ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

འབྱུང་ཁམས་རྣམ་གཞག་སྐོར་གླེང་བ།

  རྩོམ་པ་པོ:པདྨ་ཆོས་འཕེལ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1768ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/5/12 13:37:23ཚོགས་ཡར་སྤྲོད:admin
འབྱུང་ཁམས་རྣམ་གཞག་སྐོར་གླེང་བ།
 
པདྨ་ཆོས་འཕེལ།
 
   ༄༅། །སའི་གོ་ལ་འདི་དང་བཅས་པའི་སྐར་ཚོགས་བཀྲ་བའི་འཇིག་རྟེན་གྱི་ཁམས་ཇི་ལྟར་བྱུང་བ་ཡིན་ནམ། དད་པའི་རྗེས་འབྲངས་ཚོས་འཇིག་རྟེན་བཀོད་པ་པོས་བྱས་པར་སྨྲ་ལ། རིགས་པ་འཚོལ་བ་རྣམས་ཀྱིས་ཆོས་ཉིད་ཇི་ལྟ་བས་བྱུང་བར་འདོད། དེང་རབས་ཚན་རིག་ལ་སའི་གོ་ལར་བཅས་པའི་འཇིག་རྟེན་གྱི་ཁམས་བྱེ་བྲག་པ་འདི་མི་ལོ་དུང་ཕྱུར་བརྒྱ་དང་ལྔ་བཅུ་ཙམ་གྱི་གོང་རོལ་ན་རྡུལ་ཕྲན་འབར་གས་ཆེན་པོ་གཅིག་ལས་བྱུང་བར་གྲགས་ཆེ། བོད་སྔ་རབས་ཀྱི་མཁས་པ་རྣམས་མངོན་པ་དང་དུས་འཁོར་ལུགས་ལྟར། སྤྱིར་བསྐལ་པ་ལ་ཐོག་མཐའ་མེད་ཅིང་ཞིང་གི་རྡུལ་འབྱམས་སུ་ཀླས་པ། བསྐལ་པ་དང་འཇིག་རྟེན་བྱེ་བྲག་པ་རེ་རེ་ལ་ཆགས་གནས་འཇིག་སྟོང་བཞིར་བཤད་དེ། དངོས་ཀུན་ཕུང་པོ་ལྔར་བྱས་པ་ལས་གཟུགས་ཀྱི་ཕུང་པོའང་ཆ་ཤས་དུ་མ་སྤུངས་པར་དགོངས་ནས། འཇིག་རྟེན་འདི་ཐོག་མར་རྡུལ་ཕྲན་འདབ་འབྱར་ནས་ཆགས་པར་བཞེད། དེ་ལ་གཟུགས་ཀྱི་འཇིག་རྟེན་འདི་རྡུལ་ཕྲན་རྣམས་ཇི་ལྟར་སྤུངས་ནས་གྲུབ་ཚུལ་བཤད་པ་ལ་འབྱུང་བ་བཞི་ཞེས་པའི་ཐ་སྙད་བྱུང་། དེ་ནི་མི་ལོ་ཉིས་སྟོང་ལྷག་གི་སྔ་རོལ་ན་བྱོན་པའི་འཛམ་གླིང་ཤར་ནུབ་ཀྱི་དྲན་དབང་རྣམ་པས་མགྲིན་གཅིག་ཏུ་བཞེད་པའི་རང་བྱུང་མཚན་ཉིད་རིག་པའི་ལྟ་ཚུལ་ཡོངས་གྲགས་ཤིག་ཏུ་སྣང་ངོ་། །
    མདོ་ལས། ཀྱེ་གོའུ་ཏ་མ་ས་ཅི་ལ་རྟེན་ལགས། བྲམ་ཟེ་ས་ནི་ཆུ་ལ་རྟེན་ནོ། །ཀྱེ་གོའུ་ཏ་མ་ཆུ་ཅི་ལ་རྟེན་ལགས། བྲམ་ཟེ་ཆུ་ནི་རླུང་ལ་རྟེན་ནོ། །ཀྱེ་གོའུ་ཏ་མ་རླུང་ཅི་ལ་རྟེན་ལགས། བྲམ་ཟེ་རླུང་ནི་ནམ་མཁའ་ལ་རྟེན་ནོ། །ཀྱེ་གོའུ་ཏ་མ་ནམ་མཁའ་ཅི་ལ་རྟེན་ལགས། བྲམ་ཟེ་ཧ་ཅང་ཐལ་ཆེས་ཏེ་བྲམ་ཟེ་ནམ་མཁའ་ནི་རྟེན་མེད་པ་སྣང་བ་མེད་པ་དམིགས་པ་མེད་པའོ། ། ཞེས་དང་། མངོན་པ་ཀུན་བཏུས་ལས། གཟུགས་ཀྱི་ཕུང་པོའི་རྣམ་པར་གཞག་པ་གང་ཞེ་ན། གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ། །འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན། སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་སོ། །ཞེས་དང་། མངོན་པ་མཛོད་ལས། འབྱུང་བ་དག་ནི་ས་ཁམས་དང་། །མེ་དང་ཆུ་དང་རླུང་ཁམས་རྣམས། ། ་་་་་་དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཆུ་རྔམས་འབུམ་ཕྲག་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུའོ། །ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། ། སོགས་བྱུང་།
    གནའ་བོའི་རྒྱ་གར་དུ་ཕྱི་རོལ་པའི་གྲུབ་མཐའ་སྨྲ་བའི་ཕྱི་མོར་གྲགས་པ་གྲངས་ཅན་པའི་ལུགས་ལ་འབྱུང་བ་ལྔ་ནི་ཤེས་བྱའི་གྲངས་ཉེར་ལྔའི་བྱེ་བྲག་ཏུ་འདོད་དེ། གྲུབ་མཐའ་རིན་ཆེན་ཕྲེང་བ་ལས། ཤེས་བྱ་ཐམས་ཅད་ཉི་ཤུ་རྩ་ལྔར་གྲངས་ངེས་པར་འདོད་པ་ལ། དེ་ཡང་བདག་དང་། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། དེ་ཙམ་ལྔ་དང་། དབང་པོ་བཅུ་གཅིག་དང་། འབྱུང་བ་ལྔ་སྟེ་ཉི་ཤུ་རྩ་ལྔའོ་་་་་་འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་རྣམས་སོ་ཞེས་བྱུང་། ཞང་བོད་ཤེས་རིག་སྨྲ་བའི་མཁས་དབང་ནམ་མཁའི་ནོར་བུས། བོན་གྱི་ལོ་རྒྱུས་རྣམས་ནས། བསྐལ་པ་ཡ་ཐོག་ཏུ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་བཅས་འབྱུང་བ་ལྔ་ཡི་དྭངས་མ་འདུས་པ་ལས། སྲིད་པའི་སྒོ་ང་ཆེན་པོ་གཅིག་ཏུ་སྲིད་པ་དང་། དེ་ལ་རིམ་བཞིན་སྒོ་ང་ཆེན་པོ་བཅོ་བརྒྱད་བྱུང་བའི་ནང་ནས། སྒོ་ང་གཅིག་ལས་བོད་ཀྱི་མི་རིགས་བྱུང་བའི་ཚུལ་བཤད་ཡོད་རེད་ཅེས་གསུངས།  གནའ་བོའི་གྷ་རེ་སེའི་མཚན་ཉིད་སྨྲ་བ་ཐོག་མར་བསྔགས་པ་ཐ་ལེ་སི་ཞེས་པས་འཇིག་རྟེན་འདི་ཐོག་མར་ཆུ་ལས་བྱུང་བར་བཤད། དེ་ནས་འཇིག་རྟེན་ཐོག་མར་རླུང་ལས་བྱུང་བ། ས་ལས་བྱུང་བ། མེ་ལས་བྱུང་བ་སོགས་འདོད་མཁན་སྣ་ཚོགས་བྱུང་། མཐར་མཚན་ཉིད་སྨྲ་བ་ཨེམ་པེ་དོ་ཁ་ལེས་ཞེས་པས་འདོད་ཚུལ་དེ་རྣམས་སྤྱི་བསྡོམས་བྱས་ཏེ་ས་ཆུ་མེ་རླུང་བཞི་པོ་འཇིག་རྟེན་གྱི་འབྱུང་གཞི་ཡིན་པར་བཤད། རྒྱ་ནག་གི་གནའ་བོའི་ཤེས་རིག་ལས་ཀྱང་འཇིག་རྟེན་འདི་ཤིང་མེ་ས་ལྕགས་ཆུའི་འབྱུང་བ་ལྔ་ལས་བྱུང་བར་བཤད་ཅིང་། རིག་པ་དེ་ལས་བྱུང་བའི་འབྱུང་རྩིས་ནི་ད་ལྟའང་བོད་ཀྱི་སྲོལ་རྒྱུན་རྩིས་རིག་གི་ཡ་གྱལ་ཏུ་བགྲངས། དེ་ལྟར་འབྱུང་བའི་རྣམ་གཞག་འདི་དུས་ནམ་ཞིག་ནས་རིགས་པ་སྨྲ་བ་གང་གི་ལུགས་ལ་ཐོག་མར་བྱུང་བ་དང་། ཡུལ་ལམ་གྲུབ་མཐའ་གང་ནས་གང་ལ་ཕར་དར་བ་ཡིན་མིན་སོགས་ཁ་ཚོན་གཅོད་དཀའང་། དེ་ཉིད་མིའི་རིགས་ལ་ཆེས་སྔ་མོའི་དུས་ནས་ཡོངས་སུ་གྲགས་པའི་རང་བྱུང་མཚན་ཉིད་རིག་པའི་རྣམ་གཞག་ཅིག་ཡིན་པ་གསལ་པོ་རེད།
དང་པོ། འབྱུང་བ་ཞེས་པ་རྒྱུའི་དོན་ཡིན་པ།
༄༅། །སྤྱིར་འབྱུང་བ་ཞེས་པ་རང་འབྲས་འབྱུང་བར་བྱེད་པ་རྒྱུའི་དོན་ལ་འཇུག་སྟེ། བརྡ་སྤྲོད་ལུགས་སུ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་འབྱུང་ཞེས་པ་ལ། འབྱུང་བར་བྱ་བ། འབྱུང་བར་བྱེད་པ། བྱུང་ཟིན་པ་བཅས་བྱ་བའི་དུས་གསུམ་གཟུགས་འགྱུར་ཞིང་འབྱུང་བྱེད་དམ་འབྱུང་བ་ཞེས་དངོས་པོ་བདག་སྟོན་པའི་སྒྲར་བྱས་པ་མང་། རྒྱུ་འབྲས་བརྟེན་འབྱུང་གི་ཆ་ནས་བཤད་ན། འབྱུང་བྱེད་དམ་འབྱུང་བ་ནི་རྒྱུ་དང་། དེ་ལས་བྱུང་བའམ་བྱུང་ཆོས་ནི་འབྲས་བུར་གྲུབ། མངོན་པ་མཛོད་ལས་ཀྱང་། འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུར་ཡིན་པར་འདོད། །ཅེས་སོ། ། དེ་བཞིན་སྒྲ་ལ་ཟིན་པ་དང་མ་ཟིན་པའི་འབྱུང་བ་ལས་གྱུར་པ་གཉིས་བཤད་པའང་ཤེས་པས་ཟིན་པའི་རྒྱུ་དང་མ་ཟིན་པའི་རྒྱུ་ལ་བྱ། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཀྱི་སྐབས་ཀྱང་ནས་ལས་གཉིས་པོས་གཙོ་བོར་རྒྱུའི་རྣམ་པ་གང་རུང་ཞིག་གསལ་བར་བྱེད་ཅིང་། རྒྱུ་ལ་ནི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་ཅི་རིགས་སུ་ཐལ། མཛོད་འགྲེལ་མཚན་ཉིད་རྗེས་འབྲངས་ལས། གཟུགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་འབྱུང་གནས་དག་གོ །ཞེས་བྱུང་། དེས་ན་འབྱུང་བ་ཞེས་པ་སྤྱིར་རྒྱུའོ་ཅོག་གི་དོན་དུ་གོ་རུང་བ་ལས་འབྱུང་བ་བཞི་ཞེས་བྱེ་བྲག་ཏུ་བཤད་པ་ནི། སྔ་རབས་མཚན་ཉིད་སྨྲ་བས་གྲུབ་མཐའ་རང་ངོའི་ཤེས་བྱ་གཞིའི་གནས་ལུགས་གཏན་ལ་འབེབས་སྐབས་བེམ་པོ་གཟུགས་ཀྱི་གྲུབ་ཚུལ་གསལ་བཤད་བགྱིད་པའི་རྣམ་གཞག་ཅིག་ཏུ་སྣང་ངོ་། །
    མཛོད་ལས། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །ཞེས་དང་། འཇུ་མི་ཕམ་གྱི་མཁས་འཇུག་ལས། དེ་ལ་གཟུགས་སུ་རུང་བའི་མཚན་ཉིད་ཅན་གྱི་ཕུང་པོ་དེ་ལ་དབྱེ་ན། རྒྱུ་གཟུགས་བཞི་དང་འབྲས་གཟུགས་བཅུ་གཅིག་གོ །རྒྱུ་ནི་འབྱུང་བ་ཆེན་པོ་བཞི་སྟེ་་་་་་ཞེས་གསུངས། འབྱུང་བ་ས་ཆུ་མེ་རླུང་བཞིས་འབྲས་གཟུགས་ཀྱི་རྒྱུ་ཇི་ལྟར་བྱེད་ཅེ་ན། རྒྱུ་རྣམ་པ་ལྔའི་སྒོ་ནས་ཡིན་ཏེ། མངོན་པ་ཀུན་བཏུས་ཀྱི་རྣམ་བཤད་སློབ་དཔོན་རྒྱལ་བའི་སྲས་ཀྱི་མཛད་པ་ལས། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ནི་སྐྱེད་པ་དང་། རྟེན་པ་དང་། གནས་པ་དང་། རྟོན་པ་དང་། འཕེལ་བ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །འབྱུང་བ་དག་རྒྱུར་བྱས་པའི་གཟུགས་ལ་རྒྱུ་རྣམ་པ་ལྔའི་དབང་དུ་བྱས་ནས་སྐྱེད་པ་ལ་སོགས་པའི་རྒྱུ་ཉིད་ཡིན་ཏེ། འབྱུང་བའི་རྒྱུ་ཉིད་ནི་འདི་དག་མེད་ན་དེ་མི་འབྱུང་བའི་ཕྱིར་རོ། །འཇུག་པའི་རྒྱུ་ཉིད་ནི་འབྱུང་བ་རྣམས་བསལ་ན་རྒྱུར་བྱས་པའི་གཟུགས་ལ་ལོགས་ཤིག་ཏུ་ཡུལ་གནོད་པའི་མཐུ་མེད་པའི་ཕྱིར་རོ། །རྗེས་སུ་འགྱུར་བའི་རྒྱུ་ཉིད་ནི་འབྱུང་བ་གྱུར་ན་དེ་ལ་གནས་པའི་རྒྱུར་བྱས་པའི་གཟུགས་ཀྱང་འགྱུར་བའི་ཕྱིར་རོ། །གནས་པར་བྱེད་པའི་རྒྱུ་ཉིད་ནི་མཚུངས་པར་འབྱུང་བའི་དུས་ན་འབྱུང་བ་རྣམས་ཀྱི་རྒྱུར་བྱས་པའི་གཟུགས་ཀྱི་རྒྱུད་རྒྱུན་མི་འཆད་པའི་ཚུལ་དུ་འཛིན་པའི་ཕྱིར་རོ། །འཕེལ་བར་བྱེད་པའི་རྒྱུ་ཉིད་ནི་འཕེལ་བའི་དུས་ན་འབྱུང་བ་རྣམས་ཀྱིས་རྒྱུར་བྱས་པའི་གཟུགས་ཡོངས་སུ་རྒྱས་པར་བྱེད་པའི་ཕྱིར་རོ། ། ཞེས་དང་། མཛོད་འགྲེལ་མཚན་ཉིད་རྗེས་འབྲངས་ལས་ཀྱང་། ཇི་ལྟར་འབྱུང་བ་ཆེན་པོ་རྣམས་འདིའི་རྒྱུ་ཡིན་ཞེ་ན། དེའི་ཕྱིར་སྐྱེད་པ་ལ་སོགས་པའི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དེ། སྐྱེད་པ་དང་། རྟེན་པ་དང་། གནས་པ་དང་། རྟོན་པ་དང་། འཕེལ་བར་བྱེད་པའི་རྒྱུའི་ངོ་བོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་རྡུལ་ཕྲན་བསགས་པའི་གཟུགས་ཕུང་རྣམས་རང་རེའི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ནི་འབྱུང་བ་བཞི་ཡི་རྒྱུ་ལ་བརྟེན་པ་འབའ་ཞིག་སྟེ། འབྱུང་བ་བཞི་མེད་ན་གཟུགས་ཐམས་ཅད་མི་འབྱུང་། འབྱུང་བ་རྣམས་བསལ་ན་གཟུགས་ཟེར་བ་ལོགས་སུ་འཇོག་ཐབས་བྲལ། འབྱུང་བ་འགྱུར་ན་དེ་ལ་གནས་པའི་གཟུགས་ཀྱང་འགྱུར། བརྟན་ན་གཟུགས་ཀྱི་རྒྱུད་རྒྱུན་མི་འཆད་པ། འཕེལ་བའི་དུས་ན་གཟུགས་ཡོངས་སུ་རྒྱས་པར་བྱེད་པ་ནི་ཕྱི་ཡུལ་གྱི་གནས་ལུགས་བསྙོན་མེད་ཡིན་ལ། འགྲེལ་ཚུལ་འདི་ལྟར་བྱས་ཚེ། འབྱུང་བ་བཞིའི་རྣམ་གཞག་ནི་དེང་རབས་དངོས་ཁམས་རིག་པས་བེམ་པོ་གཟུགས་ཀྱི་རྣམ་པ་སྲ་གཤེར་རླུང་གསུམ་དུ་བཤད་པ་དང་ཆ་མཐུན་པར་སྣང་ངོ་། །
གཉིས་པ། མཚན་ཉིད་རིག་པའི་ས་ཆུ་མེ་རླུང་།
     དེ་ཡང་འབྱུང་བའམ་ཁམས་སུ་བགྲང་བའི་ས་ཆུ་མེ་རླུང་དང་འཚོ་བའི་ཐ་སྙད་ཀྱི་ས་ཆུ་མེ་རླུང་ཟེར་བ་དོན་ཐ་དད་དེ། མཛོད་རྩ་འགྲེལ་ལས། ས་ལ་སོགས་དང་། སའི་ཁམས་ལ་སོགས་པ་ལ་བྱེ་བྲག་ཅི་ཡོད་ཅེ་ན། འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །འདི་ལྟར་ས་སྟོན་ན་ཁ་དོག་དང་དབྱིབས་སྟོན་པར་བྱེད་དོ། །ས་ལ་ཇི་ལྟ་བ་བཞིན་དུ་ཆུ་མེ་ཡང་ངོ་། །ཞེས་དང་། མཛོད་འགྲེལ་མཚན་ཉིད་རྗེས་འབྲང་ལས། ཁམས་སྨོས་པ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཀྱི་ས་ལ་སོགས་པ་བསལ་བར་བྱ་བའི་ཕྱིར་ཏེ། གཞན་དུ་བཤད་ན་དེ་དག་ལ་ཡང་ཐལ་བར་འགྱུར་རོ་་་་་་ས་ལ་སོགས་པའི་ཕུང་པོ་དག་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་དག་གོ །ཞེས་ནམ་རྒྱུན་འཚོ་བའི་ཁྲོད་ས་རྐོ་བའམ། ཆུ་འཐུང་ངམ། མེ་འབར་རམ། རླུང་འཚུབ་ཅེ་བའི་ཐ་སྙད་དག་ནི་འཇིག་རྟེན་ཡོངས་གྲགས་ཀྱི་འཚོ་བའི་ཐ་སྙད་དུ་ཟད་ཀྱི། འབྱུང་བར་བགྲང་བའི་ས་ཆུ་མེ་རླུང་ནི་མཚན་ཉིད་རིག་པའི་བརྡ་ཆད་ཡིན་ནོ། ། འོ་ན་མཚན་ཉིད་རིག་པས་བཤད་པའི་ས་ཡི་ཁམས་སོགས་ཇི་ལྟ་བུ་ཞེ་ན། མཛོད་ལས། སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །ཞེས་དང་། ཀུན་བཏུས་ལས། སའི་ཁམས་གང་ཞེ་ན། སྲ་བ་ཉིད་དོ། །ཆུའི་ཁམས་གང་ཞེ་ན། གཤེར་བ་ཉིད་དོ། ། མེའི་ཁམས་གང་ཞེ་ན། ཚ་བ་ཉིད་དོ། །རླུང་གི་ཁམས་གང་ཞེ་ན། ཡང་ཞིང་གཡོ་བ་ཉིད་དོ། །ཞེས་དང་། མཛོད་འགྲེལ་མངོན་པའི་རྒྱན་ལས། ས་ལ་སོགས་པའི་མཚན་ཉིད་གང་ཞེ་ན། སྲ་ཞིང་འཐས་པ་དང་། རླན་ཞིང་གཤེར་བ་དང་། དྲོ་བ་ཉིད་དང་། ཡང་ཞིང་གཡོ་བ་རྣམས་ཏེ་གོ་རིམ་བཞིན་ནོ། །ཞེས་དང་། ཚད་མའི་གཞུང་དོན་འབྱེད་པའི་བསྡུས་གྲྭའི་རྣམ་གཞག་རིགས་ལམ་འཕྲུལ་གྱི་ལྡེ་མིག་ལས། སའི་མཚན་ཉིད་ཡོད་དེ། སྲ་ཞིང་འཐས་པ་དེ་དེ་ཡིན་པའི་ཕྱིར། ཆུའི་མཚན་ཉིད་ཡོད་དེ། རླན་ཞིང་གཤེར་བ་དེ་དེ་ཡིན་པའི་ཕྱིར། མེའི་མཚན་ཉིད་ཡོད་དེ། ཚ་ཞིང་སྲེག་པ་དེ་དེ་ཡིན་པའི་ཕྱིར། རླུང་གི་མཚན་ཉིད་ཡོད་དེ། ཡང་ཞིང་གཡོ་བ་དེ་དེ་ཡིན་པའི་ཕྱིར། ཞེས་འབྱུང་བ་བཞིའི་མཚན་ཉིད་གཏན་ལ་འབེབས་སོ། །མཚན་ཉིད་དེ་ལྟར་འཇོག་ན་དེ་རྣམས་ལ་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་གྲུབ་དགོས་ཏེ། འབྱུང་བ་ས་ཡིན་(ཡོད། མིན། མེད། )ན་སྲ་ཞིང་འཐས་པ་ཡིན་(ཡོད། མིན། མེད། )པས་ཁྱབ། སྲ་ཞིང་འཐས་པ་ཡིན་(ཡོད། མིན། མེད། )ན་འབྱུང་བ་ས་ཡིན་(ཡོད། མིན། མེད། )པས་ཁྱབ་ཅིང་། དེ་བཞིན་དུ་འབྱུང་བ་ཆུ་མེ་རླུང་སོགས་ལའང་རང་གི་མཚན་ཉིད་དང་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ། ཡོད་ན་ཡོད་མཉམ་དང་མེད་ན་མེད་མཉམ་གྱི་ཁྱབ་པ་ངེས་དགོས་སོ། །དེ་ལྟར་ཁྱབ་མཐའ་འགོད་པའི་བརྒྱུད་རིམ་ཡོངས་རྫོགས་ནི་འབྱུང་བཞིའི་རྣམ་གཞག་འདི་དེང་རབས་དངོས་ཁམས་རིག་པའི་གཟུགས་ཀྱི་རྣམ་པ་གསུམ་དྲོད་དང་བཅས་པའི་སྟེང་དུ་ཡོངས་སུ་ཁྱབ་པར་སྒྲུབ་བྱེད་ཀྱི་རིགས་པ་ཁུངས་བཙན་ཞིག་ཏུ་གྱུར་འདུག་སྟེ། འབྱུང་བ་སར་སྣང་བའི་གཟུགས་ནི་སྲ་བའི་བདག་ཉིད་ཅན་གྱི་སྲ་གཟུགས་དང་། འབྱུང་བ་ཆུར་སྣང་བའི་གཟུགས་ནི་རླན་ཞིང་གཤེར་བའི་བདག་ཉིད་ཅན་གཤེར་གཟུགས། འབྱུང་བ་རླུང་དུ་སྣང་བའི་གཟུགས་ནི་ཡང་ཞིང་གཡོ་བའི་བདག་ཉིད་ཅན་གྱི་རླུང་གཟུགས། འབྱུང་བ་མེ་ནི་སྲ་གཤེར་རླུང་གཟུགས་ཕན་ཚུན་འགྱུར་བར་བྱེད་པའི་ཚ་བའམ་དྲོད་ཀྱི་བདག་ཉིད་དུ་གནས་པས་སོ། །
     དེ་ཡང་དེང་རབས་དངོས་ཁམས་རིག་པས་བེམ་གཟུགས་རགས་པ་ལ་རྒྱུན་མཐོང་གི་རྣམ་གསུམ་བཤད་དེ། སྲ་གཟུགས་དང་གཤེར་གཟུགས་དང་རླུང་གཟུགས་སོ། །དེ་གསུམ་ཡང་དྲོད་སྟོབས་ཆེ་ཆུང་གིས་ཕན་ཚུན་གཅིག་ནས་གཅིག་ཏུ་འགྱུར་བ་སྟེ། དཔེར་ན་ཆུ་ཕོར་པ་གང་དྲོད་ཚད་དང་བསྟུན་ནས་འཁྱགས་པ་དང་རླངས་པར་འགྱུར་རུང་བ་ལྟ་བུའོ། ། རྫས་རིགས་མི་འདྲ་བའི་འབྱུང་ཁམས་འགྱུར་བྱེད་ཀྱི་དྲོད་ཚད་མི་འདྲ་ལ། ཤེལ་ལྟ་བུ་དྲོད་ཤུགས་དང་བསྟུན་ནས་རིམ་གྱིས་འགྱུར་བ་དང་། ཆུ་ལྟ་བུ་དྲོད་ཚད་ངེས་ཅན་ཞིག་སླེབས་ཚེ་འཕྲལ་དུ་འགྱུར་བ་རིགས་གཉིས་ཡོད། འོན་ཀྱང་བེམ་རྫས་ཤིག་འབྱུང་ཁམས་ཕན་ཚུན་འགྱུར་བྱེད་ཀྱི་དྲོད་ཚད་ལ་མཐའ་གཅིག་ཏུ་ངེས་བཟུང་མེད་དེ། སའི་གོ་ལའི་རླུང་ཁམས་ཆེན་པོའི་གནོན་ཤུགས་ཚད་ལྡན་གྱི་ཆ་རྐྱེན་འོག་རྫས་རིགས་འགའ་ཞིག་གི་འབྱུང་ཁམས་འགྱུར་བའི་དྲོད་ཚད་དཔེར་ན།
 
རྫས།
གྲུབ་ཚུལ།
སྲ་བ་ནས་གཤེར་བར་འགྱུར་བའི་དྲོད་ཚད།
རླུང་འགྱུར་གྱི་དྲོད་ཚད།
དབྱང་རླུང་།
O2
ས་ཁམས།<-218℃≤ ཆུ་ཁམས།
-183℃≤
ཆུ།
H2 O
ས་ཁམས།< 0℃ ≤ ཆུ་ཁམས།
100℃≤
དངུལ་ཆུ།
 
ས་ཁམས།< 38.8℃ ≤ ཆུ་ཁམས།
357℃≤
ལྕགས།
Fe
ས་ཁམས།<  1535℃ ≤ ཆུ་ཁམས།
2750℃≤
     དེ་ལྟར་སྤྱིར་བེམ་རྫས་རགས་པ་ཞིག་མེའི་སྟོབས་ཆེ་ཆུང་དབང་གིས་ས་ཆུ་རླུང་ཁམས་གསུམ་ཅི་རིགས་སུ་སྣང་བར་འགྱུར་རོ། །
 
གསུམ་པ། རྡུལ་ཕྲ་རབ་དང་ཆ་རྡུལ།
    དེ་ཡང་བེམ་རྫས་རགས་པ་ཞིག་མེའི་སྟོབས་ཆེ་ཆུང་གིས་ས་ཆུ་རླུང་ཁམས་གསུམ་དུ་ཕན་ཚུན་འགྱུར་བའི་ཚུལ་ནི་རྡུལ་ཕྲན་གྱི་རྣམ་གཞག་སྟེང་ནས་འགྲེལ་བཤད་བྱེད་དགོས། རྡུལ་ཕྲན་ཞེས་པ་ཕྲ་བའི་གཟུགས་སུ་གནས་པ་ང་ཚོའི་སྒོ་ལྔའི་དབང་ཤེས་རགས་པ་འདི་རང་ལ་མཚོན་ན་ལྐོག་ཏུ་གྱུར་ཀྱང་། འཕགས་པའི་མཉམ་བཞག་ཡེ་ཤེས་སམ་རྟོག་གེའི་རིགས་པ་རྣོན་པོས་དཔྱད་ན་ཡོད་དགོས་པ་སྟེ། དཔྱད་པས་གཟུགས་སུ་ཡོད་པའོ། །མངོན་པ་ཀུན་བཏུས་ལས། གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅན་ཅི་ཞེ་ན། གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས་གཟུགས་སུ་ཡོད་པའི་མཚན་ཉིད་དེ། རེག་པས་གཟུགས་སུ་ཡོད་པ་དང་། ཡུལ་དཔྱད་པས་གཟུགས་སུ་ཡོད་པའོ། །ཞེས་གཟུགས་རགས་པ་རྣམས་སྒོ་ལྔའི་དབང་ཤེས་ཀྱིས་རེག་པས་གཟུགས་སུ་ཡོད་ལ། རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་སོགས་གཟུགས་ཕྲ་བ་དང་སྟོང་གསུམ་འཇིག་རྟེན་གྱི་ཁམས་སོགས་ཤིན་ཏུ་རྒྱས་པ་རྣམས་ནི་སྔོན་དཔྱད་པ་ཁོ་ནས་གཟུགས་སུ་ཡོད་ལ། ད་ལྟ་ཕྲ་ཤེལ་དང་རྒྱང་ཤེལ་སོགས་ཀྱིས་མངོན་སུམ་དུ་ར་འཕྲོད་བཞིན་མཆིས། དེ་ཡང་རྡུལ་ཕྲ་རབ་དང་དེའི་ཆ་ཚད་བསྟན་པའང་ཕྲ་བའི་ཚུལ་གསལ་བྱེད་དྲང་དོན་ཐབས་མཁས་ཀྱི་རྣམ་གཞག་ཙམ་དུ་རུང་གི ། རྡུལ་ཕྲ་རབ་ཟེར་བ་རྡུལ་ཕྲན་རང་མཚན་པ་ཞིག་ཏུ་ངོས་འཛིན་ན་ནི་ཁས་ལེན་སྟབས་མི་བདེ་བ་མང་དུ་ཐལ་ལོ། ། མངོན་པ་མཛོད་ལས། སྐད་ཅིག་ཕྲ་རབ་རྡུལ་()དང་ནི། །རྡུལ་ཕྲན་()དང་ནི་དེ་བཞིན་དུ། །ལྕགས་()ཆུ་()རི་བོང་()ལུག་()དང་གླང་()། །ཉི་ཟེར་རྡུལ་()དང་སྲོ་མ་()དང་། །དེ་ལས་བྱུང་(༡༠)དང་དེ་བཞིན་ནས(༡༡)། །སོར་ཚིགས་(༡༢)ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །ཅེས་གསུངས་པ་བཞིན་ནས་འབྲུ་རྡོག་གཅིག་ནི་རྡུལ་ཕྲ་རབ་བདུན་འགྱུར་བཅུ་གཅིག་གི་ཚད་དུ་གནས་པས། དེ་རྡུལ་ཕྲ་རབ་ཀྱི་གྲངས་སུ་བསྒྱུར་ན(1×7×7×7×7×7×7×7×7×7×7=710=282475249)རྡུལ་ཕྲ་རབ་དུང་ཕྱུར་གསུམ་ལ་ཉེ་བ་ཞིག་ཡོད་པར་གསལ། འོན་ཏེ་གོང་ཞུས་ལྟར་རིགས་པས་དཔྱད་དེ་འཇོག་པའི་གྲངས་ཀ་འདི་རིགས་ལ་ངེས་བཟུང་མི་རུང་སྟེ་རྡུལ་ཕྲ་རབ་ཟེར་བ་ཤིན་ཏུ་ཆུང་བའི་ཚད་ཤེས་བྱེད་ཙམ་ཡིན་སྲིད་ལ། སྤྱོད་འཇུག་ལས། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་པ་ལྟར་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་དེ་ནང་པའི་གྲུབ་མཐའ་འོག་མའི་འདོད་ཚུལ་ཙམ་ལས། ནང་བསྟན་མཚན་ཉིད་རིག་པའི་འདོད་ཚུལ་མཐར་ཐུག་མིན་ནོ། ། དེ་ལྟར་རྟོག་གེ་པས་གཟུགས་ཀྱི་ཆུང་མཐའ་རྡུལ་ཕྲ་རབ་ཤིན་ཏུ་ཆུང་བར་བྱས་མོད། དེང་རབས་ཚན་རིག་གིས་འཕྲུལ་སྤྱད་ཀྱིས་ཡང་ཡང་བརྟགས་ནས་རྟོག་གེ་པས་བཞག་པའི་རྡུལ་ཕྲ་རབ་ཀྱི་ཚད་ལས་ཀྱང་རབ་ཏུ་ནས་རབ་ཏུ་ཕྲ་བར་གནས་པའི་ཆ་རྡུལ་དང་མ་རྡུལ་དང་གློག་རྡུལ་སོགས་རིམ་པར་ཕྱེའོ། །
དེ་ལས་ཆ་རྡུལ་ནི་འབྱུང་བཞིའི་རྣམ་གཞག་དང་འབྲེལ་བ་ཤིན་ཏུ་ཆེ། “ཚན་རིག་པའི་ངོས་འཛིན་ལྟར་ན། ཆ་རྡུལ་ནི་གཟུགས་ཕྲ་མོའི་འཇིག་རྟེན་ནང་གི་རྡུལ་ཆེ་ཤོས་དེ་ཡིན། སྤུས་ཚད་ཁེ་(kg)10-11ནས་10-25དང་། ཆ་ཚད་ལི་སྨིས་(cm)10-3ནས་10-5ཙམ་ཡོད། དེ་ནི་བེམ་པོའི་ནང་རང་རྐྱར་གནས་ཐུབ་ཅིང་བེམ་རྫས་རིགས་ཤིག་གི་ངོ་བོའམ་རྫས་འགྱུར་རང་བཞིན་(གཤམ་དུ་བརྗོད་བདེ་བའི་ཆེད་རྫས་འགྱུར་རང་བཞིན་ལ་ངོ་བོ་ཞེས་བྱའོ། །)ཆ་ཚང་ལྡན་པའི་རྡུལ་ཕྲན་ཆུང་ཤོས་ཡིན། ཆ་རྡུལ་ལ་རྐྱང་རྫས་ཀྱི་ཆ་རྡུལ་དང་འདྲེས་འགྱུར་རྫས་ཀྱི་ཆ་རྡུལ་གཉིས་ཡོད་ཅིང་། རྐྱང་རྫས་ཀྱི་ཆ་རྡུལ་ནི་རྫས་འགྱུར་གྱི་གཞི་རྒྱུ་རིགས་གཅིག་པའི་མ་རྡུལ་ལས་གྲུབ་པ། དཔེར་ན་དབྱང་གི་ཆ་རྡུལ་དང་དངུལ་ཆུའི་ཆ་རྡུལ་ལྟ་བུ།  འདྲེས་འགྱུར་རྫས་ཀྱི་ཆ་རྡུལ་ནི་གཞི་རྒྱུ་རིགས་ཐ་དད་པ་དུ་མའི་མ་རྡུལ་ལས་གྲུབ་པ། དཔེར་ན་ཆུའི་ཆ་རྡུལ་ལྟ་བུའོ། །” “ཆུ་ཐིགས་པ་གཅིག་གི་ནང་ཆུའི་ཆ་རྡུལ་1.67×1021(ཁྱད་འབྱིན་གཅིག་དང་མི་འཁྲུག་ཆེ་བ་དྲུག་དང་མི་འཁྲུག་བདུན།)ཙམ་ཡོད། གལ་སྲིད་མི་དུང་ཕྱུར་བཅུ་ཐམ་པས་ཆུ་ཐིགས་དེའི་ནང་གི་ཆ་རྡུལ་བགྲང་ན། མི་རེས་སྐར་མ་རེར་ཆུ་རྡུལ་བརྒྱ་རེས་ཉིན་ཞག་བསྟུད་མར་མི་ལོ་ཁྲི་གསུམ་ལྷག་བརྩི་དགོས་པ་དང་། ཚན་རིག་འཕྲུལ་ཆས་ཀྱིས་ཆ་རྡུལ་ཞིག་ལྡབ་འབུམ་ཕྲག་འགའ་ཆེ་རུ་བཏང་ཚེ་གཞི་ནས་མཐོང་ཐུབ།” དེ་ལྟར་དེང་རབས་ཚན་རིག་གིས་ཕྲ་བའི་བེམ་གཟུགས་ཆེ་ཤོས་སུ་མཐོང་བའི་ཆ་རྡུལ་ཞེས་པ་ནི་མཚན་ཉིད་རིག་པས་འཇོག་པའི་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་ལས་ཀྱང་ལྡབ་དུང་ཕྱུར་གྱིས་ཆུང་བར་ཡོད་དོ། ། དེ་ནི་ཀུན་རྫོབ་སྣང་ངོའི་བེམ་རྫས་རིགས་སོ་སོའི་ངོ་བོ་ལྡན་པའི་རྡུལ་ཕྲན་ཆུང་ཤོས་ཀྱང་ཡིན་ཏེ། ཆུ་ཐིགས་གཅིག་ཆ་ཤས་1.67×1021ཐམ་པར་བགོས་པའི་ཆུ་རྡུལ་རེ་རེ་ལ་ད་དུང་ཆུའི་ངོ་བོའམ་རྫས་འགྱུར་རང་བཞིན་ལྡན་ཡོད་པས་དེ་རེ་ལ་ཆུའི་ཆ་རྡུལ་ཟེར། དེ་ལས་ཕྲ་བར་བགོས་ན་ཆུའི་ངོ་བོ་བརླགས་ཏེ་ཆུ་མ་ཡིན་པའི་བེམ་གཟུགས་ཕྲ་མོ་གཞན་འགར་གྱུར་ཏོ། ། དེ་འདྲའི་ངོ་བོ་མི་འདྲ་བའི་ཆ་རྡུལ་རིགས་མཐུན་སོ་སོར་དུ་མ་སྤུངས་ཏེ་བེམ་གཟུགས་རགས་པ་སོ་སོར་སྣང་ངོ་། ། འོན་ཀྱང་བེམ་གཟུགས་རགས་པའི་ནང་གི་ཆ་རྡུལ་རྣམས་སྐད་ཅིག་ཉིད་དུ་གཡོ་ཞིང་ཕན་ཚུན་བར་སྟོང་དང་བཅས་པ་སྟེ། གཡོ་ཚད་དང་བར་སྟོང་ཆེ་ཆུང་ནི་དྲོད་ཚད་དང་འབྲེལ་བ་ཡོད་པས། བེམ་གཟུགས་ལ་གོང་གསལ་ས་ཆུ་རླུང་ཁམས་ཀྱི་འགྱུར་ལྡོག་བྱུང་ངོ་། ། དེའི་ཚུལ་དངོས་ཁམས་གཞུང་ལུགས་ལྟར་ན། “ཆ་རྡུལ་གཡོ་འགུལ་གྱི་མྱུར་ཚད་དེ་དྲོད་ཚད་དང་འབྲེལ་ཞིང་། དྲོད་ཚད་ཇེ་ཙམ་མཐོ་ན་ཆ་རྡུལ་གྱི་གཡོ་འགུལ་ཇེ་དྲག་ཏུ་ཕྱིན་པས། ཆ་རྡུལ་ཕོན་པོ་ཆེའི་གཡོ་འགུལ་དེ་ལ་དྲོད་ཀྱི་གཡོ་འགུལ་ཞེས་བྱ་ཞིང་། དྲོད་ཀྱི་སྣང་ཚུལ་མཐའ་དག་ཀྱང་ཆ་རྡུལ་གཡོ་འགུལ་གྱི་མངོན་ཚུལ་ཞིག་ཡིན་” པར་བཤད་དོ། ། དེར་བརྟེན། མེའི་སྟོབས་ཇེ་ཆེར་འཕེལ་བ་ན་ཆ་རྡུལ་གྱི་གཡོ་ཚད་ཇེ་འཚུབ་དང་ཆ་རྡུལ་དབར་གྱི་བར་སྟོང་ཇེ་ཆེར་བསྐྱེད་ཅིང་གཅིག་ཤོས་དེ་ལས་ལྡོག་ཏེ་ས་ཆུ་རླུང་ཁམས་ཕན་ཚུན་འགྱུར་བ་ཡིན་ནོ། ། དེ་ལྟར་ཆ་རྡུལ་གཡོ་ཚད་དང་བསྟུན་ནས་ཕན་ཚུན་གྱི་བར་སྟོང་ཡང་འགྱུར་བས། “ཆུ་ཁམས་རླུང་ཁམས་སུ་འགྱུར་དུས་བེམ་གཟུགས་རགས་པའི་བོངས་ཚད་ལྡབ་ཆིག་སྟོང་ཙམ་ཆེ་རུ་འཕེལ་བ་དང་། ཆུ་ཁམས་ས་ཁམས་སུ་འགྱུར་དུས་བེམ་གཟུགས་ཤིག་བོངས་ཚད་བརྒྱ་ཆ་བཅུ་ཙམ་ཆུང་དུ་འགྲོ་བའོ། །” དེ་ཡང་རི་མོས་གསལ་བར་བྱེད་ན། 
བཞི་པ། རྡུལ་ཕྲན་སྟེང་གི་ས་ཆུ་མེ་རླུང་གི་རྫས།
    མཛོད་འགྲེལ་མངོན་པའི་རྒྱན་ལས། རྡུལ་ཕྲ་རབ་རྣམས་ནི་ཆ་ཤས་མེད་པའི་ཕྱིར་ཕན་ཚུན་རེག་པ་ནི་མེད་ཀྱི་གཅིག་ལ་དུ་མས་བསྐོར་བའི་བར་དང་བཅས་པ་ཡིན་ཏེ། ཞེས་དང་། ཡང་དེ་ལས། གལ་ཏེ་བསགས་པར་གནས་པ་འདི་དག་གིས་རྡུལ་ཕྲ་རབ་རྣམས་མ་རེག་ན་ཞིག་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ། རླུང་གིས་བཟུང་བའི་ཕྱིར་དང་། རྫས་ཀྱི་མཐུས་ཀྱང་འབྲེལ་བར་བྱེད་པའི་ཕྱིར་ཞེས་སོགས་བྱུང་བས་རྡུལ་ཕྲ་རབ་འདབ་འབྱར་བ་སྟེ་རྫས་ཀྱི་ནུས་པས་ཕན་ཚུན་མ་རེག་པར་བར་སྟོང་ཅན་དུ་སྤུངས་པར་འདོད་དོ། ། དེས་ན་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རེག་པར་འདབ་འབྱར་དུ་གནས་ཐུབ་པའི་རྒྱུ་མཚན་ཅི་ཞེ་ན། ཕུང་པོར་གནས་པའི་རྡུལ་ཕྲ་རབ་རྣམས་ཀྱི་སྟེང་དུ་འབྱུང་བ་བཞིའི་རང་བཞིན་ལྷན་དུ་ལྡན་པའི་ཕྱིར་རོ། །
    དེ་ཡང་མངོན་པ་མཛོད་ལས། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་གཟུགས་མཐའ་རྡུལ་ཕྲ་རབ་གཅིག་ལ་རྡུལ་གྱི་རྫས་ཏེ་རྡུལ་གྱི་རང་བཞིན་མི་འདྲ་བ་བརྒྱད་ལྷན་ཅིག་ཏུ་ལྡན་པར་གསུངས་སོ། ། འདིའི་རྡུལ་རྫས་ནི་རྡུལ་གྱི་ངོ་བོའམ་རང་བཞིན་ལ་གོའོ། ། དེ་ལ་རྫས་ནི་དངོས་པོའི་ངོ་བོ་སྟེ་དངོས་པོར་གྱུར་པའི་ངོ་བོ་གཅིག་པ་ལ་རྫས་གཅིག་ཅེས་བསྡུས་གྲྭའི་ལུགས་ཡིན་པའི་ཕྱིར་རོ། ། མཛོད་རྩ་འགྲེལ་ལས། ཆོས་གཟུགས་ཅན་རྣམས་ཀྱི་ངེས་པ་ནི་འདི་ཡིན་ཏེ། འདོད་ན་དབང་པོ་མེད་པ་དང་། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆེས་ཆུང་བ་ནི་མི་མངོན་ནོ། །དེ་འདོད་པའི་ཁམས་ན་སྒྲ་ཡང་མེད་དབང་པོ་ཡང་མེད་པ་ཞིག་ཡིན་ན་ནི་རྫས་བརྒྱད་དང་ལྡན་པར་སྐྱེ་སྟེ། གང་ཡང་རུང་བ་ཞིག་མེད་པ་ནི་མ་ཡིན་ནོ། །རྫས་བརྒྱད་ནི་འབྱུང་བ་ཆེན་པོ་བཞི་དག་དང་། རྒྱུར་བྱས་པའི་གཟུགས་བཞི་སྟེ། གཟུགས་དང་། དྲི་དང་། རོ་དང་། རེག་བྱ་རྣམས་སོ། ། ཞེས་རྡུལ་ཕྲ་རབ་གཅིག་གི་སྟེང་དུ་ས་ཆུ་མེ་རླུང་དང་གཟུགས་དྲི་རོ་རེག་བྱའི་རང་བཞིན་སྣ་ཚོགས་ལྷན་ཅིག་ཏུ་ལྡན་པར་བཤད་ཅིང་། མཛོད་ལས། འབྱུང་བ་དག་ནི་ས་ཁམས་དང་། །ཆུ་དང་མེ་དང་རླུང་ཁམས་རྣམས། །འཛིན་པ་ལ་སོགས་ལས་སུ་གྲུབ། །སྲ་གཤེར་དྲོ་ཉིད་གཡོ་བ་རྣམས། །ཞེས་དང་། མཛོད་རྩ་འགྲེལ་ལས། ས་དང་ཆུ་དང་མེ་དང་རླུང་གི་ཁམས་འདི་དག་ནི་གོ་རིམ་བཞིན་དུ་འཛིན་པ་དང་སྡུད་པ་དང་སྨིན་པར་བྱེད་པ་དང་རྒྱས་པར་བྱེད་པའི་ལས་དག་ཏུ་གྲུབ་བོ། ། ཞེས་འབྱུང་བ་སོ་སོའི་རང་བཞིན་དང་ནུས་པ་གསལ་བར་གསུངས། ཨུ་རུ་སུའི་མཁས་པ་ཧྲར་པ་ཙེ་ཀྱེ་ཡིས་《ནང་བསྟན་གཏན་ཚིགས་རིག་པ།》ཞེས་པར་རྡུལ་རྫས་བརྒྱད་སོགས་ཀྱི་སྐོར་གླེང་བ་ལས། “རྡུལ་རྫས་དེ་དག་གི་ཁྱད་ཆོས་གཞན་ཞིག་ནི། དེ་ཚོ་རྡུལ་ཕྲན་སོ་སོ་བ་མ་ཡིན་ཏེ། ས་རྡུལ་ནི་སྲ་བའི་བདག་ཉིད་ཀྱི་རྡུལ་ཕྲན་རང་མཚན་པ་ཞིག་མིན་ལ། མེ་རྡུལ་ནི་དྲོ་བའི་བདག་ཉིད་ཅན་གྱི་རྡུལ་རང་མཚན་པ་ཞིག་མིན་ནོ། ། དེས་ན་མེའི་རྡུལ་རྫས་ནི་དྲོད་ཀྱི་ནུས་པ། རླུང་གི་རྡུལ་རྫས་ནི་གཡོ་བའི་ནུས་པ། སྲ་བའི་རྡུལ་རྫས་ཀྱིས་ཕུད་ཤུགས་མཚོན། གཤེར་བའི་རྡུལ་རྫས་ཀྱིས་སྡུད་པའམ་འགུག་ཤུགས་མཚོན་ཡོད་” པར་བཞེད་དོ། ། དེང་རབས་དངོས་ཁམས་རིག་པས་ཆ་རྡུལ་དུ་མས་བེམ་གཟུགས་རགས་པ་སྤུང་བའི་ཚུལ་འགྲེལ་བཤད་བྱེད་དུས་“ཆ་རྡུལ་དང་ཆ་རྡུལ་དབར་འགུག་ཤུགས་དང་ཕུད་ཤུགས་གཉིས་ལྷན་དུ་གནས་པ་སྟེ། བར་ཐག་སྨིས་(m)10-10ལས་ཐུང་ན་ཕུད་ཤུགས་ཆེ་བ་དང་། བར་ཐག་སྨིས་(m)10-10ལས་རིང་ན་འཐེན་ཤུགས་ཆེ་”བར་བཤད་དེ། བེམ་གཟུགས་རགས་པ་ཀུན་རིགས་མཐུན་པའི་ཆ་རྡུལ་གྲངས་མེད་པ་སྟོང་ཆས་བར་ཆོད་པའི་ཚུལ་གྱིས་སྤུངས་པའི་ཕུང་པོ་ཞིག་ཏུ་འཇོག་གོ །
     དེས་ན་རྡུལ་ཕྲ་རབ་རྣམས་མ་རེག་པར་འདབ་འབྱར་དུ་སྤུངས་པ་དང་རྡུལ་ཕྲན་གཅིག་གི་སྟེང་དུ་ས་ཆུ་མེ་རླུང་གི་རྫས་ལྷན་ཅིག་ཏུ་གནས་པར་འདོད་པའང་རིགས་པར་སྨྲ་བར་སྣང་སྟེ། དངོས་ཁམས་རིག་པས་འཇོག་པའི་ཆ་རྡུལ་ལ་མཚོན་ན་ཡང་སྐད་ཅིག་ཉིད་དུ་གཡོ་བ་རླུང་གི་རང་བཞིན། ཕན་ཚུན་མ་འདྲེས་ཤིང་སོ་སོ་སྲ་བར་འཛིན་པའི་ཕུད་ཤུགས་ལྡན་པ་སའི་རང་བཞིན། ཕན་ཚུན་ཉེ་བར་སྡུད་པའི་འགུག་ཤུགས་ལྡན་པ་ཆུའི་རང་བཞིན། རྩོལ་བ་དེ་དག་ལས་སྐྱེས་པའི་དྲོད་དེ་མེའི་རང་བཞིན་ཕྲ་མོ་བཅས་ལྷན་ཅིག་ཏུ་ལྡན་པར་འདོད་པའི་ཕྱིར་རོ། ། ལྷག་པར་དུ་དེ་ལ་ཕྱི་ནས་དྲོད་ཀྱི་སྟོབས་ལྷག་མ་བརྒྱུད་སྤྲོད་བྱེད་པའི་ཚེ་གཡོ་བ་དྲག་ཏུ་ཕྱིན་ཏེ་འགུག་ཤུགས་ཀྱི་ཚད་ལས་བརྒལ་ནས་ཕན་ཚུན་གྱི་བར་ཆོད་ཇེ་ཆེར་བསྐྱེད་ཅིང་། བེམ་གཟུགས་རགས་པ་ཞིག་ས་ཁམས་ནས་ཆུ་ཁམས་དང་རླུང་ཁམས་སུ་རྒྱས་པར་འགྱུར་ཚུལ་ནི་གོང་དུ་ཞུས་པ་བཞིན་ནོ། །དེ་ལྟར་ཕུང་པོར་གནས་པའི་ཆ་རྡུལ་རང་སྟེང་དུའང་ས་ཆུ་མེ་རླུང་གི་རྫས་སམ་རང་བཞིན་ལྡན་པ་དེ་རྟོགས་ན་བེམ་གཟུགས་རགས་པ་ཞིག་ལ་ས་ཆུ་རླུང་ཁམས་ཀྱི་འགྱུར་བ་ཡོད་པའི་སྣང་ཚུལ་དེ་ངེས་སླའོ། །དེ་བཞིན་རྡུལ་ཕྲ་རབ་སྟེང་གི་གཟུགས་དྲི་རོ་རེག་བྱའི་རྫས་ཤིན་ཏུ་ཕྲ་བ་ཡོད་མིན་ཡང་དཔྱད་གཞི་ཆེ་སྟེ། སྤྱིར་གཟུགས་དྲི་རོ་རེག་བྱ་ཞེས་པ་ནི་ཡུལ་དབང་ཤེས་གསུམ་འདུས་ཏེ་རེག་པའི་ཚེ་རྣམ་པར་གཞག་རུང་ཙམ་ཡིན་ལ། ལྷག་པར་དུ་དྲི་རོ་རེག་བྱ་མྱོང་བའི་ཚེ་ནང་དབང་པོའི་རྡུལ་ཕྲ་རབ་ལ་རང་གི་དམིགས་པ་ཕྱི་ཡུལ་གྱི་རྡུལ་ཕྲ་རབ་ཀྱིས་རེག་པའི་ཆ་དུ་མ་སྤུངས་ཤིང་། ཚོར་བའི་ཕུང་པོའི་ཚུལ་དུ་མྱོང་བར་འགྱུར་བས། རྡུལ་ཕྲ་རབ་རེ་རེའི་སྟེང་ན་གཟུགས་དྲི་རོ་རེག་བྱའི་རང་བཞིན་ཕྲ་བ་རེ་མེད་ན་དུ་མ་སྤུངས་པའི་གཟུགས་དྲི་རོ་རེག་བྱའི་ཕུང་པོ་རགས་པ་ཞིག་འཇོག་དཀའོ། ། འདིར་ལྟར་སྙམ་སྟེ། གོང་དུ་རྡུལ་ཕྲ་རབ་དང་དེའི་ཆ་ཚད་བསྟན་པ་ནི་འཇིག་རྟེན་སྣང་ངོར་བསྟུན་པའི་ཐབས་མཁས་ཀྱི་རྣམ་གཞག་ཙམ་ལས། དེ་ཉིད་རྡུལ་ཕྲན་རང་མཚན་པ་ཞིག་མི་འཐད་པའི་ཚུལ་བཤད་པ་བཞིན། རྡུལ་ཕྲ་རབ་ཅེས་པ་ནི་རྡུལ་ཕྲན་ནམ་རྡུལ་ཕྲ་མོ་སྤྱི་ལ་ཁྱབ་པའི་རྣམ་གཞག་སྤྱི་མཚན་པ་ཞིག་སྟེ། དེ་ལ་དེང་རབས་དངོས་ཁམས་རིག་པས་གླེང་བའི་ཆ་རྡུལ་དང་། རྫས་འགྱུར་པས་གླེང་བའི་མ་རྡུལ་དང་གློག་རྡུལ། སྐྱེས་ཁམས་རིག་པས་གླེང་བའི་ཕྲ་ཕུང་སོགས་རྡུལ་ཕྲ་རབ་ཀྱི་བྱེ་བྲག་ཏུ་མ་ལྡན་པར་སྨྲ་བར་རིགས་སོ། །
    མདོར་ན། སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁམས་རྣམ་གཞག་འདི་ནི། གཅིག་བྱས་ན་རྒྱུན་ལྡན་ཁོར་ཡུག་གི་ཆ་རྐྱེན་ཐུན་མོང་བའི་འོག་བེམ་རྫས་དག་སྲ་གཤེར་རླུང་དྲོད་དུ་སྣང་བའི་ཚུལ་ཙམ་ལ་གཞིར་བཅོལ་བའི་རིག་གཞུང་མ་ལག་སྟབས་བདེ་ཞིག་ཡིན་སྲིད་ལ། གཅིག་བྱས་ན་དེ་དག་ལ་གོང་དུ་བཤད་པའི་དེང་རབས་དངོས་ཁམས་རིག་པ་དང་ཆ་མཐུན་པའི་གོ་དོན་ཞིག་ཡོད་པར་མ་ཟད། དངོས་ཁམས་རིག་པའི་གཟུགས་རྣམ་གསུམ་དྲོད་དང་བཅས་པའི་རྣམ་གཞག་ཙམ་ལས་འདས་པའི་གཟུགས་ཅན་གྱི་སྣང་ཚུལ་གསལ་བཤད་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན་སྲིད་མོད། འདིར་ནི་རིག་གནས་གསར་རྙིང་གཉིས་ཀྱི་དགེ་མཚན་བླང་འདོད་ཀྱི་བློས་ཀུན་ནས་བསླངས་ཏེ་སྲོལ་རྒྱུན་འབྱུང་བའི་རྣམ་གཞག་དང་དེང་རབས་རང་བྱུང་ཚན་རིག་གི་གཟུགས་རྣམ་གསུམ་དྲོད་དང་བཅས་པའི་རྣམ་གཞག་ཕན་ཚུན་དཔྱད་བསྡུར་རགས་ཙམ་བགྱིས་པའི་ངལ་བ་བླངས་སོ། །
སྨྲས་པ།
ཕྱི་སྣོད་འཇིག་རྟེན་འབྱུང་བཞིའི་དཀྱིལ་འཁོར་ཅན། །ནང་བཅུད་སེམས་ཅན་སྐྱེས་བུ་ཁམས་དྲུག་ཅན། །
དེ་སྐད་ཆོས་མངོན་དུས་འཁོར་བཞེད་པའི་མར། །   དེ་སྐད་ཆོས་མངོན་དུས་འཁོར་དགོངས་པའི་མར། །
རིག་གསར་གཏམ་གྱི་སྦྲང་རྩིས་ཅུང་ཞིག་སྦྱར། །   རིག་གསར་གཏམ་གྱི་སྦྲང་རྩིས་སྦྱར་ལ་སྤྲོ། །
·རྩོམ་ཡིག་གོང་མ:རྨ་ཆེན་སྤོམ་རའི་གསོལ་མཆོད་ཕྲིན་ལས་ཐོགས་མེད།
·རྩོམ་ཡིག་འོག་མ:ཨེ་མ་ཧོས་ཆོས་མཆེད་དྲ་གྲོགས་ཡོངས་ལ་ཕུལ་བའི་ཚེ་དར་དཀར་པོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 22:54:36 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:04:18 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:40:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།28.32MS