ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

རྗེ་ཙོང་ཁ་པའི་རྗེས་དྲན་བགྲོ་གླེང་གཏམ་བཤད།

  རྩོམ་པ་པོ:རིག་པའི་ཁུ་བྱུགཡོང་ཁུངས:མཚོ་སྔོན་པོ།གཟིགས་གྲངས:3912ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2012/12/19 23:07:04ཚོགས་ཡར་སྤྲོད:admin
རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་
ཐེངས་གསུམ་པར་བྲིས་པའི་གཏམ་བཤད་རིག་པའི་ཁུ་བྱུག་དགྱེས་པའི་
སྙིང་གཏམ་ཞེས་བྱ་བ་བཞུགས་སོ། །
 
རིག་པའི་ཁུ་བྱུག
 
         ཨེ་མ་ཤེས་རབ་ཀྱི་དབང་ཕྱུག་ཆེན་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ལགས། ང་ཚོས་དེ་རིང་འདི་ནས་ཁྱེད་ལ་རྗེས་དྲན་བྱ་བཞིན་ཡོད་པ་ལ། ཁྱེད་ཀྱི་སྤྱན་གྱིས་གཟིགས་སམ། ཁྱེད་ཀྱི་ཐུགས་ཀྱིས་ཚོར་རམ། ཁྱེད་ཀྱི་སྙན་གྱིས་གསན་ནམ་ལགས།
         ཁྱེད་ཀྱིས་ཡུད་ཙམ་གཟིགས་དང་། ཡུད་ཙམ་གསོན་དང་། ང་ཚོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་དགེ་སློབ་ཐམས་ཅད་ཀྱིས་ཁྱེད་ལ་ཤེས་རབ་ཀྱིས་རྗེས་དྲན་དང་། ཐོས་བསམ་གྱིས་རྗེས་དྲན། བརྩོན་འགྲུས་ཀྱིས་རྗེས་དྲན་བྱ་བཞིན་ཡོད་ལགས།
         དེས་ན་དེ་རིང་གི་རྗེས་དྲན་གྱི་བགྲོ་གླེང་འདི་ནི་ཤེས་རབ་ཀྱི་བགྲོ་གླེང་དང་། ཐོས་བསམ་གྱི་བགྲོ་གླེང་། བརྩོན་འགྲུས་ཀྱི་བགྲོ་གླེང་ཞིག་ཡིན་ནོ། །
དེ་ཡང་ཇི་སྐད་དུ།
        
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །
        
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །
        
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག  །
        
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །
         བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་ཚིགས་བཅད་ཀྱིས་མངོན་པར་མཆོད་པའི་མེ་ཏོག་ཕུལ་དེ་གང་ཞུ་བར་བྱ་བ་ལ། དེ་རིང་གི་གཟའ་སྐར་འཕྲོད་སྦྱོར་ལེགས་པའི་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་འདིར། ང་ཚོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་དགེ་སློབ་རྣམས་དད་པ་དང་། དགའ་བ། ངོ་མཚར། ཡིད་ཆེས་སོགས་ཀྱི་སྒོ་ནས་མཉམ་འཛོམས་ཀྱི་ངང་ནས་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ལ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཞིག་ཕུལ་བའི་ཚེ་ན། ཤེས་རབ་ཀྱི་འོད་ཟེར་འཕྲོ་བ་དང་། ཐོས་བསམ་གྱི་རྦ་རླབས་གཡོ་བ། བརྩོན་འགྲུས་ཀྱི་ཆུ་རྒྱུན་རིང་བ་ལྟར་གྱི་ཤེས་རབ་བསྐྱེད་པའི་དགོས་པ་དང་། ཐོས་བསམ་བྱ་བའི་རེ་བ། བརྩོན་འགྲུས་བྱ་བའི་སྐུལ་མ་སོགས་ཞུ་ཆོག་པ་དང་ཞུ་འོས་པའི་སྐལ་བཟང་དང་། ལོ་བཟང་། ཟླ་བཟང་། ཚེས་བཟང་། སྐར་བཟང་གི་དུས་གཅིག་ཏུ། དེ་རིང་འདིར་འདུས་ཀྱི་ང་ཚོ་དགེ་སློབ་ཚང་མའི་རང་རང་སོ་སོའི་སྐུ་ཚེའི་མཛད་པ་ཇི་སྲིད་གནས་པའི་བར་དུ། ཤེས་རབ་བསྐྱེད་པ་ལ་ཐོས་བསམ་བྱ་དགོས་པ་དང་། ཐོས་བསམ་བྱ་དགོས་པའང་བརྩོན་འགྲུས་ལ་བརྟེན་དགོས་པའི་རྒྱུ་མཚན་དང་ཡོན་ཏན་སོགས་ཀྱི་ཚུལ་ནི་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱི་གསུང་གི་མཛད་རྣམ་དང་འབྲེལ་ནས་མདོར་བསྡུས་ཞུ་བར་བྱ་བ་ལ། 
རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱིས།
         མཛད་པ་ཀུན་ལས་གསུང་གི་ནི། །
         མཛད་པ་མཆོག་ཡིན་དེ་ཡང་ནི། །
         དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །
         འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་ལྟར། མཛད་པ་ལས་གསུང་གི་མཛད་པ་མཆོག་ཏུ་གྱུར་པ་ཡིན་པ་བཞིན་དུ། རྗེ་ཙོང་ཁ་པ་ཆེན་པོའི་མཛད་པ་ལས་མཛད་པ་མཆོག་ཏུ་གྱུར་པ་ནི་གསུང་གི་མཛད་པ་ཡིན་ཚེ། དེ་རིང་འདི་ནས་རྗེ་ཙོང་ཁ་པ་ཆེན་པོ་ལ་རྗེས་དྲན་བྱ་བ་ལའང་ཁོང་གི་གསུང་གི་མཛད་པའི་སྒོ་ནས་རྗེས་དྲན་བྱ་བ་ནི་རྗེས་དྲན་བྱ་སྟངས་མཆོག་ཏུ་གྱུར་པ་ཡིན། གསུང་གི་མཛད་པ་ལས་མཆོག་ཏུ་གྱུར་པ་གང་ཡིན་སྙམ་ན།
དེ་ཡང་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་རང་གི་ཞལ་ནས།
        སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། །
        ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས། །
        འཇིག་རྟེན་དག་ན་རྒྱལ་བའི་དབང་པོ་བཞིན། །
        ཕུལ་བྱུང་ལེགས་པར་ཁྱོད་མཁྱེན་གཞན་གྱིས་མིན། །ཞེས་གསུངས་པ་བཞིན། རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་གང་བོར་གསུང་གི་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་ཀྱང་། དེ་དག་ལས་གསུང་གི་མཛད་པ་མཆོག་ཏུ་གྱུར་པ་ལ་སྟོན་པའི་ནང་ན་རྟེན་འབྲེལ་སྟོན་པ་དང་། ཤེས་རབ་ནང་ན་རྟེན་འབྲེལ་ཤེས་པ་གཉིས་ནི་མཆོག་ཏུ་གྱུར་པར་གསུངས་པ་ནི་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱི་དགོངས་པ་བླ་ན་མེད་པའོ། །
         དེ་རིང་འདི་ནས་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་བྱ་བ་ལ་ཁོང་གིས་སྐུ་ཚེ་གང་བོར་ཤེས་རབ་བསྐྱེད་པའི་ཆེད་དུ་ཐོས་བསམ་མཛད་པ་དང་། ཐོབ་བསམ་བྱ་བའང་བརྩོན་འགྲུས་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར་ན། བརྩོན་འགྲུས་ཆེ་ན་ཐོས་བསམ་ཆེ་བར་འགྱུར་བ་དང་། ཐོས་བསམ་ཆེ་ན་ཤེས་རབ་ཆེ་བར་འགྱུར་བའི་རྣམ་ཐར་བསྐྱངས་པའི་མཛད་པ་ལས་མ་འདས་པའི་ཕྱིར་རོ། །
         དེས་ན་འདི་ནས་དགེ་སློབ་རྣམས་ཀྱི་སྙན་ལ་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་མཛད་རྣམ་དང་འབྲེལ་ནས་ཤེས་རབ་དང་། ཐོས་བསམ། བརྩོན་འགྲུས་གསུམ་གྱི་དགོས་པ་དང་ཡོན་ཏན་སོགས་ཀྱི་སྒོ་ནས་རྗེ་ཙོང་ཁ་པ་ཆེན་པོ་ལ་རྗེས་དྲན་བྱ་བའི་རིག་གཞུང་བགྲོ་གླེང་གི་རིག་པའི་མཆོད་སྤྲིན་འབུལ་བར་བྱའོ། །
         དེ་ཡང་ཐོག་མར་ཤེས་རབ་བསྐྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཤེས་རབ་བསྐྱེད་པས་མི་ཤེས་པའི་རྨོངས་པ་ཐམས་ཅད་སེལ་ཐུབ། ང་ཚོའི་རྒྱུད་ཀྱི་མི་ཤེས་པའི་རྨོངས་པ་མ་བསལ་ན་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ལ་རྨོངས་པར་འགྱུར་ཞིང་། ཆོས་དང་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་རྨོངས་པར་གྱུར་པའི་དབང་གིས་འཇིག་རྟེན་རྒུད་ནས་མཐར་སེམས་ཅན་ཐམས་ཅད་སྡུག་བསྔལ་བར་གྱུར་དང་འགྱུར་བཞིན་པ་ནི་མཐོང་བ་མངོན་སུམ་དུ་གྲུབ་པ་ཡིན་ལ། དེ་འདྲའི་རྨོངས་པའམ་མ་རིག་པ་ཞེས་པ་ཟློག་པར་བྱེད་པའི་ཐབས་སམ་ཡང་ན་གཉེན་པོ་མཆོག་ཏུ་གྱུར་པ་དང་། ཡང་ན་གཅིག་པུར་གྱུར་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་བཞིན་རྟོགས་པའི་ཤེས་རབ་ལ་རག་ལས་པའི་ཕྱིར་ན།
རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱི་ཞལ་ནས།
         འཇིག་རྟེན་རྒུད་པ་ཇི་སྙེད་པ། །
         དེ་ཡི་རྩ་བ་མ་རིག་སྟེ། །
         གང་ཞིག་མཐོང་བས་དེ་ལྡོག་པ། །
         རྟེན་ཅིང་འབྲེལ་བར་འབྱུང་བར་གསུངས། །ཞེས་གསུངས་པ་བཞིན་དུ་གྲུབ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་རྟོགས་པའི་ཤེས་རབ་ཀྱིས་རྨོངས་པའམ་མ་རིག་པ་རྩ་བ་ནས་གཅོད་པའི་ཕྱིར་ན། རྨོངས་པའམ་མ་རིག་པའི་རྩ་བ་ལྟ་བུ་གཅོད་བྱེད་ནི་ཤེས་རབ་ཡིན།  ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པར་བྱེད་པས་ན་ཤེས་རབ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ།
ས་བཟང་མ་ཏི་པཎ་ཆེན་གྱིས།
         ཉེས་པ་ཀུན་གྱི་རྩ་བ་མ་རིག་པ། །
         སྤང་ཕྱིར་ཆོས་ཀུན་གནས་ལུགས་རྟོགས་པ་ཡིས། །
         བླང་དོར་ཚུལ་བཞིན་བྱེད་པའི་ཤེས་རབ་ནི། །
         ཤེས་རབ་བསླབ་པ་ལགས་པས་སྤེལ་འཚལ་ལོ། །ཞེས་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །
         ཤེས་རབ་ཡོད་ན་ནི་མིག་ལྡན་པ་ལྟ་བུ་དང་། ཤེས་རབ་མེད་ན་ལོང་བ་ལྟ་བུ་ཡིན་པར་གསུངས་པ་བཞིན། ཤེས་རབ་ལྡན་ན་སྐྱོན་དང་ཡོན་ཏན་ཀྱི་ཁྱད་པར་འབྱེད་ཤེས་ཏེ།
ས་སྐྱ་པཎ་ཆེན་གྱིས།
         ཡོན་ཏན་སྐྱོན་གཉིས་སུ་ལས་ཀྱང་། །
         འདྲིས་པར་འབྱེད་པ་ནི་ཤེས་རབ་ཁོ་ནའོ། །ཞེས་གསུངས་པ་དང་།
འཇུ་མི་ཕམ་གྱིས་ཀྱང་།
         བློ་ཞེས་བྱ་བ་ཤེས་རབ་སྟེ། །
         བླང་དོར་མ་ནོར་འབྱེད་པ་ཡིན། །ཞེས་གསུངས་པ་སོགས་གང་ལ་བལྟས་ན་ཤེས་རབ་ནི་ཆོས་དང་འཇིག་རྟེན་གང་ལ་ངོས་འཛིན་དང་ལྟ་བ་ཡང་དག་པ་འབྱུང་དགོས་ན། ཐོག་མར་མ་སྐྱེས་པ་སྐྱེ་བ་ལ་ཤེས་རབ་དགོས་པ་དང་། བར་དུ་སྐྱེས་ཟིན་པ་དང་། ཐ་མར་གོང་དུ་འཕེལ་བ་ལའང་ཤེས་རབ་དགོས་པའི་ཕྱིར་ན།
དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།
         མཐོང་དང་མ་མཐོང་ཡོན་ཏན་འདི། །
         ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཞེས་གསུངས་པ་སོགས་ཀྱིས་ཤེས་དགོས་སོ། །
         གོང་དུ་དྲངས་པའི་འཕགས་བོད་ལོ་པཎ་དང་མཁས་གྲུབ་རྣམས་ཀྱི་གསུང་གི་ལེགས་བཤད་དག་ལ་བལྟས་ཚེ། ཤེས་རབ་ལྡན་པས་ཆོས་དང་འཇིག་རྟེན་གྱི་ལེགས་ཉེས་ཀྱི་ཁྱད་པར་འབྱེད་ཤེས་པ་དང་། དེ་ནས་བླང་དོར་གྱི་གནས་ལ་འཇུག་ལྡོག་ཚུལ་བཞིན་བྱ་ཤེས་པ་ནི་ཤེས་རབ་ལ་རག་ལས་པ་ཡིན་ཞིང་།  གལ་སྲིད་དེ་ལས་ལྡོག་སྟེ་ཤེས་རབ་མེད་ན་ལེགས་ཉེས་ཀྱི་ཁྱད་པར་འབྱེད་མི་ཤེས། དེ་མ་ཤེས་ན་བླང་དོར་གྱི་གནས་ལ་འཇུག་ལྡོག་ཚུལ་བཞིན་ཤེས་པ་ཕར་ཞོག་ལྟ་ལོག་དང་སྤྱོད་ལོག་སོགས་མདོར་ན་ཆོས་དང་འཇིག་རྟེན་གང་གི་ལུགས་ལའང་འགལ་བར་གྱུར་དང་འགྱུར་བའི་ལོག་པའི་ལམ་དུ་ཞུགས་ནས་མཐར་རང་གཞན་ཐམས་ཅད་འཕུང་བར་འགྱུར་བའི་རྒྱུ་དང་། ཡང་ན་རྐྱེན་དུ་འགྱུར་བ་ཡིན་ལ། དེ་འདྲའི་ལམ་ལོག་ཏུ་མི་འགྲོ་བ་དང་མི་ཤོར་བའི་ཐབས་ལམ་མཆོག་ཏུ་གྱུར་པ་ནི་ཤེས་རབ་ལྡན་མིན་ལ་རག་ལས་པ་ཡིན་ནོ། །
         ཤེས་རབ་བསྐྱེད་དགོས་པ་ལ་གལ་ཆེ་བར་གཟིགས་ནས་རྗེ་ཙོང་ཁ་པ་ཆེན་པོ་སྐུ་ཚེའི་དགུང་ལོ་གསུམ་ཙམ་ཡིན་དུས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་པའི་སྒོར་ཞུགས་པ་ནས་བཟུང་སྟེ་མཐར་སེམས་ཅན་སྤྱི་དང་། སྒོས་ཁྱད་པར་དུ་ང་ཚོ་སྟེ་བོད་གངས་ཅན་པའི་བསྟན་འགྲོའི་དོན་ཆེན་དུ་ཡུལ་དུས་གང་དང་གང་ལ་ཕེབས་པ་དང་། བཞུགས་པ་སོགས་ཀྱི་མཛད་པའི་སྐུ་ཚེའི་སྐད་ཅིག་ཙམ་གྱི་ཡུད་ལའང་ཤེས་རབ་བསྐྱེད་པའི་ཕྱོགས་ལ་སྐུ་དམ་དང་ཐུགས་དམ་མཛད་པའི་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་བའི་མཛད་པ་བསྐྱངས་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ལ། དེ་འདྲའི་མཛད་རྣམ་རེ་རེ་ཡང་ང་ཚོ་འདིར་འདུས་ཀྱི་དགེ་སློབ་རྣམས་ཀྱིས་འཛམ་གླིང་ཤར་ནུབ་ཀྱི་ཕྱི་ནང་གི་རིག་གནས་དང་། ཆོས་དང་འཇིག་རྟེན་སོགས་ཀྱི་ཤེས་རབ་སྣ་ཚོགས་པ་འཚོལ་བའི་སྐབས་ཀྱི་བསླབ་བྱའམ། ཡང་ན་དམིགས་དཔེ་གཅིག་པུ་ཡིན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ནི་ཤེས་རབ་ལས་བྱུང་དང་འབྱུང་བ་ཡིན་ཏེ།
འཕགས་པ་ཆོས་ཐམས་ཅད་ཡང་དག་པར་སྡུད་པའི་མདོ་ལས།
         སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་ལྷ་རྣམས་དང་། །
         འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། །
         དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། །ཞེས་གསུངས་པའི་ཕྱིར་རོ། །
         ཨེ་མ་རྗེ་ཙོང་ཁ་པ་ཆེན་པོ་ལགས། ཁྱེད་ཀྱིས་སྐུ་ཚེ་གང་བོར་ཤེས་རབ་བསྐྱེད་པའི་ཕྱིར་དུ་མཛད་པའི་རྣམ་ཐར་བསྐྱངས་པ་ཞིག་ལས། ཁྱེད་ཀྱིས་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བའི་ཐོབ་དང་གོ་ས། མཚན་དང་སྙན་གྲགས། རྒྱུ་དང་འབྱོར་བ་སོགས་ཀྱི་ཆེད་དུ་སྐུ་ཚེའི་སྐད་ཅིག་ཙམ་ཡང་ཕེབས་བཞུགས་མཛད་པའི་རྣམ་ཐར་གྱི་ཟུར་ཙམ་ཡང་དེ་རིང་བར་དུ་ང་ཚོས་འཇལ་མ་སོང་བ་ཅི་ཡིན་ནམ།
         ཁྱེད་ཀྱི་ཕྱི་ནང་གསང་གསུམ་གྱི་མཛད་པའི་རྣམ་ཐར་གྱི་ཡིག་འབྲུ་ལས་ཤེས་རབ་བསྐྱེད་པའི་ཐབས་ལམ་འཚོལ་བའི་གཟི་བརྗིད་ཅིག་འཕྲོ་བས་ང་ཚོའི་ཡིད་དབང་འཕྲོག་ནས་ཁྱེད་ལ་དད་པ་ཡོད་པ། ཁྱེད་ལ་སེམས་གཏིང་ནས་དགའ་བ། ཁྱེད་ལ་ངོ་མཚར་སྐྱེས་པ། ཁྱེད་ལ་ཡིད་ཆེས་ཡོད་པའི་མི་ནི་ཉིན་རེ་ལས་ཀྱང་ཇེ་མང་དུ་གྱུར་དང་འགྱུར་བཞིན་ཡོད་དོ། །
         དེས་ན་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱིས་ཤེས་རབ་བསྐྱེད་པའི་གཞི་གང་ལ་བརྟེན་དགོས་པར་གསུང་ན། རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱི་ཞལ་ནས། སློབ་པ་ལ་ཤེས་དགོས། ཤེས་པ་ལ་ཐོས་དགོས། ཞེས་གསུངས་པ་ལྟར། ཐོས་བསམ་ནི་ཤེས་རབ་བསྐྱེད་པའི་རྒྱུ་ལྟ་བུ་ཡིན་ལ། དེས་ན་ཐོས་བསམ་ནི་ཤེས་རབ་བསྐྱེད་པའི་གཞི་ལྟ་བུ་ཡིན་པ་དང་། ཐོས་བསམ་ནི་ཤེས་རབ་ཀྱི་སྔོན་འགྲོ་ལྟ་བུའང་ཡིན་པ། ཁྱད་པར་དུ་ཐོས་བསམ་ནི་ཤེས་རབ་རྒྱས་བྱེད་ཡིན་པའི་ཕྱིར་ན། རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱི་སྐུ་ཚེ་གང་བོར་ཐོས་བསམ་རླབས་པོ་ཆེ་མཛད་པའི་རྣམ་ཐར་ནི་བསམ་གྱིས་མི་ཁྱབ་པའོ། །
         ཨེ་མ་རྗེ་ཙོང་ཁ་པ་ཆེན་པོ་ལགས། ཁྱེད་འཁྲུངས་ནས་དགུང་ལོ་གསུམ་ཙམ་ནས་བསྟན་པའི་སྒོར་ཞུགས་ནས་མཐར་སེམས་ཅན་སྤྱི་དང་ཁྱད་པར་རང་ཅག་གངས་ཅན་པ་རྣམས་ཀྱི་བསྟན་འགྲོའི་དོན་ཆེན་མ་རྫོགས་པའི་བར་དུ་ལོ་ནས་ལོ་མཐུད་པ་དང་། ཟླ་ནས་ཟླ་མཐུད་པ། ཞག་ནས་ཞག་མཐུད་པ་མ་ཟད། སྐུ་ཚེ་ཇི་སྲིད་འཚོ་བའི་དུས་ཀྱི་སྐད་ཆ་ཙམ་གྱི་ཡུན་ལ་ཐོས་བསམ་མཛད་པའི་རྒྱུན་ཆད་མེད་པ་ནི་ཁྱེད་ཀྱི་མཛད་རྣམ་འཇལ་བ་ཙམ་ཤེས་ཐུབ་ལགས།
         ཡིན་ནའང་དེ་རིང་གི་དུས་བཟང་འདིར། གུས་པས་ཁྱེད་ཀྱིས་སྐུ་ཚེ་གང་བོར་ཐོས་བསམ་མཛད་པའི་རླབས་ཆེན་གྱི་རྣམ་ཐར་ལ་རྗེས་དྲན་བྱ་བའི་ཆེད་དུ། ཁྱེད་ཀྱིས་ཐོས་བསམ་མཛད་པར་ཡུལ་གང་དང་གང་དུ་ཕེབས་པ་དང་། དགེ་བའི་བཤེས་གཉེན་གང་དང་གང་བསྟེན་པ། གཞུང་གང་དང་གང་ལ་ཐོས་བསམ་མཛད་པ་སོགས་ཀྱི་ཚུལ་མདོར་བསྡུས་ཞུ་ན།
         རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱིས་ཐོས་བསམ་བྱ་བ་ལ་ཡུལ་དང་དགོན་པ་གང་དུ་ཕེབས་ན། མདོ་སྨད་བསྟན་པའི་འབྱུང་ཁུངས་ལྟ་བུར་གྱུར་པའི་བྱ་ཁྱུང་དགོན་པ་ནས་བཟུང་སྟེ་རིམ་པར་འབྲི་གུང་དཔལ་གྱི་རི་ཁྲོད་དང་། བདེ་བ་ཅན། དབེན་གནས་ཆོས་རྫོང་། ཞྭ་ལུ། ས་བཟང་། ལ་སྟོད་བྱང་། ཇོ་མོ་ནང་། བོ་དོང་ཨེར། སྣར་ཐང་། གནས་རྙིང་། ཉང་སྟོད་བསམ་གླིང་། སྐྱོར་མོ་ལུང་། ས་སྐྱ། ངམ་རིང་། དགའ་བ་གདོང་། གསང་ཕུ། ཡར་ལུང་རྣམ་རྒྱལ། འོལ་དགའ། ལྷོ་བྲག་བྲོ་བོ་ལུང་། དབུས་སྟོད་བྱ་ཡུལ། སྐྱོར་མོ་ལུང་། ཚལ་གུང་ཐང་། སྟོད་ལུང་མཚོ་སྨད་སོགས་ཀྱིས་མཚོན་པའི་དབུས་གཙང་གི་ཡུལ་དང་དགོན་པའི་གྲྭ་ས་ཆེ་ཆུང་མང་པོ་ཡིན།
         རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱིས་ཐོས་བསམ་བྱ་བ་ལ་བསྟེན་པའི་དགེ་བའི་བཤེས་གཉེན་རྣམས་ལ་ཐོག་མར་ཆོས་རྗེ་དོན་གྲུབ་རིན་ཆེན་ནས་བཟུང་སྟེ་རིམ་པར་ཀརྨ་རོལ་པའི་རྡོ་རྗེ་དང་། འབྲི་གུང་གི་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་རྒྱལ་པོ་དང་། ཚལ་གྱི་སྨན་པ་དཔའ་བོ་དཀོན་མཆོག་སྐྱབས། སྙེ་ཐང་བ་བཀྲ་ཤིས་སེང་གེ  བཤེས་གཉེན་ཆེན་པོ་ཡོན་ཏན་རྒྱ་མཚོ། བླ་མ་འཇམ་རིན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་རིན་ཆེན་རྣམ་རྒྱལ། ས་བཟང་མ་ཏི་པཎ་ཆེན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། སྤྱི་བོ་ལྷས་ཀྱི་མཁན་པོ། བླ་མ་རིན་བཟང་བ། ཉ་དབོན་པ་ཀུན་དགའ་དཔལ་བཟང་། རེད་མདའ་བ་གཞོན་ནུ་བློ་གྲོས། ལོ་ཆེན་བྱང་ཆུབ་རྩེ་མོ། བཀའ་བཞི་པ་བློ་གསལ། ལོ་ཆེན་ནམ་མཁའ་བཟང་པོ། ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན། མཁན་པོ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་མཚོན་པའི་ཆོས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་སྤྱི་དང་བྱེ་བྲག་ལ་སྦྱང་བ་དཔྱིས་ཕྱིན་ཞིང་མཁྱེན་རབ་ཤིན་ཏུ་ཡངས་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བཅུ་ཕྲག་བཞི་ལྔ་ལྷག་གི་ཞབས་ལ་ཚུལ་བཞིན་དུ་གཏུགས་ནས་ཐོས་བསམ་རྒྱ་ཆེན་པོ་མཛད།
         དེ་ནས་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱིས་གཞུང་གང་དང་གང་དག་ལ་ཐོས་བསམ་མཛད་ཅེ་ན། ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་མདུན་ནས་རྡོར་དབྱིངས་རྩེ་མོ་དཔལ་མཆོག་ཅེས་པ་གཙོ་བོར་གྱུར་པ་ནས་བཟུང་ཆོས་དབྱིངས་གསུང་རབ། དེ་ནས་རིམ་པར་འཇིགས་བྱེད་དང་གཤེད་དམར་སྐོར་གསུམ་སོགས་དང་། ཁྱད་པར་དུ་དབུས་སུ་ཞབས་ཀྱིས་བཅགས་ཏེ་ཐེག་ཆེན་སེམས་བསྐྱེད་ཀྱི་ཆོ་ག་དང་བཅས་པ་ཞུས་པས་ཁྱེད་ཀྱི་ཐུགས་རྒྱུད་ཀྱི་ཆ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་པ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་དབུ་བརྩམས་པ་ཡིན་ཞིང་། དེ་ནས་གཞུང་བཀའ་པོད་ལྔས་མཚོན་པའི་རྒྱུ་མཚན་ཉིད་ཐེག་པའི་སྐོར་གྱི་གཞུང་ལུགས་སྤྱི་དང་བྱེ་བྲག་དང་། རྒྱུད་སྡེ་བཞིས་མཚོན་པའི་འབྲས་བུ་རྡོ་རྗེ་ཐེག་པའི་གཞུང་ལུགས་སྤྱི་དང་བྱེ་བྲག བཟོ་གསོ་སྒྲས་མཚོན་པའི་ཐ་སྙད་རིག་གནས་ཀྱི་གཞུང་ལུགས་སྤྱི་དང་བྱེ་བྲག་ལ་ཐོས་བསམ་ཕ་རོལ་ཏུ་ཕྱིན་པ་མཛད་པའི་རྣམ་ཐར་ལ་བལྟས་ན། རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱི་སྐུ་ཚེའི་རྣམ་ཐར་ནི་ཆོས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རབ་འབྱམས་ལ་ཐོས་བསམ་མཛད་པའི་༼དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས་༽པའི་རྣམ་ཐར་ཁོ་ན་ཞིག་གོ །  
  ཨེ་མ་རྗེ་ཙོང་ཁ་པ་ཆེན་པོ་ལགས། ཁྱེད་ཀྱིས་ཐོས་བསམ་བྱ་བ་གང་ལ་བརྟེན་པ་དང་གང་ལ་དགོངས་ནས་བརྩམས་ཤེ་ན།
ཁྱེད་ཀྱི་ཞལ་ནས།
         མི་ལྡོག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །
         ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །
         སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །
         གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །
         དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་བའི། །
         རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམས། །
         རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །
         ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཞེས་གསུངས་པ་ལྟར།   ཐོས་བསམ་གྱི་གོ་ཆ་ནི་བརྩོན་འགྲུས་ཡིན་ཏེ། བརྩོན་འགྲུས་ཆེ་ན་ཐོས་བསམ་ཆེ་བར་འགྱུར་བ་དང་། ཐོས་བསམ་ཆེ་ན་ཤེས་རབ་ཆེ་བར་འགྱུར་བའི་ཚུལ་ནི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ནི་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱིས་ལན་གཅིག་མ་ཡིན་པར་ཡང་ནས་ཡང་དུ་གསུངས་ཤིང་། ངེས་དོན་དུའང་སྒྲུབ་པ་ཉམས་ལེན་མཐའ་གཅིག་ཏུ་མཛད་པའི་ཚུལ་ལ།
  རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་རང་གི་ཞལ་ནས།
       དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །
       བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །
       ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །
       ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །ཞེས་གསུངས་པས་ཤེས་སོ། །
      དེ་རིང་འདི་ནས་ང་ཚོ་དགེ་སློབ་ཐམས་ཅད་ཀྱིས་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ལ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་བྱ་བའི་གོ་སྐབས་དང་བསྟུན། གུས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་ཡིན་པའི་ཆ་ནས་འདིར་འདུས་ཀྱི་སློབ་མ་རྣམས་ལ་རེ་བ་དང་། ཡང་ན་སྐུལ་མ་ཞུ་རྒྱུ་ཞིག་ལ། ང་ཚོས་ཕྱི་ནང་གི་རིག་གནས་དང་། ཡང་ན་ཆོས་ལུགས། ཡང་ན་ལག་རྩལ་སོགས་གང་འདྲ་ཞིག་བསླབ་པ་ཡིན་ན། ང་ཚོའི་རྒྱུད་ཀྱི་ལྟ་བ་ཡང་དག་པ་ཞིག་དང་། བསམ་སྤྱོད་གཙང་མ་ཞིག་འབྱུང་བ་ལ་ཕན་ཐོགས་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་དང་གནད་དམ་པ་ཡིན་པར་སེམས་སོ། །
མདོར་ན་ང་ཚོ་དགེ་སློབ་ཐམས་ཅད་ཀྱིས་རང་རང་སོ་སོ་ཇི་སྲིད་འཚོའི་བར་དུ་ཤེས་རབ་འཚོལ་བ་དང་། ཐོས་བསམ་བྱ་བ། བརྩོན་འགྲུས་བརྟེན་པ་སོགས་ནི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དོན་ལྡན་བྱ་བའི་དགོས་པ་ཁོ་ན་ཡིན་པའི་ཚུལ་ལ།
  དེའི་ཚུལ་ནི་རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱི་ཞལ་ནས།
    དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག  །
    འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །
    རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །
    ཚུལ་འདི་བསམ་ནས་འཇིག་རྟེན་བྱ་བ་ཀུན། །
    སྦུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ན། །
ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །ཞེས་གསུངས་པ་ལྟར་མཛད་པའི་རེ་བ་ཞུ་བ་དང་། མཐར་དེ་རིང་འདི་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་དགེ་སློབ་ཡོངས་ནས་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་བགྲོ་གླེང་རིག་པའི་མཆོད་སྤྲིན་ཞིག་ཕུལ་བའི་དགེ་བ་མཆོག་ཏུ་བསྔོ་བ་ལའང་།
  རྗེ་ཙོང་ཁ་པ་ཆེན་པོ་ཁྱེད་ཀྱིས་གསུངས་པའི་རྟེན་འབྲེལ་བསྟོད་པ་ལས།
         བརྟེན་ནས་འབྱུང་བའི་དེ་ཉིད་གསལ་མཛད་པ། །
         ཐུབ་པའི་ལུགས་བཟང་སྐྱེ་བ་ཐམས་ཅད་དུ། །
         ལུས་དང་སྲོག་ཀྱང་བཏང་ནས་འཛིན་པ་ལ། །
སྐད་ཅིག་ཙམ་ཡང་ལྷོད་པར་མ་གྱུར་ཅིག  །ཅེས་གསུངས་པས་རབ་ཏུ་བསྐུལ་ཏེ། དེ་རིང་འདིར་འདུས་ཀྱི་བོད་ཀྱི་སྐད་དང་ཡི་གེ་ལ་ཆོས་དང་འཇིག་རྟེན་གྱི་མདུན་ལམ་དང་བདེ་སྡུག་གི་སྐྱབས་བཅོལ་བའི་དགེ་སློབ་ཐམས་ཅད་ཀྱིས་རང་ཅག་གི་ཆོས་རྒྱལ་མེས་དབོན་རྣམས་དང་། མཁན་སློབ་ཆོས་གསུམ་སོགས་ཀྱི་ཐུགས་རྗེ་དང་བཀའ་དྲིན་དང་། ཁྱད་པར་དུ་རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུས་མཚོན་པའི་དུས་རབས་རིམ་བྱུང་གི་བོད་ཀྱི་ལོ་པཎ་དང་། མཁས་གྲུབ་རྣམས་ཀྱིས་རང་ཅག་གངས་ཅན་པ་རྣམས་ཀྱི་ཆོས་དང་རིག་གནས་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་བྱ་བ་ལ་ཐུགས་ལྷོད་སྐད་ཅིག་ཙམ་ཡང་མཛད་མྱོང་མེད་པ་བཞིན་དུ། ང་ཚོའི་མི་རབས་འདིས་ཀྱང་མེས་པོ་རྣམས་ནས་གཅིག་ལ་གཅིག་ཏུ་བརྒྱུད་ཡོང་བའི་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པའི་ཆོས་དང་རིག་གནས་ཕུན་སུམ་ཚོགས་པ་དང་། རྒྱ་ཆེན་པོ་བྱུང་བའི་ལོ་རྒྱུས་ཀྱི་ཤུལ་རྒྱུན་ཙམ་སྣང་བའི་གནས་སུ་གྱུར་པའི་དུས་ཤིག་ལ་ཐུག་ཡོད་ནའང་། ང་ཚོའི་མི་རབས་འདིས་ཤེས་རབ་དང་། ཐོས་བསམ། བརྩོན་འགྲུས་སོགས་ལ་བརྟེན་ནས་འཛམ་གླིང་གི་ཡང་རྩེ་སྟེ་རྒྱལ་མཚན་གྱི་ཏོག་ལྟར་གྱུར་པའི་བོད་གངས་པ་ཅན་ཞེས་པའི་སྣོད་བཅུད་གཉིས་ཀྱིས་བསྡུས་པའི་དཔལ་ཡོན་ཐམས་ཅད་དང་། སྒོས་ཁྱད་པར་དུ་རང་རེའི་བསོད་ནམས་ཀྱི་དཔལ་དུ་གྱུར་པའི་ཆོས་དང་རིག་གནས་ཆེ་ཆུང་ཐམས་ཅད་འཛིན་སྐྱོང་སྤེལ་གསུམ་བྱ་བ་ལ་མི་ཚེའི་སྐད་ཅིག་ཙམ་ཡང་ལྷོད་པར་མི་བཞུགས་པ་དང་མི་གཏོང་བའི་སྐུལ་མ་ཡང་ནས་ཡང་དུ་ཞུའོ། །
མཚམས་འདི་ནས་དམིགས་བསལ་དུ་ཞུ་དགོས་པ་ཞིག་ལ། རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཕུལ་བའི་སྐབས་དང་འབྲེལ་ནས་རང་རེའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་ལོ་རིམ་༢༠༡༠པའི་སྒྲ་བསྒྱུར་འཛིན་གྲྭའི་སློབ་མ་བྱང་བློ་བཟང་ཀུན་མཁྱེན་གྱིས་བྲིས་པའི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་གི་རྣམ་ཐར་བཀླགས་རྗེས་ཀྱི་གཏམ་དང་སེམས་ཡིད་ཀྱི་མཚོ་མོ་འཁྱོམས་པའི་རླབས་སྒྲ་ཞེས་པ་དང་། སློབ་གྲོགས་ཀླུ་འབུམ་རྒྱལ་གྱིས་བྲིས་པའི་ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་གྱི་མཛད་རྗེས་ལ་བསྟོད་པ་དྲི་ཟའི་གླུ་དབྱངས་ཞེས་པ་དང་། སློབ་གྲོགས་བཀྲ་ཤིས་མགོན་པོས་བྲིས་པའི་ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིག་པའི་བློ་གྲོས་ལ་བསྟོད་པ་ཡིད་ཀློང་ཕྲེང་བ་དཀར་པོའི་ཕྲེང་གཏམ་བཞུགས་སོ། །ཞེས་པ་དང་། བློ་གྲོགས་བློ་བཟང་ཚུལ་ཁྲིམས་ཀྱིས་བྲིས་པའི་ལོ་ཆེན་རིན་ཆེན་བཟང་པོའི་མཛད་རྗེས་ལ་བསྟོད་པ་དང་། སློབ་གྲོགས་ཡེ་ཤེས་ལྷ་མོས་བྲིས་པའི་རྗེ་བཙུན་ཏཱ་ར་ནཱ་ཐའི་མཛད་རྣམ་ལ་བསྟོད་པའི་མེ་ཏོག་ཕྲེང་མཛེས་ཞེས་པ་དང་། སློབ་གྲོགས་ཚེ་རིང་སྒྲོལ་དཀར་གྱིས་བྲིས་པའི་དངུལ་ཆུ་ངྷརྨ་བྷ་དྲའི་མཛད་རྗེས་ལ་བསྟོད་པའི་དྲི་ཟའི་གླུ་དབྱངས་ཞེས་པ་དང་། སློབ་གྲོགས་འདུག་ཁོས་བྲིས་པའི་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་མཆོག་གི་མཛད་རྣམ་རྒྱ་མཚོའི་ཟེགས་མ་ཞེས་པ་དང་། སློབ་གྲོགས་སྒྲོལ་མ་འཚོས་བྲིས་པའི་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ལ་བསྟོད་པ་མེ་ཏོག་ཕྲེང་མཛེས་ཞེས་པ་དང་། སློབ་གྲོགས་བདེ་ཆེན་དབང་མོས་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་མཛད་རྗེས་ལ་བསྟོད་པའི་སྙན་ངག་ང་རོའི་སྒྲ་ཞེས་བྱ་བ་བཞུགས་སོ། །ཞེས་པ་དང་། སློབ་གྲོགས་བཀྲ་ཤིས་འཚོས་བྲིས་པའི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་བསྟོད་དབྱངས་མཆོད་འབུལ་མ་ཞེས་པ་སོགས་ཀྱིས་མཚོན་པའི་སློབ་མ་བཅུ་བདུན་གྱིས་བོད་ཀྱི་ལོ་པཎ་དང་མཁས་གྲུབ་བཅུ་བདུན་ལྷག་གི་མཛད་རྗེས་ལ་རྗེས་དྲན་གྱི་བསྟོད་རྩོམ་བྲིས་ཤིང་། བསྟོད་རྩོམ་རེ་རེའི་བརྗོད་བྱའི་དོན་དང་། རྗོད་བྱེད་ཀྱི་ཚིག་སྦྱོར། མངོན་བརྗོད་ཀྱིས་བཅིངས་པ་དང་རྒྱན་གྱི་འགོད་སྟངས་སོགས་གང་གི་ཆ་ནས་ཤིན་ཏུ་ལེགས་པའི་ཚུལ་དུ་སྣང་བ་དང་། ཁྱད་པར་དུ་དེ་རིང་གི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་རིག་པའི་མཆོད་སྤྲིན་ཕུལ་བའི་སྐབས་སུ་སློབ་མ་རང་རང་སོ་སོས་དད་པ་དང་དགའ་བ་ཟུང་གི་སྒོ་ནས་འདིར་འདུས་ཀྱི་དགེ་སློབ་ཡོངས་ཀྱི་སྙན་དུ་ངག་སྐྱོར་མཛད་པ་ལ་བཀའ་དྲིན་ཆེ་ཞུའོ། །
མཇུག་མཐར་དེ་རིང་གི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་གསུམ་པ་རྩ་འཛུགས་བྱེད་མཁན་གྱི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་སློབ་མའི་ཚོགས་པ་དང་དངོས་གཞིའི་སློབ་མའི་ཚོགས་པ་ལ་གུས་པས་སེམས་གཏིང་གི་གཏམ་ཞིག་ཞུ་དགོས་པ་ལ། ང་རང་བོད་ཅིག་ཡིན་པའི་ཆ་ནས་དང་། ཁྱད་པར་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཀྱི་སྐད་ཡིག་གི་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཁྱེད་སློབ་གྲོགས་རྣམས་ཀྱིས་མཚོན་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་ཞིབ་འཇུག་སློབ་མ་དང་དངོས་གཞིའི་སློབ་མ་ཡོངས་ཀྱིས་བོད་ཀྱི་ལོ་པཎ་དང་མཁས་གྲུབ་གོང་མ་རྣམས་ཀྱི་མཛད་རྗེས་རྗེས་སུ་དྲན་པ་དང་འབྲེལ་ནས་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་གསུམ་པ་འདི་འདྲ་ཞིག་ནང་དོན་གྱི་ཆ་ནས་སྙན་ངག་གྱེར་འདོན་དང་། རིག་གཞུང་བགྲོ་གླེང་། མཛད་རྗེས་རྗེས་དྲན་སོགས་ཕུན་སུམ་ཚོགས་པ་དང་། རྣམ་པའི་ཆ་ནས་ཀྱང་བོད་རང་གི་ཆོས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཡོད་པའི་ཁར་བོད་ལྭ་གྱོན་པ་དང་བོད་སྐད་བཤད་པ་སོགས་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་པའི་དགའ་ལྡན་ལྔ་མཆོད་ཆེན་མོར་རྟེན་འབྲེལ་ཞུ་བའི་རིག་པའི་མཆོད་སྤྲིན་དགེ་བ་འབུམ་གྱི་ངོ་མཚར་འཕྲོ་བའི་རྟེན་འབྲེལ་ཞུ་བ་ཞིག་རྩ་འཛུགས་མཛད་པའི་བྱ་བ་ལེགས་པོ་འདིའང་བོད་ཀྱི་སྐད་ཡིག་གཉིས་གཙོས་པའི་ཆོས་དང་རིག་གནས་ཐམས་ཅད་འཛིན་སྐྱོང་སྤེལ་གསུམ་བྱ་བའི་བྱ་གཞག་རླབས་པོ་ཆེ་ཞིག་ཡིན་པས་ན་འདི་ནས་ལག་ཟུང་སྙིང་ཁར་སྦྱར་ཏེ་བཀའ་དྲིན་ཆེ་ཞེས་ཡང་ནས་ཡང་དུ་ཞུ་ཞུ་ཞུ་ཞུའོ། །
སྨྲས་པ།
         རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཏེར་ཆེན་པོ། །
         འཇམ་དཔལ་སྙིང་པོ་མི་ཡི་གར་བསྒྱུར་མཁན། །
         རྗེ་བཙུན་ཙོང་ཁ་པ་ཞེས་བཀའ་དྲིན་ཅན། །
         ཡང་ཡང་དྲན་ཚེ་འདི་ནས་རྗེས་དྲན་ཞུ། །
   ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་པ་སྨྲ་བའི་ཁྲོད་ན་རིག་པའི་ཁུ་བྱུག་གམ། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་དགའ་བའི་གོ་ཆ་ཞེས་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུལ་ལོའི་ཟླ་བ་བཅུ་པའི་ཚེས་ཉེར་ལྔའམ། སྤྱི་ལོ་༢༠༡༢ལོའི་ཟླ་༡༢པའི་ཚེས་༨ཉིན་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དགའ་ལྡན་ལྔ་མཆོད་ཅེས་པའི་རྟེན་འབྲེལ་ཞུ་བར་འཚོགས་པའི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་རྩེན་པའི་ལྡིང་ནས་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཁོང་གི་སྐུ་ཚེ་གང་བོར་སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་དུ་བོད་གངས་ཅན་པའི་བསྟན་འགྲོའི་དོན་ཆེན་དུ་ཆོས་མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་མཛད་པའི་རྣམ་ཐར་རླབས་པོ་ཆེ་རྣམས་ཁོ་བོ་རིག་པའི་ཁུ་བྱུག་གིས་མཇལ་དང་ཐོས་པའི་ཚེ་ན་མི་ཕྱེད་པའི་དད་པ་བརྟན་པོ་དང་དགའ་བ་འབུམ་གྱིས་རབ་ཏུ་བསྐུལ་ཏེ་བྲིས་པ་ཀུན་ནས་དགེ་བར་གྱུར་ཅིག་གོ། །
 
 
 
 
 
 
 
 
 
 
·རྩོམ་ཡིག་གོང་མ:ལྷ་སའི་ཇ་ཁང་།
·རྩོམ་ཡིག་འོག་མ:བོད་ཀྱི་ལྷ་མོའི་འཁྲབ་གཞུང་གི་དོན་བསྡུས།༦
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·རྩ་བ་དང་ཡལ་གའི་བཤད་པ། ། 2015/3/10 19:02:10
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢ 2013/10/5 19:55:37
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ། 2013/10/5 19:54:13
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
མིག་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.02MS