ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
རྩོམ་ཡིག་ཀློག་པ།

བོད་ཡུལ་ཆོལ་ཁ་གསུམ།ཚ་བ་མདའ་སྨྱུག

རྩོམ་པ་པོ:ཚ་བ་མདའ་སྨྱུགཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:4212ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/1/27 18:28:32ཚོགས་ཡར་སྤྲོད:admin
བོད་ཡུལ་ཆོལ་ཁ་གསུམ།

ཚ་བ་མདའ་སྨྱུགཚ་སྒང་བློ་གྲོས་དཔལ་ལྡན།
དུས་རབས་བཅུ་གསུམ་པའི་དུས་སྟོད་ཙམ་ན། བྱང་ཕྱོགས་ཧོར་གྱི་རིགས་ལས་བྱུང་བའི་ཇིང་གེར་རྒྱལ་པོའི་དབང་ཐང་གནམ་གྱི་མཐོངས་ལ་བསྙེགས་ཏེ་ཆེན་པོ་སུང་གི་རྒྱལ་ཁམས་རྩད་ནས་བཅོམ་པ་དང༌། ཨེ་ཤ་ཡ་གླིང་ཧྲིལ་པོ་རྒྱལ་ཁྲིམས་ཡུག་གཅིག་གིས་ཁེབས་ལ་ཉེ་བར་མ་ཟད།  ཤར་ཡོ་རོབ་ཀྱི་ས་ཆ་མང་པོ་ཞིག་ལའང་རྐང་བརྐྱང་ལག་བརྐྱང་བྱེད་རྒྱུ་བྱུང་བའི་མངའ་ཐང་གི་དྲེགས་པས་སྨྱོས་པ་ལྟ་བུར་གྱུར།  དུས་དེར་མཐོ་བོད་ཀྱི་ཡུལ་འདིར་བཙན་པོའི་རྒྱལ་ཁྲིམས་ཞིག་ཅིང༌། འབངས་གྱེན་ལོག་བྱུང་ནས་ལོ་གྲངས་བཞི་བརྒྱ་ལ་ཉེ་བ་ཞིག་ཕྱིན་ཏེ། སྒོ་ཀུན་ནས་ཉམས་དམས་པར་གྱུར་པའི་སྐབས་དང་འཁེལ་བས།  ཧོར་རྒྱལ་པོའི་བཙན་འཛུལ་ལ་དྲག་པོའི་དཔུང་གིས་ཡ་ལན་སློག་མ་ཤེས་པས་ཅི་བྱ་གཏོལ་དང་བྲལ།  དེ་ལྟ་ནའང༌། རྩུབ་པོས་རང་དང་འཇམ་པོས་མི་ཐུབ་ཅེས་པའི་དཔེ་ལྟར། བོད་ཁམས་གླིང་དགུ་ན་མཁས་པའི་གྲགས་པ་ཅན་གཙང་ས་སྐྱ་པའི་བླ་མ་ཀུན་དགའ་རྒྱལ་མཚན་ཤེས་བྱ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་གང་དེ། མཐའ་མི་ཧོར་གྱི་གསེབ་ཏུ་ཕེབས་ཏེ་ཐབས་དང་ཐུགས་རྗེ་ཟུང་དུ་འབྲེལ་འཚེ་མེད་ཞི་བའི་ལམ་གྱི་སྟོབས་ཤུགས་ཁོན་ལ་བརྟེན་ནས།  ཧོར་རྒྱལ་ཨེ་ཆེ་གོ་དན་གྱི་གདུག་རྩུབ་དྲག་པོའི་དབལ་ཁ་རེ་ཞིག་ཞི་བར་བྱས། བདག་ཉིད་ཆེན་པོ་གང་དེ་ཡི་དབོན་པོ་བླ་མ་ཆོས་ཀྱི་རྒྱལ་པོ་འཕགས་པས་གནམ་གྱི་བུ་སེ་ཆེན་གྱི་སྒོ་གསུམ་དབང་དུ་བསྔུས་ཏེ། རྒྱལ་ཁབ་ཆེན་པོའི་དབུ་ཡི་མཆོད་གནས་སུ་ཕེབས་གྲུབ་པའི་དགའ་སྟོན་དུ། བོད་སྒང་པའི་ལྷ་སྡེ་མི་སྡེ་ས་ཆ་ཡུལ་རིས་དང་བཅས་པ་ཕ་ནོར་བུ་ལ་དབང་བ་བཞིན་རང་ནོར་རང་གིས་བདག་ཏུ་བཟུང་ཆོག་པ་བྱུང༌།  བོད་ཤིང་སྒོ་ཅན་ཡོངས་ཀྱི་བདག་པོ་དཔལ་ལྡན་ས་སྐྱ་པར་གྱུར་པའི་སྐབས་དེར།  བོད་ཡུལ་སྟོད་སྨད་བར་གསུམ་དུ་ཕྱེནས་སོ་སོའི་ཁྱད་ཆོས་དང་བསྟུན་པའི་མིང་རེ་བཏགས་པ་འདི་ལྟ་སྟེ། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་ཆད་དུ་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུའི་ཁུགས་པ་ཡན་ཆད་དུ་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། རྨ་ཆུའི་ཁུགས་པ་ནས་མཆོད་རྟེན་དཀར་ཆུང་ཡན་ཆད་དུ་མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་ཞེས་པའི་མིང་དེ། དུས་དེ་ནས་བཟུང་ད་ལྟའི་བར་དུ་བོད་མི་ཡོངས་ཀྱི་ཁ་ན་ཆུ་ལས་རྒྱུག་ཆེ་བའིཐ་སྙད་ཅིག་ཏུ་གྱུར་འདུག་གོ །
དེ་ཡང་དབུས་གཙང་མངའ་རིས་དང་བཅས་པའི་ཡུལ་གྲུ་འདི་ནི་བསྟན་པ་སྔ་དར་གྱི་དུས་སུ།  ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་མཁན་སློབ་ཆོས་གསུམ་དུ་གྲགས་པ་རྣམས་ཀྱིས་བསྟན་པའི་རྩ་བ་བཙུགས་ཤིང༌། ཕྱི་དར་བསྟན་པའི་ཆུ་མགོ་ལོ་ཆེན་རིན་ཆེན་བཟང་པོ་དང༌། ལྷ་གཅིག་མར་མེ་མཛད་སོགས་རྒྱ་བོད་ཀྱི་ལོ་པཎ་གནམ་གྱི་སྐར་ཚོགས་བཞིན་བྱོན་ནས། དམ་ཆོས་བསྒྱུར་བཤད་གྱིས་གཏན་ལ་ཕབ་ཅིང་སྒོམ་སྒྲུབ་ཀྱིས་ཉམས་སུ་བླངས།  ས་དྭགས་དགེ་རྙིང་ལ་སོགས་ཆོས་བརྒྱུད་དང་གྲུབ་མཐའ་འདྲ་ལ་མི་འདྲ་བ་དུ་མ་ཡང་ཐོག་མར་དབུས་གཙང་གི་ཕྱོགས་ནས་དར་ཁྱབ་བྱུང་ཞིང༌།  སྐྱིད་ཤོད་ལྷ་སའི་གཙུག་ལག་ཁང༌། བསམ་ཡས་ཆོས་འཁོར་ཆེན་མོ། རྭ་སྒྲེང་རྒྱལ་བའི་དབེན་གནས། རྡོ་རྗེ་གདན་དཔལ་ལྡན་ས་སྐྱ།  བོ་དོང་ཨེ་ཡི་ཆོས་སྡེ། བྱང་ངམ་རིང་ཆོས་སྡེ། གཙང་སྣར་ཐང་ཆོས་སྡེ། ལྷོ་རྩེད་ཐང་ཆོས་སྡེ་སོགས་དང༌། མཁས་པའི་འབྱུང་གནས་གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་སོགས་དབུས་ཁུལ་གྱི་སྔོན་གྱི་གདན་ས་ཆེན་པོ་དྲུག  དུས་ཕྱིས་ཀྱི་ཆོས་སྡེ་ཆེ་ཤོས་འབྲས་སེ་དགའ་གསུམ་དང་གཙང་སྟོད་བཀྲ་ཤིས་ལྷུན་པོ་བཅས་རི་བོ་དག་ལྡན་པའི་ལུགས་ཀྱི་གྲྭ་ས་ཆེན་པོ་བཞི་རུ་གྲགས་པ་རྣམས་ཀྱང་དབུས་གཙང་གཉིས་སུ་ཡོད་པ་བཅས།  ཕྱོགས་དེར་སྔོན་གྱི་དུས་སུ་བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་རླབས་པོ་ཆེ་དར་བ་དེ་ཡི་ཕྱེད་ཙམ་ཡང་མདོ་སྟོད་སྨད་གཉིས་ན་མ་བྱུང་བར་སྣང་བས། སྐབས་དེར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་བརྗོད་པ་ནི་དོན་གྱི་གནད་ལ་འཁྱུད་པའི་གཏམ་ཡིན་ནོ།
མདོ་སྟོད་ཁམས་ཀྱི་ཡུལ་ནི་ལྷོ་རྒྱུད་རྒྱལ་མོ་དངུལ་ཆུ། ཆབ་མདོའི་ཟླ་ཆུ། སྡེ་དགེའི་འབྲི་ཆུ། བྱང་གི་རྫ་ཆུ་སྟེ་ཆུ་བཞི་དང༌། ཚ་བ་སྒང༌། སྨར་ཁམས་སྒང༌། འབྲི་ཟླ་ཟལ་མོ་སྒང༌། རྨ་རྫ་སྒང༌། སྤོམ་འབོར་སྒང༌། མི་ཉག་རབ་སྒང་བཅས་སྒང་དྲུག་གི་ས་ཆ་རྣམས་ཏེ། དེང་གི་ཤོ་སྟར་ལྷོ་གསུམ། སྨར་བྲག་ཆར་གསུམ། ལྒང་ནང་རྫ་གསུམ། དཀར་བྲག་དར་གསུམ། འབའ་ལི་རྒྱལ་གསུམ། སྡེ་དགེ་མི་ཉག་སོགས་ལ་ཟེར་ཞིང༌། སྐབས་དེར་བར་ཁམས་སུ་ཡང་འབོད་པར་སྣང༌། ཡུལ་དེ་གའི་མི་ཕལ་མོ་ཆེ་རང་བཞིན་བཟང་ལ་ངང་ཚུལ་བརྟན། སྨྲ་བ་ཉུང་ཞིང་གཡོ་སྒྱུ་ཆུང༌། གཞུང་རྒྱུད་དྲང་ཞིང་ཕྱི་ཐག་རིང༌། ཕ་མ་དང་རྒན་རབས་ལ་གུས་ཤིང་དེ་དག་གི་གྲོས་ལ་ལྷག་པར་བརྩི། མི་དབང་ཆེན་དང་བཙན་པོ་དག་གི་མདུན་དུ་རྔ་མ་གཡུག་བཞིན་བརླ་འཚོང་བའི་སྲོལ་ཡེ་ནས་མེད།  གཏམ་དང་བྱ་བ་གང་ལ་ཡང་ངོ་ལྐོག་དང་མདུན་རྒྱབ་མི་བྱེད། མི་རྒྱུས་མེད་ལ་གཏམ་ལན་ཙམ་འཇལ་བ་དཀའ་ཡང་ཤ་ཉེ་འབྲེལ་གྱི་ཆེད་དུ་ཁ་རྗེ་དང་དབང་ཐང་གཏོང་ཕོད། རྐུ་ལག་ཏུ་བཞག་ཀྱང་མི་ལེན་ཞིང་རྫུན་ཁ་ལ་བསླབས་ཀྱང་མི་ཤོད། སེམས་ཁོང་དུ་བདེ་སྡུག་ཆུ་ཡི་གཉེར་མ་བཞིན་མང་ཡང་གདོང་ལ་དགའ་སྐྱོའི་རྣམ་འགྱུར་མི་མངོན། ནང་ཕན་ཚུན་ཅི་ཙམ་མ་མཐུན་ཡང་ཕྱི་དགྲ་དང་ཐུག་ཚེ་གཅིག་རྒྱབ་གཅིག་གིས་འཚོ།  མགོ་རྣ་བ་ལ་བརྩི་སྲུང་ཆེ་བས་ལས་ཅི་ལ་ཐུག་ཀྱང་པུས་མོ་ས་ལ་མི་འཛུགས།  དཔའ་སྙིང་སྟོབས་དང་བློ་ཁོག་མེད་ན་མི་མི་དགོས་ཁྱི་གྲལ་དུ་ཡང་མི་བརྩི།  ལར་ཅི་བྱས་ཀྱང་བློས་ཐུབ་ཀྱི་གྲོགས་ལ་རྩིས་ཐང་ཆེ་སྟེ། གྲོགས་བཟང་པོའི་དོན་དུ་ལུས་སྲོག་འབེན་དུ་འཇོག་དགོས་ཀྱང་དཀའ་བ་སྤུ་ཙམ་མེད་པར་བྱིས་པ་རྩེད་མོའི་གྲྭ་རུ་འཇུག་པ་དང་འདྲ། མདོར་ན། ཕྱི་གཟུགས་དྲུག་ལུས་ཀྱི་ཁོ་ལག་རྫོགས་ཤིང་ནང་སྙིང་སྟོབས་སྤོབས་པའི་རྩལ་ཤུགས་རྒྱས་པའི་ཁམས་པའི་མི་སྤུས་ཙམ། མདོ་དབུས་གཉིས་ཆར་དུ་མཐོང་བ་དཀོན་པས་ཁོ་ཚོས་ཀྱང་ཡིད་སྨོན་གྱི་གནས་སུ་བརྩི་མྱོང་བ་སྟེ། འབྲས་སྤུངས་ཀྱི་ཆོས་རྗེ་ལེགས་པ་ཆོས་འབྱོར་པས་ཁམས་གོ་བོའི་ཡུལ་དུ་སྐུ་འཁྲུངས་པའི་རབ་འབྱམས་པ་བསོད་ནམས་སེང་གེ་ལ། རྒོལ་བ་འདིས་ནི་ཤར་མདོ་ཁམས་སྒང་གི་སྟག་ཕྲུག་གི་རང་གཤིས་གསལ་བར་བསྟན་འདུག  ཅེས་འཐབ་ན་མི་ཐུབ་པ་མེད་པའི་ཁམས་པའི་སྙིང་སྟོབས་ལ་དོན་གྱིས་ཁས་ལེན་གནང༌།  བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱི་མདོ་སྨད་ཆོས་འབྱུང་དུའང༌། མདོ་ཁམས་སྟོད་ཀྱི་ལུགས་གཉིས་ཀྱི་འབྱོར་པར་བསམས་ཚེ་ཨ་མདོའི་ཡུལ་ནི་གླེང་རིན་མེད་པ་ལྟ་བུར་སྣང༌། ཞེས་ཁམས་ཀྱི་སྣོད་བཅུད་གཉིས་ལ་ཚད་མཐོའི་གདེང་འཇོག་མཛད། གཙང་མྱང་སྟོད་ཕྱོགས་སུ་སྐྲུ་འཁྲུངས་པའི་ཀརྨ་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ་འདའ་ཁའི་བཀའ་མོལ་དུ།  ཁོ་བོ་ལ་རང་དབང་ཡོད་ན་ཕྱི་མ་ཁམས་ཀྱི་ཡུལ་གྲུ་ཞིག་ཏུ་སྐྱེ་བ་ལེན་སྙིང་འདོད་དེ། ཁམས་པའི་མི་བློ་སྟོབས་དང་གཞུང་དྲང་དེ་འདྲ་མཆིས་ཚེ་ད་གཟོད་བྱ་གཞག་རླབས་པོ་ཆེ་བསྒྲུབ་ནུས་པ་ཡིན། ཞེས་སྨོན་པའི་ཡུལ་དུ་མཛད།  མཁས་དབང་དགེ་མདུན་ཆོས་འཕེལ་གྱི་ལམ་ཡིག་ལས།  ངོར་ཨེ་ཝཾ་ཆོས་སྡེར་ཁམས་ཀྱི་ཀུན་མཁྱེན་གོ་རམས་པའི་རིགས་ལམ་གྱི་རྗེས་ཤུལ་ནི་ད་ཆ་ལུས་མི་འདུག་ཀྱང་ཞལ་ཤུགས་དེ་ཡི་ལྷག་མ་ད་དུང་ཅུང་ཟད་མཐོང་རྒྱུ་འདུག་ཅེས་བརྗེད་ཐོར་བཏབ། ཉེ་རབས་གཞུང་ས་དགའ་ལྡན་ཕོ་བྲང་གི་མཐོ་རིམ་སྲས་མོ་སྐུ་ཞབས་ཤིག་རྒྱ་ཕེབས་ཀྱི་འགྲུལ་ལམ་ཁམས་ནས་གནང་བའི་ཚེ་ནའང༌། ཁམས་པའི་མི་དེ་ཚོ་གཟུགས་སྟོབས་ཆེ་ཞིང་རང་བཞིན་དྲང་ལ་ཧ་ལས་དགོས་པའི་སྙིང་སྟོབས་ཅན་ཤ་སྟག་འདུག  དེ་ཚོ་དང་བསྔུར་ན། རང་རེའི་དབུས་གཙང་གི་མི་རྣམས་གཉོམ་ཆུང་ནུས་མེད་ཀྱི་ངང་ཚུལ་ཤས་ཆེ་བར་སྣང༌། ཞེས་བྲིས་འདུག་པ་ལྟ་བུས་མཚོན་ནོ།
བོད་ཤར་བྱང་གི་མཐའ་ན་གནས་པའི་ཨ་མདོའི་ཡུལ་རྣམས་ལ་གྱི་ལིང་རྟ་ཡི་ཆོལ་ཁ་ཞེས་བརྗོད་པའི་རྒྱུ་མཚན་ནི། བོད་ལ་མཚོན་ན་ཡུལ་གྲུ་འདི་དག་རྗེས་ལུས་དང་མཐའ་འཁོབ་ཀྱི་གནས་ཡིན་པས། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཐད་ནས་བལྟས་ཀྱང་ཉག་ཧ་ཅང་ཕྲ་ཞིང་འབུར་དུ་ཐོན་པ་ནི་ཅི་ཡང་མེད་མོད། ཐ་སྙད་སྔ་མ་གཉིས་ཀྱི་ཟླ་བོར་བརྗོད་བདེ་བའི་ཆེད་དུ་དུད་འགྲོ་རྟ་ཡི་བསྟན་པ་དར་ས་ཞེས་པའི་ཚིག་འདི་བླ་ཐབས་སུ་བསྣན་པ་ཨེ་ཡིན་སྙམ། ཡང་ན་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ། མདོ་སྨད་ཟི་ལིང་གི་རྟ་ཕོ་ཞེས་བཞོན་རྟ་སྐས་འཛེགས་ལ་མ་བརྟེན་པར་ཞོན་མི་ཐུབ་པ་འགྲོས་དང་གོམ་པ་གློག་ཞགས་འཁྱུག་པ་ལྟ་བུ་ཡོད་ཅེས་ཐོས་མྱོང་བ་དེ་བདེན་པ་ཡིན་ཚེ། ཨ་མདོ་ཡུལ་ན་མི་སྤུས་ལ་གླེང་རིན་མེད་ཀྱང་རྟ་སྤུས་ས་ཆ་གཞན་ལས་ཅུང་བཟང་བ་ཡིན་ཤས་ཆེ།
དེ་དག་ནི་ཁ་སང་གི་ལོ་རྒྱུས་ལ་ཕྱི་མིག་ཙམ་བལྟས་པ་ཡིན་ལ། འདིར་བརྗོད་འདོད་པའི་སྐད་ཆ་དངོས་ནི་དེ་རིང་གི་གནད་དོན་ཞིག་སྟེ། བོད་ས་དུམ་བུ་གསུམ་པོར་དམ་པ་ཆོས་ཀྱི་ཆོལ་ཁ་ཞེས་སོགས་སྔོན་ཆད་ཀྱི་འབོད་སྲོལ་རྙིང་པ་དེ་ཚོ་རང་འཇགས་སུ་བཞག་ན་འོས་ཤིང་འཚམ་པ་ཞིག་ཡོང་མིན་གྱི་ཐད་ནས་བསམ་འཆར་འགའ་ཞིག་འདོན་རྒྱུ་དེ་ཡིན།  དེ་ཡང༌་་་་་་་།   འཕྲོ་མུ་མཐུད་འགོད་རྒྱུ།
·རྩོམ་ཡིག་གོང་མ:གླུ་ཚིག སྒ་སྟོད་ཇོ་བོ་ཞལ་དཀར། །
·རྩོམ་ཡིག་འོག་མ:དབུས་གཙང་ཆོས་ཀྱི་ཆོལ་ཁའི་སྐོར།༢
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་རྩོམ་ཡིག
·བོད་ཡུལ་ཆོལ་ཁ་གསུམ་ལས་མདོ་སྨད་རྟ་ཡི་ཆོལ་ཁའི་སྐོར། 2012/2/22 9:14:52
·མདོ་སྟོད་མི་ཡི་ཆོལ་ཁའི་སྐོར།༣ 2012/2/10 11:11:05
·དབུས་གཙང་ཆོས་ཀྱི་ཆོལ་ཁའི་སྐོར།༢ 2012/2/2 10:08:09
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 6:50:07 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 9:26:20 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 14:01:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS