགྲོགས་པའི་བླ་སྤྲུལ་རེའི་མིང་གིས་སྙེམས་ཏེ་ཆེན་གཞུང་ལ་སློབ་གཉེར་བྱེད་མ་མྱོང་བའམ། ཡང་ན་ཡིན་ལོག་མིན་ལོག་གི་རིགས་པ་ཙམ་རེ་མི་ཚེའི་སྙིང་པོར་བཟུང་བ་ལས་སྒྲུབ་པ་ཉམས་ལེན་གྱི་ཆོས་ལ་བློ་ཁ་ཙམ་ཡང་ཕྱོགས་མ་མྱོང་བའི་རང་རྟགས་ཕྱིར་མངོན་པ་ཡིན་ནོ།།
དེས་ན་སྦྱོར་བསྟོད་ལས། ཁ་སྦྱོར་བདུན་ལྡན་བདེ་མཆོག་རྡོ་རྗེའི་སྐུའི།། མ་སྦས་གསུང་གི་ལམ་དང་མཐུན་འཇུག་པ།།  སྐལ་དམན་སྣང་ངོར་སྐུ་བསྒྱུར་གསུང་སྦས་པའི།། ཆགས་བྲལ་ལམ་གྱིས་དེ་ལ་སྨད་དུ་མེད།། ཅེས་གསུངས་པ་ལྟར་རང་རེ་སྟོན་པ་གཅིག་གི་ཆོས་ཉམས་སུ་ལེན་པའི་དགེ་འདུན་སྡེ་གཉིས་པོས་ཕན་ཚུན་སྐྱོན་མཚངས་འདོན་རེས་དང༌། མཐོང་ཆུང་དང་ཁྱད་གསོད་བྱེད་རེས་བྱེད་པ་ལས། དག་སྣང་སྦྱོང་རེས་ཀྱི་ངང་རང་རང་གི་ལམ་ཉམས་སུ་བླངས་ན་དགའ་ངེས་ཡིན་པ་འདི་སྔགས་འཆང་རྒད་པོ་ངས་མདོ་སྔགས་གཉིས་ཀྱི་སྡེ་སྣོད་མང་པོ་མཐོང་མྱོང་བའི་བསླབ་བྱ་ཡིན་ནོ།།
དེར་མ་ཟད་སྔགས་འཆང་རྣམས་ཀྱིས་ལྕང་ལོ་བཅང་བ་གཅིག་པོ་ཙམ་ལ་ཡང་རྟེན་འབྲེལ་དང་དགོས་དབང་བསམ་གྱིས་མི་ཁྱབ་པ་ཡོད་ཚུལ་འཇིགས་མེད་གླིང་པས། སྐྲ་དག་པ་རབ་འབྱམས་ཞི་ཁྲོ་ཡི་ཚོམ་བུ།། གཟུངས་གླེགས་བམ་མཛེས་པ་རིག་འཛིན་གྱི་བླ་རྡོ།། སྐྱབས་སྐུ་གསུམ་བླ་མའི་དྲན་རྟེན་དུ་མཛོད་དང༌།། གནས་ཟངས་མདོག་དཔལ་རི་ཐག་རིང་ན་མི་འདུག། ཅེས་གསུངས་པའི་ལུང་གོང་དུ་དྲངས་པ་ལྟར་ཡིན་ཞིང༌། གཞན་ཡང་མདོ་མཛངས་བླུན་ལས་སེངྒེ་ཡི་དམ་བརྟན་པའི་ལེའུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་བ། སེམས་ཅན་གང་ཞིག་དགེ་སློང་ངུར་སྨྲིག་གྱོན་པ་ལ་ངན་སེམས་བསྐྱེད་ན། མི་དེ་ནི་འདས་པའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་དོ།། མ་འོངས་པའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་པ་ཡིན་ནོ། ད་ལྟར་བཞུགས་པའི་སངས་རྒྱས་དང༌། རང་སངས་རྒྱས་དང༌། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་པ་ཡིན་པར་རིག་པར་བྱའོ།། དེ་ལྟར་དུས་གསུམ་གྱི་འཕགས་པ་རྣམས་ལ་ངན་སེམས་བསྐྱེད་པས་སྡིག་པའི་ལས་ཁ་ན་མ་ཐོ་བའི་འབྲས་བུ་ཚད་མེད་པ་སྨིན་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་གོས་ངུར་སྨྲིག་ནི་དུས་གསུམ་གྱི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཡིན་ཏེ། ཞེས་སོགས་གསུངས་པ་ལྟར་འདིར་ཡང༌། སྔགས་འཆང་རྣམས་ཀྱི་ལྕང་ལོ་ནི་དུས་གསུམ་གྱི་རྡོ་རྗེ་འཛིན་པ་རྣམས་ཀྱི་རྒྱལ་མཚན་ཡིན་པས། སེམས་ཅན་གང་ཞིག་སྔགས་པ་ལྕང་ལོ་ཅན་རྣམས་ལ་ངན་སེམས་བསྐྱེད་ན། མི་དེ་ནི་འདས་པའི་དུས་ཀྱི་རྡོ་རྗེ་འཛིན་པ་རྣམས་ལ་ངན་སེམས་བསྐྱེད་ཅིང༌། ད་ལྟའི་དུས་ཀྱི་རྡོ་རྗེ་འཛིན་པ་རྣམས་ལ་ངན་སེམས་བསྐྱེད་པ་དང༌། མ་འོངས་པའི་དུས་ཀྱི་རྡོ་རྗེ་འཛིན་པ་རྣམས་ལ་ངན་སེམས་བསྐྱེད་པ་ཡིན་པར་རིག་པར་བྱ་ཞིང༌། དེས་སྡིག་པའི་ལས་ཁ་ན་མ་ཐོ་བའི་འབྲས་བུ་ཚད་མེད་པ་མྱོང་བར་འགྱུར་བ་ཡང་གོང་གི་ལུང་དེ་ཁ་བསྒྱུར་བ་ཙམ་གྱིས་ཆོག་པ་ཡིན་ནོ།།
དེ་ལྟར་ན་སྦྱོར་བསྟོད་ལས།། དངོས་པོའི་དེ་ཉིད་དང་ནི་ཟབ་མོའི་གནད།། ཇི་བཞིན་མི་ཤེས་ལོག་པའི་ང་རྒྱལ་ཅན།། ལམ་མཆོག་འདི་འདྲ་ཕྱིན་ཅི་ལོག་ལྟ་བའི།། ལུས་སུ་སྐྱེ་བ་ཀུན་ཏུ་མ་གྱུར་ཅིག། ཅེས་ཐུགས་སྨོན་མཛད་པ་བཞིན་རང་ངོས་ནས་གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཞིང༌། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པའི་ལས་འཕྲོ་མེད་ན་ཡང༌། སྔགས་འཆང་རྡོ་རྗེ་འཛིན་པའི་ཆེ་རྟགས་ཀྱི་ཅོད་པན་ཅན་རྣམས་ལ་ལོག་ལྟ་དང་སྐུར་འདེབས་ནམ་ཡང་མི་རུང་ཞིང༌། དེར་མ་ཟད་འཇུག་པ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན།། ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན།། གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན།། འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ།། ཞེས་གསུངས་པ་ལྟར་རང་ཅག་སོ་སོའི་སྐྱེ་བོ་རྣམས་ཀྱིས་མཐོང་ཐོས་དོགས་གསུམ་གང་ཡང་མི་འཁྲུལ་བའི་ངེས་པ་མེད་སྟབས། ཁྱེད་ཀྱིས་རང་གི་ལོག་པར་རྟོག་པ་ཙམ་ལ་ཁུངས་དང་རྒྱུ་མཚན་དུ་བྱས་ནས་གང་ཟག་གི་རྒྱུད་ཚོད་བཟུང་བ་ཡང་ཆེས་མི་འོས་པ་ཡིན་ནོ།།       
འདིར་ཉམས་མཚར་ཙམ་དུ་སྔགས་འཆང་རྡོ་རྗེ་འཛིན་པ་རྣམས་ཀྱི་དགོངས་སྤྱོད་ཟབ་མོའི་ཆེ་བའི་ཡོན་ཏན་འགའ་ཞིག་སླར་ཡང་ཚིགས་སུ་བཅད་པས་བསྙད་པར་བྱ་སྟེ།
གང་ཞིག་ཁྲོ་ཆགས་རྨོངས་པའི་དགྲ་བོ་ལ།།
བྲེད་ནས་ཤ་ཐང་ཆད་པ་རྟོག་པའི་བློ།།
དག་མཉམ་ལྟ་བའི་རྫོང་དུ་ངལ་གསོ་བའི།།
དོན་གྱི་དབུགས་ཆེན་འབྱིན་པ་རྡོ་རྗེའི་ཐེག།
 
གང་ལས་གང་ཞིག་སྤང་པར་བྱ་བ་ལ།།
དཀའ་བ་བརྒྱ་ཕྲག་བརྒྱ་ཡིས་འབད་གྱུར་པ།།
དེ་ཀ་རང་གིས་རང་ཉིད་གྲོལ་བ་ཡི།།
གདམས་པའི་མཆོག་དེ་གྲུབ་བརྒྱའི་གཅེས་ནོར་ཡིན།།
 
གཞན་གནོད་གཞི་བཅས་སྤོང་པ་གཉོམ་པོའི་ལམ།།
གཞན་ཕན་སྤྱོད་པའི་ངོ་བོར་གནས་གྱུར་པ།།
གང་དུ་ཐབས་ཆེན་ཐེག་པས་མཐར་ཕྱིན་པའི།།
ལམ་དེར་རིག་པ་འཛིན་རྣམས་གཤེགས་ཞེས་གྲགས།།
 
དེ་ལྟ་ན་ཡང་ཕྱིན་ཅི་ལོག་གི་བློ།།
ངན་རྟོག་ཆང་གིས་བཟི་བའི་རང་གཤིས་སུ།།
ཚུལ་མིན་གཏམ་གྱི་སྐྱུགས་པ་འཐོར་བ་དག།
མེ་ཡི་འོད་ལ་སྦྲང་བུས་འཛིང་པ་བཞིན།།
 
བུ་དང་ཆུང་མར་བཅས་པའི་མིག་ལྟོས་ཀྱིས།།
ཐུབ་པའི་བསྟན་པ་རྙོག་མར་བྱས་སོ་ལོ།།
བུ་དང་ཆུང་མ་ལས་ལྷག་མིག་ལྟོས་གཞན།།
ཀུན་བཟང་ཐུགས་ཀྱི་བསྟན་ལ་ཅང་ཡོད་དམ།།
 
ཉ་པ་བཤན་པ་རྣམས་ཀྱང་སྡིག་རྒྱུན་དུ།།
ལན་ཆགས་ཕྲུ་གུ་བསྐྲུན་ལ་འབད་གྱུར་ན།།
འཕོ་ཆེན་འཇའ་ལུས་རྡོ་རྗེའི་ཐེམ་སྐས་སུ།།
རིགས་ཀྱི་མྱུ་གུ་བསྐྱེད་ལས་དོན་ཆེན་གང༌།།
 
དཀར་ཕྱོགས་འགོ་བའི་ལྷ་ཡིས་ལུས་སྲུང་ཞིང༌།།
བྱིན་རླབས་དབང་གི་ཆུ་བོས་རྒྱུད་སྨིན་པ།།
ཉི་མའི་དཀྱིལ་འཁོར་ལྟ་བུའི་གདུང་རྒྱུད་ཀྱིས།།
པདྨའི་བསྟན་པ་མཐའ་རུ་རྒྱས་པར་བྱེད།།
 
ཧི་མ་ལ་ཡི་རི་བོའི་རྒྱུད་འདི་ནས།།
རིམ་དགུའི་ཐེག་པའི་ཆོས་ཀྱི་མཛོད་བརྡོལ་བ།།
དེང་སང་ཞིང་འདིར་གྲགས་པ་ཕལ་མོ་ཆེ།།
ཇོ་སྲས་རྣམས་ཀྱིས་བཟུང་ཞིང་སྤེལ་བ་ཡིན།།
 
སྤྱོད་པའི་བོགས་ཆེན་འདོན་པའི་གཅེས་གྲོགས་སུ།།
ཌཀྐཱིའི་འདུ་བ་ལས་ལྷག་གཞན་མེད་པས།།
འཕགས་ཡུལ་གྲུབ་བརྒྱའི་གཙུག་རྒྱན་ཕལ་མོ་ཆེ།།
སྤྱོད་པར་གཤེགས་ཞེས་ནགས་སུ་ཡུམ་དང་བཅས།།
 
ཞིང་སྔགས་ལྷན་ཅིག་སྐྱེས་པའི་ཌཱཀྐི་དང༌།།
རྗེས་ཆགས་དགའ་བའི་ལང་ཚོའི་རྟེན་འབྱུང་གིས།།
གནས་གསུམ་མཁའ་འགྲོའི་ཞལ་བཞེས་ཐ་ཚིག་གི།
ཐུགས་རྒྱུད་དབྱིངས་ནས་བསྐུལ་ལ་མཆོག་ཏུ་དཔའ།།
 
དབུ་ཟླུམ་སྣམ་སྦྱར་སེར་བོའི་རྒྱལ་མཚན་ཅན།།
གཅེར་མོའི་མཁའ་འགྲོ་འབོད་ལ་ཅི་ཆ་སྟེ།།
སྦྱོར་སྒྲོལ་ཧེ་རུ་ཀ་ཡི་བརྟུལ་ཞུགས་ཀྱིས།།
སྲིང་གཅིག་རྡོ་རྗེའི་མཁའ་འགྲོ་འབོད་ཐག་ཉེ།།
 
རིག་འཛིན་དཔའ་བོ་དགྱེས་པའི་བརྡ་སྐད་ཀྱིས།།
སྣང་སྲིད་མ་མོའི་འགྱིང་གླུ་བསུས་པ་ཡིས།།
ཅི་བགྱིའི་བཀའ་ལ་ཉན་པའི་ཕོ་ཉ་མོས།།
ཕྲིན་ལས་གློག་གི་ཞགས་པས་ས་གསུམ་སྡོམ།།
 
བདེ་ཆེན་ཡེ་ཤེས་རྒྱས་པའི་རང་རྟགས་སུ།།
ཡིད་ཀྱི་བརྟན་པ་འཕྲོག་པའི་ལང་ཚོར་བཅས།།
ཌཀྐཱིའི་འདུ་བ་སྤྲིན་བཞིན་སྡུད་གྱུར་པ།།
ལས་བཞིའི་གླིང་ལ་དབང་བའི་འཁོར་བསྒྱུར་ཡིན།།
 
རྡོ་རྗེའི་བཙུན་མོར་འཁྱུད་པའི་སྒྱུ་ཐབས་དང༌།
བཟོད་མེད་བདེ་བ་འབར་བའི་ཏིང་འཛིན་གྱིས།།
ཀུན་རྟོག་རྣམ་ཤེས་རླུང་གི་བཞོན་པར་བཅས།།
པདྨའི་སྦུབས་སུ་བསད་པའི་སྐད་ཅིག་ལ།།
 
གདོད་ནས་བགྲེས་རྒུད་བྲལ་བའི་ཡེ་ཤེས་སྐུ།།
རིག་སྟོང་དོན་གྱི་འཇམ་དཔལ་དཔའ་བོའི་ཞལ།།
མངོན་དུ་མཇལ་བ་འདི་ཀོ་ཤེས་རབ་མའི།།
ཕྱག་རྒྱའི་རྣལ་འབྱོར་ཁོ་ནར་བརྟེན་ལས་འབྱུང༌།།
 
གསང་བའི་འོག་མིན་ཆེན་པོར་བདེ་ཆེན་གྱི།།
ཡེ་ཤེས་ཁོང་ནས་འཛུམ་པའི་དགའ་སྟོན་འདི།།
ཐལ་ངག་ཚིག་ལ་མཁས་པའི་སྟོན་ཆེན་གྱིས།།
གཞུང་གི་གོ་བས་བཤད་དང་ཅང་འདྲ་འམ
 
བཅུ་དྲུག་ཕྱེད་ཕྱེད་ཐིག་ལེའི་གོམ་འགྲོས་དང༌།།
ཆགས་མེད་ཆགས་པ་ཆེན་པོའི་འདུ་བྱེད་ཀྱིས།།
འཁོར་ལྔའི་རྩ་མདུད་ལྷོད་ཀྱིས་ཞིག་པ་ལས།།
ཆོས་ཕུང་བརྒྱད་ཁྲིའི་སྒོ་མོ་ངང་གིས་ཕྱེ།།
 
ཡིད་འཕྲོག་ལང་ཚོ་འབར་བའི་དགའ་མ་དང༌།།
ཁ་སྦྱོར་གར་གྱིས་མྱོས་པའི་རྗེས་ཐོབ་ཏུ།།
དོ་ཧ་རྡོ་རྗེའི་གད་མོ་རེ་རེར་ཡང༌།།
ཆོས་ཕུང་བརྒྱད་ཁྲི་རྫོགས་པ་མ་མཐོང་ངམ།།
 
བདེ་བའི་མལ་ན་བརྩེ་བའི་མཁའ་འགྲོ་དང༌།།
ཅི་དགར་རོལ་བས་དྭངས་མའི་ལུས་འགྲུབ་སྟེ།།
གནས་ཆེན་ཉེར་བཞིའི་རྡོ་རྗེའི་ཕོ་ཉ་མོར།།
འདུ་བ་ཐོབ་པས་དོན་གྱི་ཟུང་འཇུག་བརྙེས།།
 
སྟག་ཤམས་ལྷོད་པོར་བགོས་པའི་དཔའ་བོ་ཡི།།
རྟོགས་པའི་དྲོད་ལ་ཉུལ་བའི་ཌཱཀྐི་མས།།
བརླ་ཡི་འཁྲི་ཤིང་གདེངས་ནས་འདིར་སྒུག་གིས།།
མཁའ་སྤྱོད་མཁའ་འགྲོའི་ཚོགས་གྲྭལ་ད་འགྲིམས་ཤིག།
ཅེས་བྱ་བ་ནི་སྔགས་འཆང་རྡོ་རྗེ་འཛིན་པ་རྣམས་ཀྱི་དགོངས་སྤྱོད་ཀྱི་ཆེ་བ་མཐོང་བའི་ཚིགས་སུ་བཅད་པ་འཇིགས་མེད་སེངྒེ་ཆེན་པོའི་ང་རོའོ།།
·རྩོམ་ཡིག་གོང་མ:བར་ཐག
·རྩོམ་ཡིག་འོག་མ:དགེ་བཅུའི་ཆོས་ཁྲིམས་ལག་ལེན་གནང་རྒྱུ་ཤིན་ཏུ་གལ་ཆེ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 20:30:38 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:22:06 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 20:45:03 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS