ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

བོད་ཀྱི་སྲོལ་རྒྱུན་སྨན་རྩིས་འཕེལ་རྒྱས་གཏོང་ཕྱོཊ་སྐོར་

  རྩོམ་པ་པོ:བསོད་ནམས་དཔལ་ལྡན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:1843ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/3/11 10:41:57ཚོགས་ཡར་སྤྲོད:admin
༄༅། །བོད་ཀྱི་སྲོལ་རྒྱུན་ལྡན་པའི་སྨན་རྩིས་འཕེལ་རྒྱས་གཏོང་ཕྱོགས་སློབ་གསོའི་གནས་བབས་ཀྱི་དྲན་སྐུལ་མེས་པོའི་ཞལ་རྒྱུན།
 
གོ་འཇོ་ནོར་ལྷ་བསོད་ནམས་དཔལ་ལྡན།
 
ནང་དོན་གནད་བཤུས༽བོད་ཀྱི་སྨན་རྩིས་ཞེས་སྲོལ་རྒྱུན་ལྟར་འཕེལ་རྒྱས་གཏོང་རྒྱུ་དང༌། སློབ་གསོ་སྐད་ཡིག་བཅས་དུས་བབས་ལྟར་བརྩོན་ལེན་བྱ་རྒྱུ།
བརྡ་ཆད་གཙོ་བོ༽ སྲོལ་རྒྱུན་སྨན་རྩིས། སློབ་གསོ་དྲན་སྐུལ་བཅས་སོ།
གངས་ཅན་གསོ་རིག་བྱེད་པོ་མཁས་རྒུའི་གཙུག་གི་རྒྱན། །གྲུབ་པའི་དབང་ཕྱུག་ཆེན་པོ་མ་ཧཱ་གུ་ནའི་མཚན། །འགྲོ་ཀུན་མ་རིག་དུཿཁའི་གཡང་ནས་སྐྱོབས་མཛད་པ། །སྨན་རྩིས་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས་གྱུར་ཅིག །ཐོག་མར་མཆོད་པ་བརྗོད་པ་སྔོན་དུ་ཕུལ་ནས། གང་གླེང་བར་བྱ་བ་ནི།
   བོད་རང་ལུགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ལ་ཞེན་ཆགས་གོམས་འདྲིས་ཅུང་ཟད་ཚུལ་གྱི་སྐལ་མཉམ་བདག་འདྲའི་ཚོགས་ལ་དོ་སྣང་བྱ་རྒྱུའི་སྐོར་ལ་དྲན་སྐུལ་ཙམ་ཞིག་ས་བཅད་རྣམ་པ་ལྔ་ཡི་སྒོ་ནས་ཞུ་རྒྱུ་ལས།
དང་པོ། བརྗོད་དོན་སྤྱི་དང་བྱེ་བྲག་རྣམ་པ་གཉིས་ལས།
སྤྱིའི་དོན་བསྟན་པ་ལ་གངས་ཅན་བོད་ཀྱི་བཅུ་ཕྲག་རིག་གནས་གཙོས་པའི་སྲོལ་རྒྱུན་ལྡན་པའི་སྨན་རྩིས་འདི་ཉིད་ཡུལ་སྲོལ་ཇི་བཞིན་འཕེལ་རྒྱས་གཏོང་རྒྱུ་དང༌། རང་ཕྱོགས་ནས་ཡུལ་སྲོལ་གོམས་གཤིས་འཚོ་བའི་ཆ་རྐྱེན་བསམ་བློའི་ཁྱེར་སོ་སོགས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཅུ་ཕྲག་རིག་གནས་རྣམས་གཅིག་ལ་གཅིག་བརྟེན་གྱིས་ཡ་མ་བྲལ་བའི་རྡོག་རྩ་གཅིག་བསྒྲིལ་གྱི་འཕེལ་རྒྱས་གཏོང་རྒྱུའི་འབད་བརྩོན་གནང་རྒྱུ་དུས་སུ་བབས་པ་དང༌།
གཉིས་པ། དེ་ལྟར་མིག་སྔར་རྒྱལ་ཁབ་ཕྱི་ནང་དུ་སྔར་ལས་ལྷག་པའི་ཕན་ཚུན་འགྲོ་འོང་ཤེས་བྱ་བགྲོ་གླེང་རིག་གནས་དཔལ་འབྱོར་བཅས་ཀྱི་རང་ལུགས་ལ་གཞི་འཛིན་བཞིན་འགྲན་རྩོད་ཛ་དྲག་པོའི་སྐབས་འདིར། འུ་ཅག་བློ་སྟོབས་ཞུམ་པ་མེད་པའི་སྨན་རྩིས་འདི་ཉིད་ཀྱི་གནས་བབ་ལ་དོ་སྣང་འཕེལ་རྒྱས་མྱུར་དུ་གཏོང་རྒྱུ་དང༌། སྨན་རྩིས་ཆེད་ལས་མཁས་དབང་རིམ་པ་གོང་འོག་རྣམས་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་སློབ་སྟོན་གསལ་བཤད་ཁྱབ་སྒྲགས་རྒྱུ་མཚན་ཡང་དག་གི་སྒོ་ནས་ཁྱད་ཆོས་འབུར་ཐོན་གྱི་དུས་བབས་རང་བཞིན་གྱི་བརྩོན་ལེན་བྱ་རྒྱུ་དང༌། སྤྱི་ཚོགས་ཀྱི་དགོས་མཁོ་ལྟར་འགྲོ་བ་མིའི་རིགས་ཀྱི་ཁེ་ཕན་དང༌། མི་རིགས་རང་ཉིད་ཀྱི་རིག་གནས་ཁག་རྒྱུད་འཛིན་དར་སྤེལ་གཏོང་དགོས་ཚེ་བདག་དང་བདག་འདྲ་བའི་ལས་བྱེད་པ་དང༌། སྨན་རྩིས་ཆེད་ལས་པ་རྣམས་ཅི་བྱ་གཏོལ་མེད་ཀྱི་གནས་ལ་མ་བསྡད་པ། བཅུ་ཕྲག་རིག་གནས་སྦྱོང་སྤྱོད་སྤེལ་གསུམ་གྱི་གོ་སྐབས་དང་སྒྲིག་གཞི་ཡོད་མེད་ལ་མ་ལྟོས་པར་མེས་པོ་གོང་མ་རྣམས་ཀྱི་ཤུལ་བཞག་མཛད་པའི་རིག་པའི་གནས་འདི་ཉིད་བྱ་བ་ཐང་ལྷོད་མེད་པའི་འཕེལ་རྒྱས་དང་མྱུར་སྐྱོབ་བྱ་ཐབས་ལ་ཐུགས་བསམ་ཡང་ནས་ཡང་དུ་བཞེས་རྒྱུ་འོས་འགན་ཕྲག་ཏུ་བབས་ཡོད་པས། དེང་དུས་སྨན་རྩིས་གཞུང་ལུགས་ཀྱི་དགོངས་པ་དང་རྒྱབ་འགལ་འགྲོ་བཞིན། ཁྱད་པར་དུ་གཞུང་ལུགས་དང་ལག་ལེན་གཉིས་ཁ་འབྲལ་བ་དང༌། སྨན་རྫས་དང་སྨན་པ་ཁ་འབྲལ་བ། སྨན་པས་སྨན་རྫས་ངོས་འཛིན་ཡག་པོ་མ་ཐུབ་པའི་ནོར་སྐྱོན་དང༌། སྨན་པ་དང་ལག་ལེན་ཁ་འབྲལ་བ། གཞུང་ལུགས་དང་ནད་ཐོག་ཁ་འབྲལ་ཞིང་འཕྲུལ་ཆས་ཅན་དུ་འགྱུར་བཞིན། ཉེས་སྐྱོན་དེ་ཐོག་མར་སྨན་རྫས་ནས་འགོ་ཚུགས་པའི་སྨན་རྫས་ཚུལ་བཞིན་སྒྲུབ་མི་ནུས་པ་དང༌། སྨན་རྫས་རྣམས་བསིལ་དྲོད་དང་སྨན་རྫས་བཏུ་ཚུལ་དང་མི་ལྡན་པ་སོགས་ཀྱི་ནད་ཐོག་སྨན་དེ་འབྱོར་སྐབས་ནད་ལ་ཕན་གནོད་མེད་པ་བཅས་ཀྱི་གནས་ཚུལ་ཐོན་བཞིན་ཡོད་པ་དང༌། མིག་སྔར་སྤྱིར་སྨན་རྫས་ཚོང་གཉེར་མཁན་མང་པོ་ཡོད་ཀྱང་སྨན་གྱི་ཕན་ནུས་ཐོག་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་གྱི་སྒྲིག་གཞི་གོང་འོག་ལ་གསལ་བརྟན་མེད་པ་དང༌། གལ་ཏེ་ཡོད་ཚེ་བོད་སྨན་རང་ལུགས་ལྟར་ཚོད་འཛིན་མ་ཤེས་པ་ར་མགོ་ལུག་སྦྱར་གྱི་གནས་ཚུལ་ཐོན་བཞིན་ཡོད་པས། བོད་ཀྱི་སྨན་རྩིས་འདི་ཉིད་འཕེལ་རྒྱས་ངེས་པར་དུ་དུས་བབ་རང་བཞིན་གཏོང་དགོས་ན་ཐོག་མར་རྨང་གཞི་བརྟེན་པོ་ཞིག་དགོས་པ་རེད། རྨང་གཞི་ནི་གཙོ་བོ་འཕེལ་རྒྱས་གཏོང་བ་པོ་རང་ཉིད་གཙོས་པའི་ཁོར་ཡུག་དང༌། དཔལ་འབྱོར་ངེས་ཅན་ཞིག་ལ་རག་ལས་ཡོད་པ་དང༌། སྲོལ་རྒྱུན་ལྡན་པའི་རྒྱུད་བཞིའི་ནང་དོན་ལྟར་སྨན་དཔྱད་ཀྱི་ཐབས་ཤེས་བཟང་པོ་དེ་ཉིད་རྒྱུན་འཁྱོངས་བྱ་རྒྱུ་དང༌། སྔར་ལས་ལྷག་པའི་ལག་བསྟར་བྱས་ཏེ། འགྲོ་བ་མི་ཡི་རིགས་ཀྱི་ཚེ་སྲོག་མྱུར་སྐྱོབ་བྱ་རྒྱུ་ནི་ལས་འགན་གཙོ་བོ་ཞིག་ཏུ་གྱུར་བཞིན་དོན་དངོས་པོའི་སྨན་རྩིས་ཀྱི་དགོས་དོན་དང་ཕན་འབྲས་ནུས་པ་འབུར་ཐོན་གྱི་གསལ་ཁ་སྟོན་རྒྱུ་ནི་གནད་དམ་པའོ།
གསུམ་པ།   སྲོལ་རྒྱུན་ལྡན་པའི་བོད་ཀྱི་སྨན་རྩིས་གཞུང་ལུགས་ལས་ཁྱད་ཆོས་
འབུར་དུ་ཐོན་པའི་སྨན་སྦྱོར་ལག་ལེན་བྱ་རྒྱུའི་སྐོར་ལས།
བོད་ཀྱི་གསོ་རིག་འདི་ཉིད་དུག་ཡོད་པ་ཤེས་པ་ནས་བཟུང་ལུས་སེམས་ལ་ཕན་པའི་སྨན་ཡོད་པས། མི་གང་རུང་ཞིག་གིས་ཉམས་མྱོང་དང༌། མི་གང་རུང་ཞིག་གིས་ཚོད་ལྟ་བྱས་པའི་བོད་ཀྱི་གསོ་རིག་འདི་རྩ་བ་ནས་མ་ཡིན་པ། གནའ་རབས་ལོ་རྒྱུས་ཡུན་རིང་ལྡན་པའི་འཇིག་རྟེན་མི་ཡུལ་དུ་དར་ཚུལ་སོགས་གཏམ་རྒྱུད་མང་དུ་ཡོད་པའི་རྒྱ་དཀར་ནག་སོགས་ནས་གསོ་རིག་ཀུན་གྱི་ལེགས་པའི་ཆ་ཡོངས་རྫོགས་འཚོལ་བསྡུ་དར་སྲོལ་རྒྱུན་ཆད་མེད་པར་ལོ་ངོ་སྟོང་ཁྲག་མང་པོའི་རིང་ལ་གནས་ཐུབ་པ་བྱུང་ཡོད་པ་མ་ཚད།  ཕྱི་ནང་གི་འབྱུང་འགྱུར་ཁམས་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ཚུལ་གྱི་ཐོག་མར་ལུས་ཆགས་པའི་ཚུལ་གྱི་རྒྱུ་རྐྱེན་དང༌།      བར་དུ་གནོད་བྱ་གནོད་བྱེད་ཀྱི་བདག་ཉིད་གཅིག་འབྲེལ་གྱི།   ལུས་ནད་གཉེན་པོ་བདག་ཉིད་གཅིག་ཏུ་འབྲེལ་ཞེས་པ་ལྟར་འཚོ་གནས་དགོས་པའི་མཐར་ལུས་འཇིག་པའི་འཆི་ལྟས་འབྱུང་ཁམས་ཐིམ་རིམ་བར་དུ་འགྲེལ་བཤད་རྒྱུ་མཚན་འགྲེལ་རྒྱུའི་ཁྱད་ཆོས་དང་ལྡན་ཞིང་ནད་ཐོག་དང་སྨན་རྫས་སྐོར་གྱི་ཁྱད་ཆོས་དམིགས་བསལ་མང་དུ་ཡོད་པས། བཤད་རྒྱུད་སྤང་བླང་མུ་བཞིའི་ལས།  སྨན་པ་སྨན་དང་ནད་གཡོག་རྣམ་པ་གསུམ།  །སྨན་པ་མཁས་པའི་སྟེགས་ལ་འཛེགས་པ་དང༌།  །གཞུང་གི་དོན་ཤེས་ལས་རྣམས་མཐོང་ཞིང་གཙང༌། །སྨན་ནི་ཆོ་ག་ཡོད་ཏན་མང་དུ་ལྡན། །ཕུན་སུམ་ཚོགས་ཤིང་འཕྲོད་པར་སྦྱར་བ་འོ། །ནད་གཡོག་སྒྲིན་བརྩེ་གཙང་སྦྲ་བློ་དང་ལྡན། །ཡན་ལག་བཅུ་གཉིས་ལྡན་ན་གསོ་བ་སླ། ཞེས་པ་ལྟར། སྨན་རྫས་ཡོད་དོ་ཅོག་མིའི་ལུས་ཐོག་བེད་སྤྱོད་མ་བྱེད་པ་ད་ལྟ་བེད་སྤྱོད་བྱེད་བཞིན་པའི་སྨན་སྡེབ་སྦྱོར་གསར་པ་ཟེར་བ་གཅིག་ཀྱང་ཡོད་པ་མ་རེད། ཁྱད་པར་དུ་བོད་ཀྱི་སྨན་རྫས་གཏེར་དངོས་དང་སྐྱེ་དངོས་གང་ཡིན་རུང་འཚོ་བ་དངོས་ཀྱི་ཟས་སྐོམ་སྤྱི་དང་འདྲ་བའི་རང་འབྱུང་ཁམས་ཀྱི་སྨན་རྫས་ཤ་དག་ཡིན་པ་ལས། རྒྱུད་བཞི་ལས། ཐབས་དང་ཐབས་བྱུང་འབྲེལ་བ་ཅི་སྟེ་མེད། །འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། ཞེས་པ་ལྟར། མདོར་ན་ཟས་སྤྱོད་སྨན་དཔྱད་བཞི་ཡི་གཉེན་པོ་བསྟེན་ཚུལ་དང་སྨན་པ་སྨན་དང་ནད་གཡོག་རྣམ་པ་གསུམ་གྱི་དམིགས་ཡུལ་ནི་ལུས་སེམས་དེ་ཉིད་ཀྱི་གནས་སྐབས་ཙམ་གྱི་འབྱུང་བའི་ཁམས་སྙོམས་ཐབས་ཀྱི་ཟས་སྤྱོད་སོགས་ལ་དོ་སྣང་དགོས་པ་ནད་པའི་ལུས་ཐོག་ནས་རང་ཉིད་ཀྱིས་རྟོགས་ནུས་པ་མ་ཚད། བོད་ཀྱི་རང་བྱུང་ཁམས་ཀྱི་སྨན་རྫས་འདི་ཉིད་སྤྱིར་རྒྱུན་དུ་འཚོ་བ་དངོས་དང་འབྲེལ་ཆེ་བ་མ་ཟད། རྒྱུན་དུ་ཟས་སྐོམ་ཚུལ་གྱི་རྒྱུན་སྤྱོད་བྱས་པའི་རང་བྱུང་ཁམས་ཀྱི་སྨན་རྫས་ཁོ་ན་ཡིན་པ་དང༌། ནད་གཞི་སྣ་རེ་ཙམ་བཅོས་ཐབས་མ་ཡིན་པ། བོད་སྨན་འདི་སྨན་སྣ་བཟང་པོ་དྲུག་གཙོས་པའི་དོན་ལྔ་སྣོད་དྲུག་སོགས་ཀྱི་ཁ་འཛིན་དང༌། རོ་ནུས་ཞུ་རྗེས་དང༌། འབྱུང་ཁམས་ཀྱི་ཆ་སྙོམས་ཐབས་ལ་བརྟེན་ནས། འཕྲོད་པར་སྦྱར་བ། དུག་འཕྲལ་བ། དུག་འདོན་པ། བཙོ་བ། བཀྲུ་བ། རྩེ་ཕྱུང་བ།  རྣོ་འདོན་པ།  བུངས་བསྐྱེད་པ།ཁ་བསྒྱུར་བ་སྨན་ནུས་ཇེ་བཟང་དུ་གཏོང་རྒྱུ་སོགས་ཀྱི་སྨན་འདུལ་ཐབས་སྤྱིར་རྣམ་གྲངས་བཅུ་གཅིག་ཙམ་བསྟན་ཡོད་པས། སྨན་སྣ་གཉིས་གསུམ་ནས་སྨན་སྣ་བརྒྱ་ལྷག་ཙམ་གྱི་སྦྱོར་སྡེབ་བྱེད་དགོས་དོན་ནད་རླུང་མཁྲིས་བད་ཀན་གསུམ་གཙོས་པའི་དོན་ལྔ་སྣོད་དྲུག་སོགས་ལ་ཕན་ཚུན་ཕོག་ཐུག་དང༌། ཕན་ཚུན་དགྲ་མདའ་རུ་མི་འགྲོ་བའི་ཁྱད་ཆོས་མཐོང་ཐོས་མྱོང་གསུམ་གྱི་རྟོགས་ནུས་ཀྱང༌། གཉེན་པོ་ཐང་ཕྱེ་རིལ་བུ་ལྡེ་གུ་སྨན་མར་ཁཎྜ་སྨན་ཆང་དུགས་ལུམས་བྱུག་པ།     གཏར་བསྲེགས་སོགས་ཀྱི་ཕྱག་ལེན་མཐོང་རྒྱུད་བཅས་ངེས་པར་དུ་ཐོབ་དགོས་པ་མ་ཟད༌། གནང་རིགས་རྗེས་བྱང་གི་སྨན་པ་ཞེས་དོན་དང་ལྡན་དགོས་པའི་ཕྱིར་རོ། དེ་ལྟར་གཞུང་ལུགས་དང་ལག་ལེན་ཟུང་གི་ནད་ཅན་གྲངས་མེད་པའི་ཚ་བསིལ་གྱི་སྡུག་བསྔལ་ཁ་ཡོད་ལག་ཡོད་ཀྱི་སེལ་བཞིན་ཡོད་པ་བཤད་མ་དགོས། རིག་གཞུང་གི་ཆ་ཡོངས་སུ་རྫོགས་པའི་གཞུང་ལུགས་ཀྱི་དགོས་པ་རྒྱུ་མཚན་ངོ་བོ་མཚན་ཉིད་གང་གི་སྒོ་ནས་བཤད་དགོས་ཀྱང་ཚན་རིག་གསར་པས། བོད་ཀྱི་སྨན་རྩིས་ཀྱི་དགོངས་དོན་རྟོགས་རྒྱུ་ལ་རྒྱང་ཐག་རིང་ཙམ་ཡིན་པ་སྣང༌། སྨན་རྩིས་ཀྱི་གཞུང་ལུགས་དང་ལག་ལེན་ཇི་བཞིན་ཕྱི་ལུགས་ཀྱིས་དཔྱད་མ་ཐུབ་པ་དང༌། བློ་ལ་མ་ཤོང་པ་མང་དུ་ཡོད་པས། དཔེར་ན་ཕྱི་སྣོད་བཅུད་ཀྱི་ཁམས་དང་ནང་བཅུད་སེམས་ཅན་གཉིས་ཀྱི་ཁམས་བདག་ཉིད་གཅིག་ཏུ་རྟོགས་པའི་གཞན་ལ་མེད་པའི་ཁྱད་ཆོས་དང༌། ནད་ཀྱི་རྒྱུ་འདོད་ཆགས་ཞེ་སྡང་གསུམ་ལས་འབྲས་བུ་རླུང་མཁྲིས་བད་ཀན་གསུམ་ལ་བསྡུས་པའི་ཁྱད་ཆོས་དང༌། དར་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་ཁམས་ལྔ་ལ་བརྟེན་ནས་སྐྱེ་འཕེལ་བྱུང་ནས་མཐར་ལུས་ཀྱི་རྣམ་པར་ཤེས་པ་དེ་ཉིད་གཞི་དབྱིངས་འོད་མི་འགྱུར་གྱི་གནས་སུ་ཐིམ་པའི་བར་དུ་རྒྱུ་མཚན་ཡང་དག་བརྗོད་རྒྱུ་ཡོད་པ་དང༌། ལུས་ཆགས་པའི་གོ་རིམ་ཡང་ཆེས་སྔོན་ཐོན་གྱི་ལྟ་བ་ཉ་དང༌། རུས་སྦལ། ཕག་པའི་གནས་སྐབས་གསུམ་ཡང་གཞན་ལ་མེད་པའི་ཁྱད་ཆོས་ལྡན་ཡོད་པ་དང༌། དཔྱད་བཅོས་སྐབས་ལས། མཁྲིས་པ་བཤལ་ལས་མི་འདའ། བད་ཀན་སྐྱུགས་ལས་མི་འདའ། རླུང་ལ་འཇམ་རྩི་ལས་མི་འདའ་བའི་ཁྱད་ཆོས་དང༌། གཏར་བསྲེག་དུགས་ལུམས་བྱུག་པ་སོགས་ཀྱི་བཅོས་ཐབས་ཕུན་སུམ་ཚོགས་ལ་ལག་ལེན་གྱི་རྣམ་གྲངས་བརྗོད་ཀྱི་མི་ལངས་པ་ཡོད་པས། དེ་ལྟར་ཕྱི་མ་རྒྱུད་ཀྱི་དཔྱད་ལྔ་སོགས་མྱུར་སྐྱོབ་དང་ཞིབ་འཇུག་ཅིག་གྱུར་མྱུར་དུ་དུས་ལས་མ་འགྱངས་པར་བྱེད་དགོས་པ་སྙམ་མོ།
བཞི་པ།    སྨན་རྫས་འཐུ་སྒྲུབ་བདག་གཉེར་གཅེས་སྤྲས་སྲོལ་རྒྱུན་ལྡན་པའི་རྒྱུན་འཁྱོངས་བྱ་རྒྱུ་སྐོར་ལ་ངེས་པར་དུ་དོ་སྣང་དགོས་པ་ནི།
ཤེལ་གོང་ལས། སྨན་ནུས་འབྱུང་བ་རྣམ་ལྔས་བསྐྱེད་པ་ལས། །རོ་དྲུག་ཞུ་རྗེས་གསུམ་དང་ནུས་པ་བརྒྱད། །ཡོན་ཏན་བཅུ་བདུན་རྐྱང་ལྡན་འདུས་འཚོགས་ལས། །སྐྱེས་ཚད་མཐོང་ཚད་སྨན་དུ་གཏོང་ནུས་ཕྱིར། །ས་སྟེང་སྨན་མིན་ཅི་ཡང་ཡོད་མ་ཡིན། །འོན་ཀྱང་སྔ་རབས་རྣམས་ཀྱིས་ངོས་བཟུང་ཞིང༌། །མིང་འདོགས་མཛད་ལ་འབྱུང་བ་ངོ་བོ་གཉིས། །འབྱུང་ནུས་རོ་འདྲ་ཞུ་རྗེས་མི་འདྲ་དང༌། །ནུས་པ་འདྲ་ཡང་བྱེད་ལས་ཐ་དད་པ། །མངོན་མཁྱེན་ཅན་ལས་སོ་སྐྱེའི་སྤྱོད་ཡུལ་མིན། །ངོབོའི་ནུས་པར་རྣམ་པ་བརྒྱད་ཡིན་ཏེ། །འབྱུང་བསྐྱེད་རོ་ནུས་ཞུ་རྗེས་ཡོན་ཏན་ལས། །བྱེད་དང་སྐྱེ་སའི་སྟོབས་ཀྱི་ནུས་པ་དང༌།།དྲི་ཡི་ནུས་པ་གཉེན་པོའི་ནུས་པ་དང༌། །རིགས་མཐུན་ནུས་པ་ཁ་དོག་དབྱིབས་མཐུན་ནུས། །རྟེན་འབྲེལ་ནུས་པ་སྨོན་ལམ་ནུས་པའོ། །ཕྱི་མ་བདུན་པོ་རང་རང་ལས་བྱེད་ལས། །རོ་ནུས་ཞུ་རྗེས་ཡོད་ཏན་ལ་མ་ལྟོས། ཞེས་པ་དང༌། དེ་ལྟར་གཏོང་ལུགས་གབ་སྤྲད་ནས་གཏོང་བ་འདི་ནི་ཤིན་ཏུ་གནད་ཆེ་ལ་རྒྱུ་མཚན། ནམ་ཟླའི་དུས་དང༌། དེ་ལས་བྱུང་བ་འབྱུང་ལྔའི་ཤུགས་དང༌། དེས་བསྐྱེད་པ་སྨན་གྱི་རྩ་སྡོང་ལོ་འབྲས་སོགས་དང༌། དེ་ལ་གནས་པ་རོ་ནུས་ཞུ་རྗེས་དང༌། དེའི་འབྲས་བུ་ཡོན་ཏན་ནུས་པ་དང༌། དེ་ཡང་ཉེས་པ་དང༌། གཙོ་བོ་དང༌། རིགས་དང༌། གནས་ལ་སྦྱར་བའི་ལག་ལེན་དམར་ཁྲིད་ཀྱི་སྒོ་ནས་བཏུ་བའི་དུས། བཏུས་པའི་རྩ་ལོ་སོགས་སོ་སོར། ལུས་གནས་ཕྱི་ནང་གི་ནད་སོ་སོ་ལ་འཕྲོད་མི་འཕྲོད་ཀྱི། རྡེའུ་བཞག་ངོ་དོན་འཕྲོད་པ་ངོ་མཚར་ལ་ཡིད་ཆེས་པ་བྱ་རྒྱུ་ཡོད་པ་ནི།  འཚོ་མཛད་རྣམས་ཀྱི་དགོངས་པར་གསལ་བ་ལྟར། སྨན་ངོ་འཕྲོད་པ་དང་རོ་ནུས་སོགས་གསལ་ལ་བཏུ་བའི་དུས། རྒྱུ་མཚན་བཅས་ཤེས་ཀྱང༌། ལེ་ལོ་མེད་པའི་བརྩོན་འགྲུས་དགོས། ཞེས་མཁས་དབང་དེ་ཉིད་ཀྱི་རྒྱུད་གཞུང་དུ་མ་ལས་དུས་རྟག་ཏུ་ཤེས་རྟོགས་བྱེད་དགོས་པ། བོད་ཀྱི་གསོ་རིག་གཞུང་ལས་གསུངས་པ་ཇི་བཞིན་རང་འགུལ་གྱི་སློབ་སྦྱོང་བྱས་ཏེ་ལྷག་བསམ་རྣམ་དག་གིས་སྒོ་ནས་མཐོང་བ་རྒྱུད་པའི་ཕྱག་ལེན་ལ་དོ་སྣང་བྱེད་པ་ཡིན་ན། དེང་དུས་ཀྱི་འཆར་འགོད་ལས་ཞིབ་ཕྲ་བས་གཙང་སྦྲ་སོགས་དང༌། ཞིབ་འཇུག་དང་འཕེལ་རྒྱས་གཏོང་རྒྱུ་ནི་ཟད་པའི་མཐའ་དང་བྲལ་བའི་གསོ་རིག་ཞིག་ཡིན་པ་བཤད་མ་དགོས་པ་དང༌། དེང་དུས་རྒྱལ་སྤྱི་རྒྱལ་ནང་གི་གསོ་རིག་སྤྱིའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་སྨན་སྲིད་དོ་དམ་ཚོད་འཛིན་བྱ་ཐབས་སྣ་ཚོགས་ལག་བསྟར་བྱེད་བཞིན་ཡོད་ཀྱང༌། བོད་སྨན་རང་ལུགས་ཀྱི་གསོ་རིག་ལས་སྨན་རྫས་འཚོལ་བསྡུ་བདག་གཉེར་ལག་ལེན་བྱ་ཐབས་སོགས་ཀྱི་ལེགས་བཤད་དེ་ཉིད་ལས་འཕགས་པའི་དོན་སྙིང་ལྡན་པ་ཞིག་རྩ་བ་ནས་བྱུང་ཐུབ་མེད་པས། དཔེར་ན། རང་སྣང་གང་ཤར་གྱིས་འབུད་ཤིང་དང་རྩྭ་སོགས་གནས་གང་ནས་བྱུང་ཀྱང་བཀོག་ནས་སེམས་ཅན་གྱི་སྔོན་ལ་རྩྭ་སོག་གཡུག་པ་ནམ་བཞིན་སྨན་བསྡུ་བ་ནི་སྨན་པའི་དམ་ཚིག་ཉམས་པའི་རྒྱུ་ཡིན་པས། སྨན་རྩྭ་འཐུ་སྒྲུབ་ཀྱི་གནས་དང༌། ཡུལ། དུས་ཚིག་ངེས་ཅན་གྱི་གཅེས་པའི་ཡན་ལག་བདུན་ཞེས།  རྩ་ཁྲིམས་གཏན་ལ་ཕོབ་ཡོད་པ། ཕྱི་མ་རྒྱུད་ལས། །སྔོ་མི་སྐྱེ་བའི་ཡུལ་ནི་གཅིག་ཀྱང་མེད། །དེ་ལ་གཅེས་པའི་ཡན་ལག་བདུན་ལྡན་དགོས། །སྐྱེ་སར་སྐྱེས་དང་དུས་སུ་བཏུས་པ་དང༌། །སྐམ་གསེད་ལེགས་དང་སོ་མ་རྙིང་པ་དང༌།  །དུག་འདོན་འཇམ་བརྩལ་འཕྲོད་པར་སྦྱར་བའོ། །ཞེས་པ་སོགས༌། གཉེན་པོ་སྨན་རྣམས་བེད་སྤྱོད་བྱ་ཡུལ་ཡང་ཞིབ་ཅིང་ཕྲ་བ་བསྟན་ཡོད་པ་ནི། རྩ་རྒྱུད་ལས། རྩ་བས་རུས་པའི་ནད་སེལ་བ། །སྡོང་པོས་ཤའི་ནད་སེལ་བ། །ཡལ་གས་རྩ་རྒྱུས་ཀྱི་ནད་སེལ་བ།  །ཤུན་པས་པགས་པའི་ནད་སེལ་བ། །ལོ་མས་སྣོད་ཀྱི་ནད་སེལ་བ། །མེ་ཏོག་གིས་དབང་པོའི་ནད་སེལ་བ། །འབྲས་བུས་དོན་སྙིང་གི་ནད་སེལ་བ། ཞེས་གསུངས་པ་ལྟར་རྩ་དོན་འདི་དག་རྒྱུན་འཁྱོངས་ཞིབ་འཇུག་འཚོལ་བསྡུ་ཚུལ་བཞིན་བྱེད་མ་ཐུབ་པའི་འགལ་རྐྱེན་མང་དུ་ཐོན་བཞིན་ཡོད་པས།  བཤད་རྒྱུད་ལ། སྨན་གྱི་ནུས་པ་རོ་ནུས་ངོ་བོ་གཉིས། །སྤྱི་དང་བྱེ་བྲག་ཅེས་སུ་གསུངས་པ་ཡིན། །དང་པོ་ནུས་སྟོབས་ཡོན་ཏན་གསུམ་དུ་བཤད། །ཞེས་དང༌། ཡོན་ཏན་མ་ལུས་སྙིང་པོར་གྱུར་པ་དང༌། །ནུས་པའི་ཁྱད་དང་ལྡན་པས་མཐུ་ཞེས་བརྗོད།   །གངས་ཅན་འབིགས་བྱེད་ཟླ་ཉའི་སྟོབས་ཅན་ལས། །བསིལ་དྲོད་ཕུལ་དུ་བྱུང་བས་སྟོབས་ཞེས་བྱ། །དེ་ལ་ཚ་བས་གྲང་བའི་ནད་རྣམས་སེལ། །བསིལ་བས་ཚ་བའི་ནད་རྣམས་སེལ་བར་བྱེད། ཅེས་པ་ལྟར་སྨན་གང་ཡིན་རུང་སྐྱེ་སར་དང་དུས་ཚོད་ངེས་ཅན་དང་བསྟུན་དགོས་པ་ནི། ཡང་ཤེལ་གོང་ཕྲེང་ལས། ཇི་སྐད་དུ་སྟོན་ཟླ་ཐ་ཆུང་དཔྱིད་ཟླ་འབྲིང༌། །ཉ་ཡི་ཚེ་ན་བཙལ་བར་བྱ། ཞེས་དང༌། སྟོན་བཏུ་རི་ཥིའི་དུས་དང་སྤྲད། དབྱར་བཏུ་ཚེ་ཕག་ཞག་བྱོལ། དུས་ནམ་ཡང་ཀླུ་རིགས་ལྡནའཆར་ཚེ་སྤང་དགོས་ཞེས་གསུངས་པ་ལྟར། སྤང་བླང་འདི་རིགས་ཞིབ་པར་བརྩི་རྒྱུ་ནི།  སྨན་དཔྱད་དང་སྨན་འཐུ་སྒྲུབ་སྦྱར་བཟོ་གང་ལའང་ངེས་པར་དུ་དོ་སྣང་དགོས་པ་དང༌།  རྒྱུད་ལས། སྐམ་གསེད་གང་ཡང་བཏུ་དུས་རྨ་ཕབ་ལ། །བསིལ་སྨན་གྲིབ་ལྷགས་དྲོད་སྨན་མེ་ཉིས་བསྐམ། །བསིལ་གྱིས་མ་ཞིག་མེ་ཉིས་མ་གདུང་པ། །དུ་བ་མ་ཕོག་གཞན་གྱི་དྲིས་མ་གོས། །རང་གི་ནུས་ལྡན་ཡོན་ཏན་དཔག་ཏུ་མེད། ཅེས་པ་དང༌། བདུད་རྩི་མཆོག་ལུང་ལས། བཙལ་བའི་ཐབས་ནི་འདི་ལྟར་བྱ།  །བྱིས་པ་ལོ་དྲུག་ལོ་བདུན་མན། །ཁྲུས་བྱས་དར་དཀར་གོས་གྱོན་ནས། །ཤར་ཕྱོགས་ལོགས་སུ་ཁ་བལྟས་ཏེ། །ལྷ་ཕྱག་ལན་གསུམ་བཙལ་ནས་ནི། །ཞེས་དང་རྒྱུད་ལས། གཙང་མའི་བྱིས་པ་ཁྲུས་བྱས་མཛེས་པར་བརྒྱན། །གཟུངས་སྔགས་རྟེན་འབྲེལ་སྙིང་པོ་བཟླས་ཤིང་བཏུ། ཞེས་དང༌། དེང་གི་དུས་འདིར་སྨན་རྫས་སྐོར་ལ་གནད་དོན་ཚབས་ཆེ་ཤོས་སུ་གྱུར་པ་ནི། བཤད་རྒྱུད་ལས། དམ་ཚིག་ལྡན་པ་བློ་གཞག་རྣམ་པ་དྲུག །བཟུང་བྱ་གཉིས་དང་ཤེས་བྱ་གསུམ་དུ་བཤད། །ཞེས་དང༌། གཉིས་པ་སྨན་གྱི་རིག་འཛིན་ཆ་བྱད་རྣམས།  །བཀའ་སྲུང་ཕྱག་ཆ་ལྟ་བུར་བཟུང་ཞིང་བསྲུང༌། །གསུམ་པ་སྨན་རྣམས་ནོར་བུ་བདུད་རྩི་དང༌། །མཆོད་རྫས་ཤེས་པར་བྱ་བ་གསུམ་ཡིན་ཏེ། །དགོས་འདོད་འབྱུང་བའི་ནོར་བུར་ཤེས་པར་བྱ། །ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱ། །ཕུད་ཀྱིས་རིག་འཛིན་མཆོད་པའི་རྫས་སུ་ཤེས། །དང་པོ་རིན་པོ་ཆེ་དེ་བཙལ་ལ་བཅང༌། །གཉིས་པ་ལེགས་པར་སྦྱར་ལ་བྱིན་གྱིས་བརླབ། ཅེས་དང༌། དངོས་གྲུབ་བླངས་པས་རང་གི་ནད་གདོན་བསལ། །ནད་པས་བསྟེན་པས་འཆི་བ་སོས་པར་བསམ། །དམ་ལྡན་བྱིན་འབེབས་བཀྲ་ཤིས་བསོད་ནམས་འབྱུང༌། ཞེས། ཇི་སྐད་དུ། གཙང་སྦྲ་ཆེ་བ་བྲམ་ཟེ་ལྟ་བུར་དགོས། །སྨན་གཙང་བྱིན་རླབས་ལྡན་ལ་མཆོད་རྫས་རུང༌། །ཁྱི་ཕག་ལྟར་སྤྱོད་བྱིན་ཡལ་མཆོད་མི་རུང༌། །གང་ཟག་མཆོག་ལ་དྲངས་པས་ལྟུང་བ་འབྱུང༌། །ཞེས་སྨན་པ་ཕལ་ཆེར་བག་མེད་པས་ལག་ལེན་མི་གཙང་བ་དང༌།  སྨན་གཞན་ལ་སྨན་རྩི་ལྟ་བུར་མ་འབྱེད་པའམ་ལེགས་ཉེས་བརྟག་ཚེ་རོ་མྱང་ཕྱིར་སོས་འདེབས་པ་དང༌།ཚ་སྣ་སོགས་ལ་ལྕེས་རེག་ནས་མཆིལ་མ་བཅས་པར་སྨན་མང་ནང་དུ་ཕར་བཅུག་ལ་འཚག་པ་ནི་ཤིན་ཏུ་སྤྱོད་པ་ཐ་ཆད་པ་ཡིན་ཞེས་དྭགས་སྨན་ཟླ་བ་རྒྱལ་མཚན་སོགས་ཀྱིས་གསུངས་པ་ལྟར། འོ་ཅག་སྨན་པ་རྣམས་ཀྱིས་རྒྱུད་ཚིག་འདི་དག་དུས་རྟག་ཏུ་ཡིད་ལ་འཇོག་རྒྱུ་ནི། དགེ་རྒན་དམ་པ་རྣམས་ཀྱི་བཀའ་དང་བཀའ་བསྲུང་དམ་ཅན་སྡེ་དགུ་རྣམས་ཀྱི་ཞབས་སུ་དེ་དག་ཐམས་ཅད་བདག་གིས་བགྱིས་ཞེས་དམ་བཅའ་བཅས་པའི་སྒོ་ནས་རྒྱུན་འཛིན་བྱེད་དགོས་ཀྱང༌། དེ་ལས་ལྡོག་ཏེ་སྨན་བཟོ་གྲྭ་ཕལ་ཆེར་བའི་འཁོར་ཁང་དུ་གཞོན་ནུ་མང་དག་ཞིག  དགེ་རྒན་མཚན་ཉིད་དང་ལྡན་པ་ཞིག་བསྟེན་མྱོང་མེད་པའམ་སྨན་གྱི་གཞུང་ལུགས་དང་ལག་ལེན་མ་ཤེས་པ་ཤ་དག་ཡིན་འདུག་པས་ཀུན་སློང་གིས་མ་འདང་པ་དང་གཙང་སྦྲ་ཚུལ་བཞིན་མ་ནུས་པ། ཆེས་ཉེས་སྐྱོན་ཚབས་ཆེ་ཤོས་ནི། སློབ་དཔོན་རིན་པོ་ཆེས། དུ་བ་སྣ་འཐན་ང་ཡི་སློབ་མ་མིན་ཞེས་པ་ལྟར། སྨན་རྫས་སུ་གཙོག་གྲིབ་དང་ཉེས་པ་ཤིན་ཏུ་ཆེ་བ་ཁ་རུ་ཐ་མ་འཛིན་ཅིང་སྨན་རྫས་ཀྱི་ལས་ཀ་བྱེད་པ་དང༌། ཐ་མའི་རོ་ཏོ་དེ་ཉིད་མི་སུ་ཡི་ཁ་ནང་སོང་ཚེ་ངན་སོང་དུ་འགྲོ་བའི་ཚེ་འདིར་ལུས་སེམས་མ་རུང་པའི་བྱ་བ་ལ་ཞུགས་ཤིང༌། ཚེ་སྲོག་འཕྲོག་པའི་རིམས་ནད་ཀྱི་རྩ་བ་ཡིན་པས། ལས་འབྲས་ནི་སྨན་ལས་མཁན་དེ་ཉིད་ལ་ཉེས་པ་གོས་རྒྱུ་ཡིན་པས་ཅི་ནང་ཀྱང་གཟབ་དགོས་པ་སྣང༌། གཞན་ཡང་བགོམ་གཡུགརྐང་པས་བརྫིས་པ་སོགས་དོ་སྣང་མ་བྱེད་པ། ཁྱད་པར་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་སོགས་ཀྱི་དམ་ཚིག་དང༌། སྨན་སྒྲུབ་སོགས་ཡ་རབ་གྱི་ཕྱག་ལེན་དཔགས་མེད་དེ་རིགས་མ་དག་རྒྱུན་འབྱམས་ཀྱི་རྒྱུན་སྲོལ་ངན་པ་ཆགས་ཉེན་འདུག་པས། མེས་པོ་གོང་མ་རྣམས་ལ་མཐོང་ཆུང་དང༌། རྨོངས་ཤིང་དད་པའི་རྗེས་ལུས་ལྟ་བུའི་ངོས་འཛིན་བྱས་པ་ཡིན་ན། རང་ཉིད་ལ་གདོན་ཞུགས་པའི་རྐྱེན་ངན་ཤོར་བའི་རྒྱུད་ཀྱི་གཞུང་དོན་ལ་ཡིད་ཆེས་མ་བྱེད་པའི་བསྟན་པའི་ཞབས་འདྲེན་པ་པོ་ཡིན་པས་ཐུགས་བསམ་བཞེང་དགོས་པ་སྙམ།   དེ་ཡང་ཤེལ་གོང་ཕྲེང་ལས། ཕྱག་ལེན་ལྡན་པའི་མཁས་པ་དེ། །དམན་པའི་ཁྲོད་དུ་འདུག་ན་ཡང༌། །གཙུག་ཏུ་ཁུར་ནས་མི་སློབ་ན། །གཏི་མུག་ཅན་ལ་ཤེས་དུས་མེད། །ཐེ་ཚོམ་མདུད་པ་སུ་ཡིས་འགྲོལ།  །རང་ཉིད་མཁས་པའི་མིང་ཐོབ་ནས།  །ཐེ་ཚོམ་མི་འདྲི་ངོ་ཚ་སྙམ།  །ལྷ་ཡི་བདུད་ཀྱིས་བསླུས་པ་ཡིན། །འདི་དང་སློབ་ལ་ངོ་ཚ་མེད། །འཇམ་དཔལ་གྱིས་ཀྱང་དང་པོ་བསླབས། །མ་བསླབས་མཁས་པ་གར་ཡང་མེད། །མི་སློབ་ཤེས་ཚུལ་འདུག་པ་དེ། །ཚ་ན་དེ་ཉིད་ངོ་ཚ་ཡིན། ཞེས་གསུངས་པ་ལྟར་རོ། ད་ལྟའི་དུས་འདིར་གསར་འགྲོགས་ཆེ་བའི་སྨན་རྩིས་མིང་འཛིན་མཁན་གནས་སྐབས་ཙམ་གྱི་གོ་ས་དང༌། རང་གི་གླ་ཕོགས་ཙམ་གྱི་དོན་དུ་གཉེར་ནས་བླུན་པོ་འོལ་ཚོད་ཅན་གྱི་རྗེས་རྒྱུག་ཁྱི་ལྟ་བུ་བྱས་ཏེ་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་དང་བྱ་བ་ལེགས་ཉེས་གང་ལ་མ་དཔྱད་པ་དང༌། རྒྱུད་གཞུང་ལག་ལེན་གཞན་ལ་མེད་པའི་ཁྱད་ཆོས་དེ་རིགས་ལ་སྣང་མེད་གཏོང་བཞིན་པ་ནི་འཇིག་རྟེན་ལྷ་མི་ཡོངས་ཀྱིས་རྒོལ་བར་དྲགས་པོར་བྱེད་དགོས་པ་སྙམ། གལ་ཏེ་རྒྱུད་ཚིག་འདི་དག་ལ་བརྟེན་མི་དགོས་པའི་རྒྱུ་མཚན་ཡང་དག་གི་སྒོ་ནས་བཤད་རྒྱུ་ཡོད་ན་བཤད་དགོས་པ་སྣང༌། བཤད་རྒྱུ་མེད་ན་ལེགས་བཤད་འདི་དག་མི་རིགས་གཞན་ལ་མེད་པའི་ཁྱད་ཆོས་མང་དུ་ལྡན་ཡོད་པས་རྩ་དོན་དུ་འཛིན་ནས་སྨན་ཁང་གི་སྒྲིག་གཞི་སྔོན་ཐོན་ཅན་ཞིག་འདོད་ན་ད་ཡོད་ཀྱི་ཕྱག་རྒྱུན་འདི་རིགས་ལ་གཅེས་སྤྲས་སློབ་སྟོན་ངེས་པར་དུ་གནང་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ་བ་སྙམ།    བོད་ཀྱི་སྨན་སྦྱོར་བྱ་རྒྱུ་ལ་ལྐོག་གྱུར་དང་མངོན་གྱུར་གསང་བའི་ལས་དང་ཆོ་ག་མང་དུ་ཡོད་པ་ནི་བདག་དང་བདག་འདྲ་བའི་ཅོལ་ཆུང་དག་གིས་བརྩིས་མེད་བཏང་བར་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་ད་ལྟ་ཕྱག་ལེན་ཚུལ་བཞིན་བྱེད་མཁན་ཉིན་སྐར་ལྟར་དུ་གྱུར་ཡོད་པས་ཚུལ་བཞིན་ཞིབ་ཅིང་ཕྲ་བའི་སྒོ་ནས་ལག་ལེན་བྱས་པ་ཡིན་ན་གསོ་རིག་རང་ལུགས་ཀྱི་སྲོལ་རྒྱུན་རྒྱུད་འཛིན་བྱེད་ཐུབ་ཡོད་པ་མ་ཚད། དེང་དུས་ཕྱི་ལུགས་ཀྱི་འཆར་འགོད་ལས་རྣམ་དཔལ་རྒྱལ་བའི་ཕྱག་ལེན་ཞིག་ཀྱང་ཡིན་པ་སྨོས་མ་དགོས་སོ།
ལྔ་པ།  དུས་བབས་རང་བཞིན་གྱི་ལེགས་ཆ་འཚོ་བསྡུ་བྱ་ཚུལ་ནི།
མིག་སྔར་འཛམ་གླིང་འདིར་མི་རིགས་སོ་སོའི་སྲོལ་རྒྱུན་གྱི་རིག་གནས་ལ་མཐོང་ཆེན་གཅེས་སྤྲས་བྱེད་བཞིན་ཡོད་པ་མ་ཚད་ཚན་རིག་གི་འཕེལ་རྒྱས་བློ་ངོར་མི་ཤོང་པ་འགྲོ་བཞིན་པའི་གང་ཟག་ཤེས་རབ་རྣམ་པར་བཀྲ་བའི་ཚན་རིག་གི་དེད་དཔོན་ཆེན་པོ་དེ་ཉིད་ནི། བདག་ཅག་གི་འགྲན་རྩོད་བྱ་ཡུལ་བླུན་རྨོང་གི་མི་ཞིག་མ་ཡིན་པས། དཔེར་ན། མཁས་པ་བརྒྱ་ལ་ང་མི་སྐྲག གླེན་པ་གཅིག་ལ་ང་སྡུག་ཞེས་པའི་དཔེ་ལྟར། མཁས་པ་མཁས་པའི་སྟེང་ན་མཛེས་ཞེས་པ་ལྟར། བཅུ་ཕྲག་རིག་གནས་འདི་ཉིད་ཀྱི་ཟླ་གྲོགས་ལྟ་བུ་དེ་ནི་བློ་སྒོ་ཡངས་པའི་ཚན་རིག་མཁས་ཅན་བློ་གཟུར་བོར་ཅན་དག་གིས། རྟོགས་ནུས་པ་དང་རྟོགས་རྒྱུ་ཡོད་པས་སོ། འོན་ཀྱང་མིག་སྔར་དུས་བབས་ཀྱི་ཆ་རྐྱེན་དང་ཡིག་རིགས་ཆེས་ཕུན་སུམ་ཚོགས་ཤིང༌། སྨན་རྩིས་ཆེད་གཉེར་སློབ་གྲྭ་དང༌། སྨན་ཁང་སྣ་མང་བ་དང༌། ཕན་ཚུན་ཤེས་བྱའི་བགྲོ་གླེང་བྱེད་པའི་གོ་སྐབས་ཡོད་པ་དང༌། ཁྱད་པར་དུ་འཕྲུལ་ཆས་དང་གློག་རྩིས་དྲ་བའི་བགྲོ་གླེང༌། ནད་ཐོག་སོགས་ཀྱི་ཞོར་དཔྱད་འཕྲུལ་ཆས་ལེགས་པ་བཅས་ལ་བརྟེན་ནས་བོད་ཀྱི་སྨན་གཞུང་དང༌། ལག་ལེན་གང་ཐད་ལ་བརྟག་དཔྱད་ཞིབ་འཇུག་གི་ཆ་རྐྱེན་བཟང་ཙམ་ཡོད་པ་མ་ཚད། ལེགས་པའི་ཆ་རྣམས་ཕན་ཚུན་ར་སྤྲོད་བདེ་ཞིང༌། ཁྱད་པར་དུ་ཕྱི་ལུགས་གསོ་རིག་སོགས་ཀྱི་ལེགས་པའི་ཆ་ཡོངས་རྫོགས་བོད་སྐད་དུ་དོན་བསྒྱུར་དང༌། ཐད་བསྒྱུར་སྒྲ་བསྒྱུར་སོགས་རིགས་པའི་རྩལ་དང་བསྟུན་ནས་རྒྱུད་བཞིའི་ལྷན་ཐབས་ལྟ་བུ་བསྒྱུར་ནུས་ན་ཚན་རིག་གསར་པ་ཡང་དེ་ལ་ཟེར་བ་དང༌། དུས་སུ་བབས་པའི་ཚན་རིག་འཕེལ་རྒྱས་གཏོང་རྒྱུ་ཡང་དེ་ལ་ཟེར་བས། མདོར་ན་བོད་ཕྱི་ཀྲུང་གསུམ་གྱི་ལེགས་ཆ་རྣམས་འཚོལ་བསྡུ་སློབ་སྦྱོང་གནད་དུ་འཁེལ་བ་དགོས་པ་མ་ཚད། མ་འོངས་པར་བོད་མི་རིགས་ཀྱི་གསོ་རིག་འདི་ཉིད་ཆ་ཐོར་ཡ་ཐོར་དུ་མི་བཏང་བ་རང་དོན་མྱུར་པོ་ཆེ་ངེས་པར་དུ་དུས་ལས་མ་འགྱངས་པ་སྒྲུབ་རྒྱུ་གནད་དམ་པའོ།།དེ་ལྟར་མ་རྟོགས་ལོག་རྟོག་ཇི་སྙེད་པ། །གཟུར་གནས་མཁས་དབང་རྣམས་ཀྱི་སྤྱན་སྔར་བཤགས། །བདག་གཞན་རྨོངས་མུན་མྱུར་སེལ་དགོངས་འཆར་དང༌། །མ་རིག་བདག་འཛིན་རྨོངས་མུན་མྱུར་ལྡོག་ཤོག །
   ཅེས་མདོ་ཁམས་ཆབ་མདོ་ས་ཁུལ་སྨན་རྩིས་ཁང་སྨན་རྩིས་ཞིབ་འཇུག་སྡེ་ཚན་དུ། གོ་འཇོའི་སྨན་རྩིས་ཐ་ཤལ་བ། ནོར་ལྷ་བསོད་ནམས་དཔལ་ལྡན་གྱིས་བོད་རབ་བྱུང་བཅུ་བདུན་པའི་ཆུ་མོ་བྱ་ཡི་ལོའི་དབོ་ཟླའི་དཀར་ཕྱོགས་དང་པོ་ནས་སྦྱར་བའོ། །
·རྩོམ་ཡིག་གོང་མ:གླིང་གེ་སར་གྱི་སྐུ་ཚེའི་མཛད་པ་མདོ་ཙམ་བརྗོད་པ།
·རྩོམ་ཡིག་འོག་མ:གྲྭ་བ་ཆུང་མ་བླངས་པའི་སྡེ་ཞེས་པ་ནས་འཕྲོས་བཤད།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 16:24:12 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:58:03 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 5:05:31 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS