ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

མདོ་སྡེ་སྤྱིའི་རྣམ་གཞག་ལས་སངས་རྒྱས་ཕལ་པོ་ཆེའི་སྐོར།

  རྩོམ་པ་པོ:པད་དཀར་བཟང་པོ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:7230ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2013/7/12 18:56:07ཚོགས་ཡར་སྤྲོད:admin
མདོ་སྡེ་སྤྱིའི་རྣམ་གཞག་ལས་སངས་རྒྱས་ཕལ་པོ་ཆེའི་སྐོར།༡
པད་དཀར་བཟང་པོ།
 
   ༄། །དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དམ་པའི་ཆོས་རྣམས་དང་། འཕགས་པའི་དགེ་འདུན་རྣམས་དང་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། ། གང་གི་ཞབས་པད་སྤྱི་བོར་བརྟེན་པ་དང་།མཚན་ཙམ་འཛིན་པས་ཕུན་ཚོགས་ཀུན་སྩོལ་ཞིང་། ། སྲིད་དང་ཞི་བའི་རྒུད་པ་ཀུན་སེལ་བ། ། དཔལ་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། ། དཀྱིལ་འཁོར་མཁའ་ལ་མེ་ཏོག་སྤྲིན་ཆགས་ཤིང་། ། དབང་གི་ཆར་གྱིས་ཡང་ཡང་ཚིམ་བྱས་པས། ། གྲུབ་པའི་འབྲས་བུ་དཔག་ཡས་སྟེར་མཛད་པ། ། ཡི་དམ་ལྷ་དབང་རྣམས་ལ་གུས་པས་འདུད། །སྒྲིབ་པའི་མུན་སངས་མཁྱེན་པའི་དཀྱིལ་འཁོར་རྒྱས། །འཕྲིན་ལས་འོད་འབར་དགེ་ལེགས་པད་མའི་གཉེན། །གདུལ་བྱའི་ལོ་ཐོག་མ་ལུས་སྨིན་མཛད་པ། །འདྲེན་པ་ཉིན་བྱེད་མཆོག་ལ་ཕྱག་འཚལ་ལོ། ། གསུང་རབ་རྒྱ་མཚོའི་དོན་ལ་ཇི་བཞིན་དུ། །ལེགས་བསམས་ཚུལ་བཞིན་ཡིད་ལ་བྱས་པ་ཡིས། །ཟག་མེད་ལམ་གྱི་འབྲས་བུ་གཉིས་ལྡན་པ། །ཞི་གྱུར་དམ་པའི་ཆོས་ལ་ཕྱག་འཚལ་ལོ། །སྟོན་པའི་འཁོར་མཆོག་བསྟན་པའི་དཔལ་འཛིན་པ། ། རིག་གྲོལ་གཉིས་ལྡན་འཕགས་དང་མཁས་པའི་ཚོགས། ། བསླབ་གསུམ་རྒྱན་གྱིས་རྣམ་པར་མཛེས་པ་ཅན། །ཐར་ལམ་གྲོགས་གྱུར་རྣམས་ལ་བདག་ཉིད་གུས། །ཆོས་དབྱིངས་མཁའ་ལ་ཟག་མེད་རླུང་གིས་འགྲོ། །ལུངབསྟན་སྒྲ་སྒྲོག་བྱིན་བརླབས་གློག་འགྱུ་ཞིང་། ། དངོས་གྲུབ་ཆར་གྱིས་སྐལ་ལྡན་ཚིམ་མཛད་པ། ། མཁའ་འགྲོའི་སྤྲིན་ཚོགས་རྣམས་ལ་བདག་ཉིད་མོས། །འཇིགས་པའི་སྐུ་ལ་རྔམ་པའི་ཆ་ལུགས་ཅན། །རིག་སྔགས་འབྲུག་སྒྲས་ནམ་མཁའི་ཁམས་ཁྱབ་པ། །བརྩེ་བའི་མཐུ་ཡིས་མ་རུངས་བདུད་ཚོགས་འཇོམས། ། བཀའ་སྡོད་བསྲུངས་མའི་ཚོགས་རྣམས་རྒྱལ་གྱུར་ཅིག ། །    
  མཐའ་ཡས་མུ་མཐའ་མེད་པའི་སེམས་ཅན་ཐམས་ཅད་སྲིད་པ་དང་ཞི་བའི་རྒུད་པ་མ་ལུས་པ་ལས་བསྐྱབས་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་འགོད་པའི་ཕྱིར་དང། དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་ཆོས་དང་དགེ་འདུན་སྲུང་མར་བཅས་པ་ཐམས་ཅད་ཀྱི་དགོངས་པ་རྫོགས་པར་བྱ་བའི་ཕྱིར་དང་། ཐུབ་པ་ཆེན་པོ་སྲས་དང་སློབ་མར་བཅས་པ་དང་། ལོ་པཎ་སྐྱེས་མཆོག་དམ་པ་རྣམས་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རིང་ལུགས་གཟུང་བར་བྱ་བའི་ཕྱིར་དང་། སྐལ་པ་མཉམ་པའི་སློབ་མ་སོགས་ལ་ལེགས་བཤད་ཀྱི་དགའ་སྟོན་དགྱེ་བའི་ཕྱིར་དང་། མདོ་རྒྱུད་ཀྱི་དགོངས་པ་ཕྱིན་ཅི་ལོག་ཏུ་འགྲེལ་ཞིང་ལོག་པར་སྨྲ་བ་རྣམས་ཀྱི་སྤོབས་པ་གཞོམ་པར་བྱ་སྟེ་ཡང་དག་པའི་ལྟ་བ་ལ་གཟུད་པར་བྱ་བའི་ཕྱིར་དུ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་རྒྱུད་སྡེ་དང་མདོ་སྡེ་མ་ལུས་པའི་ངེས་པ་དང་དྲང་བའི་དོན་མཐའ་དག་གི་དགོངས་པའི་དོན་ཐམས་ཅད་མཁྱེན་པ་དང་ཐར་པ་དོན་དུ་གཉེར་བ་རྣམས་ཀྱི་བསྒོམ་བྱའི་དོན་དམིགས་རྣམ་དུ་དྲིལ་ནས་སྟོན་པར་བྱེད་པ་འདྲེན་པ་ཚད་མེད་པ་ལ་དམིགས་པའི་མན་ངག་ནོར་བུའི་ཕྲེང་བ་མཁས་པའི་མགུལ་རྒྱན་ལེགས་བཤད་ཀྱི་འོད་ཟེར་བྱེ་བ་འཕྲོ་བར་བྱེད་པ་སྤྲོ་བར་བྱ་སྟེ། །     
   འདིར་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྲས་དང་སློབ་མར་བཅས་པ་རྣམས་ཀྱིས་བསྟན་པ་དམ་པའི་ཆོས་མ་ལུས་པ་ནི་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་འདུས་ཏེ། འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་བོར། འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་དང་། ཞེ་སྡང་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་དང་། གཏི་མུག་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས་པ་དང་། དུག་གསུམ་ཆ་མཉམ་པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར། སྡེ་སྣོད་གསུམ་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་གསུངས་པ་རྣམས་སོ། སྡེ་སྣོད་གསུམ་ཆ་མཉམ་པའི་སྡེ་སྣོད་ནི། སྔགས་ཀྱི་སྡེ་སྣོད་ཡིན་ཏེ། སྔགས་ཀྱི་སྡེ་སྣོད་ལས་ལམ་བསླབ་པ་གསུམ་ཆ་མཉམ་དུ་སྟོན་པས་སོ། བསླབ་པ་གསུམ་ཆ་མཉམ་ཚུལ་ནི། སྡོམ་བཟུང་རྣམས་ཀྱིས་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་གྱི་བསླབ་པ་དང་། མཚན་མ་མེད་པའི་རྣལ་འབྱོར་གྱིས་ཤེས་རབ་ཀྱི་བསླབ་པ་རྣམས་སྟོན་ཅིང་དེ་གསུམ་ཆ་མཉམ་པའོ། ཨཱརྱ་དེ་བས་སྡེ་སྣོད་བཞི་པ་སྔགས་ཀྱི་སྡེ་སྣོད་དོ་ཞེས་གསུངས་པ་དང་། རྒྱུད་ལས་ཀྱང་། འདོད་ཆགས་འདུལ་བའི་གཉེན་པོར་གསུངས་པ་ནི། འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཞེ་སྡང་འདུལ་བའི་གཉེན་པོར་གསུངས་པ་ནི། མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། གཏི་མུག་འདུལ་བའི་གཉེན་པོར་གསུངས་པ་ནི། མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཐམས་ཅད་འདུལ་བའི་གཉེན་པོར་གསུངས་པ་ནི། སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས་ཞེས་གསུངས་པའི་ཕྱིར་རོ་ཞེས་ཁ་ཅིག་གིའོ། ཐེག་པ་ཆེན་པོའི་མདོ་སྡེ་ཁ་ཅིག་ལས་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་བསྡུས་པ་ནི། ཉན་ཐོས་དང་ཐུན་མོང་གི་དབང་དུ་བྱས་པ་ཡིན་ལ། ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་འདིར་མ་འདུས་ལ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལས་མང་བ་ཡོད་པར་གསུངས་སོ། །དེ་རྣམས་མདོར་བསྡུ་ན། འབྲས་བུ་སྔགས་ཀྱི་ཐེག་པ་དང་། རྒྱུ་མཚན་ཉིད་ཀྱི་ཐེག་པ་གཉིས་སུ་འདུས་ལ་དེ་དག་ཉམས་སུ་ལེན་པ་ན་སྐལ་དམན་རྣམས་དམའ་རིམ་ནས་ཉམས་སུ་བླང་བར་བྱ་བ་ཡིན་ནའང་། འདིར་སྐལ་ལྡན་དབང་པོ་རྣོན་པོ་འཇུག་པའི་རིམ་པ་དང་བསྟུན་ནས་སྟོན་པ་ནི། དང་པོར་སྔགས་ཀྱི་ཐེག་པ་མཐའ་དག་ཉམས་སུ་ལེན་པའི་ཚུལ་མདོར་བསྡུ་ན། མཚན་ཉིད་དང་ལྡན་པའི་བླ་མ་ལ། ཆུ་ལ་སོགས་པའི་དབང་བཅུ་གཅིག་ཅི་རིགས་པ་ཐོབ་ནས་དབང་དེ་དང་དེའི་དམ་ཚིག་མ་ཉམས་པར་བསྲུང་བ་ལ་གཞི་བྱས་ནས། དེ་དང་དེའི་ལྷའི་རྣལ་འབྱོར་ཀུན་རྫོབ་དང་དོན་དམ་པས་བསྡུས་པ་རིགས་བསྡུས་པ་དང་རིགས་བྱེ་བྲག་པ་ཅི་རིགས་པ་ལ་དབང་བྱེད་པ་དང་བརྟན་པ་ཐོབ་པར་བྱས་ཏེ། དེ་ནས་ཐབས་མཁས་པ་དུ་མས་གེགས་དང་བར་ཆད་བསལ་པ་དང་། རྣལ་འབྱོར་གྱི་སྤྱོད་པ་སྤྱད་པ་ལ་སོགས་ཀྱི་བོགས་ལེགས་པར་ཐོན་པར་བྱ་ཞིང། ལས་དང་ཐུན་མོང་གི་དངོས་གྲུབ་རྣམས་ལ་མངའ་བརྙེས་པར་བྱས་ལ། ས་དང་ལམ་གྱི་རིམ་པ་རྣམས་བདེ་བླག་ཏུ་མངོན་དུ་བྱས་ཏེ་བདེ་སྟོང་གི་རྣལ་འབྱོར་གྱི་སྟོབས་ཀྱིས་ཕུང་པོའི་བདུད་ཤ་ཁྲག་རྣམ་པར་སྨིན་པའི་ལུས་སྦྱངས་ནས་འོད་གསལ་འཇའ་ལུས་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་ཅིང་། དེ་ལ་བརྟེན་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། གདུལ་བྱ་རྣམས་མ་ལུས་པ་སྨིན་གྲོལ་ལ་འགོད་པར་བྱེད་པའི་ཚུལ་རྒྱ་ཆེར་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྣམ་བཤད་ཐུབ་པའི་བསྟན་པ་རྒྱས་པར་བྱེད་པ་ཁོ་བོས་བྱས་པ་དང་གཞན་ཡང་མཁས་པའི་ལེགས་བཤད་དུ་མ་ལས་རྟོགས་པར་བྱའོ། དེ་ལྟར་སྔགས་ཀྱི་ལམ་ལེགས་པར་ཉམས་སུ་ལེན་པ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡར་ལྡན་དུ་ཉམས་སུ་ལེན་དགོས་ལ། དེ་ཡང་རིག་པའི་གནས་ལྔར་ངེས་པ་ལས་ནང་རིག་པའི་སྡེ་སྣོད་གསུམ་ནི། བཀའ་འཁོར་ལོ་རིམ་པ་གསུམ་དུ་རིམ་པ་བཞིན་དུ་འདུ་ཞིང་། ཆོས་མངོན་པའི་སྡེ་སྣོད་ནི། བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་དུ་འདུས་པ་མང་པས། བཀའ་ཐ་མ་ཉམས་སུ་བླང་པའི་རིམ་པ་བསྟན་པས་ཞར་ལ་རྟོགས་པའི་ཕྱིར། བཀའ་ཐ་མ་ལས་ལོགས་སུ་མ་སྨོས་ལ། བཀའ་ཐ་མ་ཉམས་སུ་ལེན་པའི་ཚུལ་དང་པོར་སྟོན་པ་ནི། དགོངས་པ་ངེས་འགྲེལ་ལས། བཀའ་ཐ་མ་འཁོར་ལོ་གསུམ་གྱི་མཆོག་ཏུ་བསྟན་པས་སོ། བཀའ་ཐ་མ་ཉམས་སུ་བླང་པ་ལ། འདུས་པ་ཆེན་མོར་གཏོགས་པ་དང་། སངས་རྒྱས་ཕལ་པོ་ཆེར་གཏོགས་པ་དང་། དཀོན་ཅོག་བརྩེགས་པར་གཏོགས་པ་དང་། མདོ་སྣ་ཚོགས་སུ་གཏོགས་པ་དང་བཞི་ལས། དང་པོ་འདུས་པ་ཆེན་མོར་གཏོགས་པ་ལ་ལེའུ་འམ། མདོ་ཚན་འབུམ་ཡོད་པར་གྲགས་པ་ནི་བརྗོད་བྱ་དབང་བསྐུར་བའི་ཆོ་ག་མི་སྟོན་པས་སྔགས་ཀྱི་སྡེ་སྣོད་མ་ཡིན་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང། རང་སངས་རྒྱས་དང་། ཉན་ཐོས་དང་འཇིག་རྟེན་གྱི་གཙོ་བོའི་ཚུལ་འཛིན་པའི་བསྲུང་མ་རྣམས་ཅི་རིགས་པའི་སྒྲུབ་ཐབས་ལྷ་རྗེ་འབངས་ཀྱི་ཚུལ་དུ་སྒྲུབ་པའི་མདོའི་ཆོ་ག་དང་དེ་དག་གི་གཟུངས་དང་། ལས་ཚོགས་ཅི་རིགས་པ་སྟོན་པས། མདོ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་ཡོད་པར་སྣང་ནའང་། སྔོན་ཆད་ཕྱོགས་གཅིག་ཏུ་མ་གྱུར། དེའི་ནང་ནས་དུམ་བུ་ཅི་རིགས་པ་འགྱུར་བ་ཡོད་ནའང་། མཁས་པ་སྔ་མ་རྣམས་ཀྱིས་ཕྱོགས་གཅིག་ཏུ་མ་སྡེབས་པར་ཁ་འཐོར་དུ་བཞུགས་པ་རྣམས། སྐབས་འདིར་བསྒྲིགས་ནས་བཞུགས་རྒྱུར་སྣང་ན་ཡང་། ཕྱི་མོའི་སྟོབས་ཀྱིས་འགའ་ཞིག་བྱ་རྒྱུད་ཀྱི་གསེབ་དང་མདོ་སིལ་བུའི་གསེབ་དུ་སོ་སོར་བཞུགས་པ་རྣམས་ཀྱིས་མཚན་བཞི་ཟུར་ཙམ་སྨོས་ན། འདུས་པ་ཆེན་མོ་སའི་སྙིང་པོ་འཁོར་ལོ་བཅུ་པ་དང་། འདུས་པ་ཆེན་པོ་ཉི་མའི་སྙིང་པོ་དང་། འདུས་པ་རིན་པོ་ཆེ་ཏོག་གི་གཟུངས་དང་། ལྷ་མོ་དྲི་མ་མེད་པ་ལུང་བསྟན་པ་དང་། དཔལ་ཆོ་ག་ཤེས་དང་། སངས་རྒྱས་བདུན་པ་སོགས་མང་པོ་སྣང་བ་རྣམས་སྐབས་འདིར་བཞུགས་རིགས་པར་སྣང་བ་དང་། གཞན་ཡང་མདོ་ཆོག་གཙོ་ཆེ་བ་སྤང་ཀོང་ཕྱག་རྒྱ་པ་དང་། སྨན་བླའི་མདོ་དང་། ཐར་པ་ཆེན་པོ་ཕྱོགས་རྒྱས་པ་དང་། རྟོགས་པ་ཆེན་པོ་ཕྱོགས་རྒྱས་སོགས་འདིར་བཞུགས་པར་རིགས་སོ། ། གཉིས་པ་སངས་རྒྱས་ཕལ་པོ་ཆེ་ཉམས་སུ་བླང་པའི་ཚུལ་ལ་རྣམ་བཤད་རིགས་པ་ལས། མདོ་དོན་སྨྲ་བ་དག་གིས་ནི། དགོས་པ་བསྡུས་པའི་དོན་བཅས་དང། །ཚིག་དོན་བཅས་དང་མཚམས་སྦྱར་བཅས། རྒལ་ལན་བཅས་ཏེ་བསྙད་པར་བྱ་ཞེས་གསུངས་པ་ནི་བཅོམ་ལྡན་འདས་བྱམས་པ་ནས་བརྒྱུད་པའི་མདོ་འཆད་པའི་མན་ངག་གི་གནད་ཁྱད་པར་ཅན་ཡིན་པས་དེའི་རྗེས་སུ་འབྲང་བར་བྱ་སྟེ། སྤྱིར་བཀའ་ཐ་མའི་དགོས་པ་ནི། བཀའ་དང་པོ་ནས་སྣང་ཕྱོགས་ཤས་ཆེ་བར་བསྟན་པ་ཤས་ཆེ་བས་གདུལ་བྱ་འགའ་ཞིག་ལ་དངོས་པོར་སྨྲ་བའི་ལྟ་བ་འབྱུང་ཉེ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་རྣམས་སྟོང་ཕྱོགས་ནས་ཤས་ཆེར་བསྟན་པ་ན། ཆོས་ཀྱི་མེ་ལོང་ཆེན་པོ་བསྟན་པའི་མདོ་སྡེ་ལས། ཤིན་ཏུ་རྒྱས་པའི་སྡེ་སྣོད་སྒྲ་ཇི་བཞིན་པར་ཞེན་པ་ལ་ལྟ་བ་ངན་པ་ཉི་ཤུ་རྩ་བརྒྱད་འབྱུང་བར་གསུངས་པ་ལྟར། དབང་པོ་རྟུལ་པོ་འགའ་ཞིག་གིས་སྒྲ་ཇི་བཞིན་པར་ཞེན་ནས་ཆད་པར་ལྟ་བ་འབྱུང་ཉེ་བས། དེའི་ཕྱིར་བཀའ་ཐ་མས་སྣང་སྟོང་འགལ་བ་སྤངས་ཏེ། ཐེག་པ་ཆེན་པོ་ལ་ཞུགས་པ་རྣམས་གནས་སྐབས་ཐེག་པ་གསུམ་དང། མཐར་ཐུག་ཐེག་པ་གཅིག་གིས་ཐམས་ཅད་བྱང་ཆུབ་ལ་འགོད་བའོ། ཁྱད་པར་དུ་སངས་རྒྱས་ཕལ་པོ་ཆེའི་མདོའི་དགོངས་པ་ནི། ཐེག་ཆེན་ཐུན་མོང་མ་ཡིན་པའི་གདུལ་བྱ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རྗེས་སུ་གཟུང་བའི་ཕྱིར་དང་། ས་བཅུའི་ཡོན་ཏན་རྒྱ་ཆེན་པོ་རྣམས་རྫོགས་པར་བྱ་བའི་ཕྱིར་དུ་ཆོས་ཀྱི་སྒོ་རྣམས་ཕལ་ཆེར་བཅུ་ཚན་གྱི་སྒོ་ནས་བསྟན་པ་ཡིན་ནོ། མདོ་འདིའི་བསྡུས་པའི་དོན་ནི། སྐབས་སམ་གླེང་བཞིས་བཅད་པའི་ལེའུ་ཆེན་པོ་བརྒྱད་དོ། སངས་རྒྱས་ཕལ་པོ་ཆེའི་ཞིང་གི་བཀོད་པ་སྟོན་པ་དེ་བཞིན་གཤེགས་པ་རྨད་ག་ཆད་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་དང་། ས་བཅུ་པའི་མདོ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པ་དང་། དེ་བཞིན་གཤེགསཔའི་རིགས་ཀྱི་སྐྱེ་བ་འབྱུང་བ་དང་། འཇིག་རྟེན་ལས་འདས་པར་གཏོགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚོང་དཔོན་གྱི་བུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་བསྟེན་པའི་རྣམ་ཐར་གྱིས་མཚོན་ནས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བསྟེན་ཚུལ་བསྟན་པ་སྡོང་པོ་བཀོད་པའོ། ཚིག་གི་དོན་ནི་མདོ་ཇི་ལྟ་བ་བཞིན་ནོ། འབྲེལ་པ་ནི་ཕྱོགས་བཅུའི་ཞིང་ཁམས་དང་སངས་རྒྱས་ལ་བརྟེན་ནས། ཐེག་པ་ཆེན་པོའི་སྡེ་སྣོད་ཚོལ་ཞིང་། སྡེ་སྣོད་ཀྱི་དོན་ཁོང་དུ་ཆུད་པ་ན་བསྔོ་བ་སྨོན་ལམ་དང་མཚུངས་ལྡན་གྱི་སེམས་བསྐྱེད་དོ། ཚུལ་བཞིན་དུ་སྡེ་སྣོད་ཀྱི་དོན་ཡིད་ལ་བྱེད་པས། ཐེག་པ་ཆེན་པོའི་ཚོགས་ལམ་དང་། སྦྱོར་ལམ་ཤུགས་ལ་བསྟན་ཅིང་། དེའི་འོག་ཏུ་ས་བཅུ་པས་ས་བཅུའི་ཡོངས་སྦྱོང་སྦྱངས་པས་ས་བཅུ་ནོན་པར་འགྱུར་ལ། ས་བཅུ་པ་ཐོབ་ནས་ཀུན་ཏུ་བཟང་པོའི་སྤྱོད་པ་ལ་འཇུག་ནུས་ཤིང་། དེ་ནས་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པས། གནས་སྐབས་ཀྱི་འབྲས་བུ་མངོན་དུ་བྱས་ཏེ། དེ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ལྷག་མེད་དུ་རྫོགས་པས་མཐར་ཐུག་གི་འབྲས་བུ་བསྟན་ཏོ། དེ་དག་ནི་ཐེག་པ་ཆེན་པོ་ཉམས་སུ་ལེན་པའི་དོན་གྱི་གོ་རིམ་དུ་བསྟན་ལ། དེའི་འོག་ཏུ་ཚོང་དཔོན་གྱི་བུ་ནོར་བཟང་གིས་བཤེས་གཉེན་བསྟེན་ཚུལ་བསྟན་པ་ནི་གོང་གི་ཐེག་པ་ཆེན་པོ་ལ་འཇུག་པའི་ཐབས་སུ་བསྟན་པ་ཡིན་པས་ན། འཇུག་བྱ་ཐེག་ཆེན་གྱི་རང་བཞིན་ངོས་བཟུང་བ་དང་། དེ་ལ་འཇུག་པའི་ཐབས་བསྟན་པ་ནི་བཤད་པའི་གོ་རིམ་ཡིན་ཅིང་ཐེག་ཆེན་ལ་འཇུག་བྱ་དང་། འཇུག་ཚུལ་གཉིས་སུ་གྲངས་ངེས་པ་ཡིན་ནོ། རྒལ་ལན་ནི་མཁས་པ་འགའ་ཞིག་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་འཁོར་སེམས་ཙམ་གྱི་མདོར་བཞེད་པ་མང་དུ་བྱུང་ནའང་མདོ་འདི་ཀ་ཐ་མའི་མདོའི་གཙོ་བོ་ཡིན་པར་མཁས་པ་སྔ་མ་ཀུན་གྱིས་བཀྲལ་ཅིང་མདོ་འདིའི་སྐབས་བཞི་པ་ས་བཅུ་པའི་མདོ་སློབ་དཔོན་ཟླ་བ་གྲགས་པས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དང་སྦྱར་ཏེ། དབུ་མ་འཇུག་པ་རྩ་འགྲེལ་དུ་དབུ་མར་རྒྱས་པར་གཏན་ལ་ཕབ་པས་གསལ་བ་ཡིན་ནོ། སྡོམ་ནི། ཕྱོགས་བཅུའི་ཞིང་དང་སངས་རྒྱས་འཁོར་བཅས་ལ། བརྟེན་ནས་ཐེག་ཆེན་སྡེ་སྣོད་མ་ལུས་པ། ལེགས་པར་ཐོས་ནས་ཐེག་ཆེན་བསྔོ་བ་དང་། མཚུངས་པར་ལྡན་པའི་བྱང་ཆུབ་སེམས་བསྐྱེད་དོ། །ས་བཅུའི་སྤྱོད་པ་ལེགས་པར་སྦྱངས་པ་ན། ཀུན་ཏུ་བཟང་པོའི་སྤྱོད་པ་དང་ལྡན་པའི། དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པ་ན། འཇིག་རྟེན་འདས་པའི་ཡོན་ཏན་ཀུན་རྫོགས་འགྱུར། དེ་ལྟར་ཐེག་ཆེན་ཉམས་སུ་ལེན་པ་ན། ནོར་བཟང་བཞིན་དུ་ཐེག་ཆེན་བཤེས་གཉེན་བསྟེན། འདི་དོན་ཤེས་ནས་ཐེག་ཆེན་ཚུལ་རྣམས་ཀུན། མ་ལུས་པ་ནི་མངོན་དུ་བྱེད་པར་འགྱུར། མདོ་ཚན་བརྒྱད་པོ་འདི་དག་སོ་སོའི་ཕུན་སུམ་ཚོགས་པ་ལྔ་དང་། དགོས་སོགས་ཆོས་ལྔ་ཚིག་ཟིན་དང་སྦྱར་ནས་སྟོན་པ་ནི།    ཐོག་མར་སངས་རྒྱས་ཕལ་པོ་ཆེའི་མདོ་བཤད་པ།
       སྐབས་དང་པོ་དེ་བཞིན་གཤེགས་པ་རྨད་ག་ཆད་ཀྱི་མདོ།
    སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་བཀའ་ཐ་མར་གཏོགས་པ་འདི་སྐབས་བརྒྱད་ཀྱི་དང་པོ་དེ་བཞིན་གཤེགས་པ་རྨད་ག་ཆད་དུ་གཏོགས་པ་ནི་གསུངས་པའི་གནས་དང་གཞལ་ཡས་ཁང། ཁྲིའི་བཀོད་པ་ཐོག་མར་བསྟན་པའི་གནས་ནི། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཐོག་མ་མངོན་པར་སངས་རྒྱས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་མངོན་པར་སངས་རྒྱས་པའི་ཐུགས་མངའ་བ། དུས་གསུམ་མཉམ་པ་ཉིད་དུ་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱི་སྐུ་མངའ་བ། འཇིག་རྟེན་གྱི་ཁམས་ཐམས་ཅད་སྐུས་ཤིན་ཏུ་ཁྱབ་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དབྱངས་ཀྱི་ཡན་ལག་དང་། གསུང་གི་ང་རོ་ཤིན་ཏུ་བསྒྲགས་པ། ནམ་མཁའ་ལྟ་བུའི་མཚན་ཉིད་མཉམ་པ་ཉིད་རབ་ཏུ་སྣང་བའི་སྤྱོད་ཡུལ་ཅན་ནམ་མཁའ་ལྟར་འགྲོ་བ་ཐམས་ཅད་ཀུན་ཏུ་ཁྱབ་པ། སྙིང་པོ་བྱང་ཆུབ་ཐམས་ཅད་ལ་བཞུགས་པའི་སྐུ་ཞེས་པ་ནས། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་དང་། བྱིན་གྱིས་བརླབས་ཀྱིས་ཟད་མི་ཤེས་པའི་དབྱངས་འབྱུང་བའི་དྲུང་ན་ཞེས་པའི་བར་གྱིས་བསྟན་ཏོ། གཞལ་ཡས་ཁང་ནི། དེ་བཞིན་གཤེགས་པའི་གཞལ་མེད་ཁང་ཕྱོགས་ཐམས་ཅད་དུ་མངོན་པར་སྣང་བ་རབ་ཏུ་འཕེལ་བ་རིན་པོ་ཆེའི་རྒྱལ་པོ་སྣ་ཚོགས་ཡོན་ཏན་མཐའ་ཡས་པའི་ཀ་བ་བཀྱེ་བ། ལྷུན་རིན་པོ་ཆེའི་མེ་ཏོག་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱིས་རྒྱན་གྱིས་བརྒྱན་པ་ཞེས་པ་ནས། སེམས་ཅན་ཐམས་ཅད་ཀྱི་ཁྱིམ་གྱི་གཟུགས་བརྙན་རབ་ཏུ་སྟོན་པ་སེམས་སྐད་ཅིག་གིས་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་ཏེ་ཐམས་ཅད་ཆོས་ཀྱི་དབྱིངས་འབྱམས་ཀླས་པར་ཁྱབ་པར་འགྲོ་བའི་སྙིང་པོ་ཅན་ན་ཞེས་པའི་བར་གྱིས་བསྟན་ཏོ། ཁྲིའི་བཀོད་པ་ནི། སེང་གེའི་ཁྲི་ཆེན་པོ་སངས་རྒྱས་ཀྱི་གདན་དུ་གྱུར་པ། རིན་པོ་ཆེ་ཐམས་ཅད་དང་། ཡིད་དུ་འོང་བའི་སྤོས་སྣ་ཚོགས་ཀྱི་སྙིང་པོ་ཅན། པད་མའི་དྲ་བ་འོད་ཟེར་མཐའ་ཡས་པ་འབྱུང་བས་བརྙན་པ། རིན་པོ་ཆེ་དྲི་མ་མེད་པའི་འཁོར་ལོའི་འོད་ཀུན་ཏུ་བདལ་བ་ཞེས་པ་ནས། ཕྱོགས་བཅུའི་མཚམས་ཐམས་ཅད་དུ་སངས་རྒྱས་ཀྱི་སྤྲུལ་པའི་འོད་ཀྱི་སྙིང་པོ་ནོར་བུའི་རྒྱལ་པོས་ཤིན་ཏུ་རྒྱན་པ། སངས་རྒྱས་ཀྱི་ཡུལ་གྱི་སྒྲ་དབྱངས་རྒྱ་ཆེན་པོས་ཆོས་ཀྱི་དབྱིངས་སུ་ཁྱབ་པའི་བྱིན་བརླབས་དང་ལྡན་པ་ལ་བཞུགས་ཤིང་ཞེས་པའི་བར་གྱིས་བསྟན་ཏོ།
 འཁོར་ལ་བྱང་ཆུབ་སེམས་དཔའ་ཆེན་པོ། བྱང་སེམས་ཀྱི་སོ་སོ་ཐར་པ་ལ་སློབ་པ་དང་། ལག་ན་རྡོ་རྗེའི་རིགས་དང་འཇིག་རྟེན་པའི་ཚུལ་འཛིན་པ་གསུམ་ལས། དང་པོ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ཐབས་གཅིག་ཏུ་སྤྱོད་པའི་དགེ་བའི་རྩ་བ་ཅན། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་ཞེས་པ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཕྱིན་ཅིང་སྙིང་པོ་བྱང་ཆུབ་ཏུ་ཉེ་བར་དེང་པ། ཡང་དག་པར་སྟོན་པ། ཀུན་ཏུ་བཟང་པོའི་སྨོན་ལམ་རྒྱ་མཚོས་སེམས་ཅན་མ་ལུས་པ་ཐམས་ཅད་ཀྱི་ཤེས་པ་ཡོངས་སུ་རྒྱས་པར་འགོངས་པའི་ལུས་ཅན་རྣམས་དང་ཐབས་གཅིག་གོ །ཞེས་པའི་བར་གྱིས་བསྟན་ཏོ། །གཉིས་པ་ལག་ན་རྡོ་རྗེའི་རིགས་སུ་གཏོགས་པའི་འཁོར་ནི། སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀྱི་ལག་ན་རྡོ་རྗེ་དག་དང་ཐབས་གཅིག་སྟེ་ཞེས་པ་ནས་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་སྤྱོད་པ་དང་གནས་བསྲུངས་ལ་ཤིན་ཏུ་བརྩོན་པ་རྣམས་དང་ཐབས་གཅིག་གོ །ཞེས་པའི་བར་གྱིས་བསྟན་ཏོ། འཇིག་རྟེན་པའི་ཚུལ་འཛིན་པའི་འཁོར་ནི། ལུས་ཀྱི་རིགས་སུ་གཏོགས་པའི་ལྷ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་ཡང་ཐབས་གཅིག་སྟེ་ཞེས་པ་ནས་དེ་དག་ལ་སོགས་པ་དབང་ཕྱུག་ཆེན་པོའི་རིགས་སུ་གཏོགས་པའི་ལྷའི་བུ་གྲངས་མེད་པ་ཀུན་ཀྱང་སྤྱོད་ཡུལ་མཚན་མ་མེད་པའི་མཉམ་པ་ཉིད་ལ་རབ་ཏུ་བརྩོན་པ་ཤ་སྟག་དང་ཐབས་གཅིག་སྟེ་ཞེས་པའི་བར་གྱིས་དེ་དག་གི་རྣམ་ཐར་ཐུན་མོང་པ་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐུན་མོང་གི་རྣམ་པར་ཐར་པ་ནི། དེ་བཞིན་གཤེགས་པའི་འཁོར་གྱི་རྒྱ་མཚོ་ཆེན་པོ་དེ་ནི་སེམས་ཅན་གྱི་རིགས་ཐམས་ཅད་ཡང་དག་པར་གཞོལ་བའོ། ། སེམས་ཅན་ཡོན་ཏན་མཐའ་ཡས་པ་འདུས་པ་ལས་ཡོངས་སུ་བྱུང་པའོ། ཆོས་ཀྱི་དབྱིངས་ཀུན་ན་ཤིན་ཏུ་གནས་པའོ། འཁོར་གྱི་དཀྱིལ་འཁོར་སྣ་ཚོགས་ཀྱིས་དབྱིབས་སུ་རྣམ་པར་གནས་པའོ། ཕན་ཚུན་འདྲེས་པ་མེད་ཅིང་ཇི་ལྟར་འོངས་པའི་ཕྱོགས་ལ་རབ་ཏུ་གནས་པའོ། དེ་བཞིན་གཤེགས་པ་ལ་ལྟ་བ་ལ་མངོན་པར་ཕྱོགས་པའོ་ཞེས་པ་ནས་དེ་དག་ནི་མོས་པའི་སྟོབས་གཞན་དང་གཞན་གྱིས་དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་གོ །སངས་རྒྱས་ལ་བལྟ་བའི་རྣམ་པར་ཐར་པའི་སྒོ་གཞན་དང་གཞན་གྱི་རྣམ་པར་འཕྲུལ་ལོ་ཞེས་པའི་བར་གྱིས་བསྟན་ཏོ། དེ་དག་སོ་སོའི་རྣམ་པར་ཐར་པ་ནི། དེ་ནི་འདི་ལྟ་སྟེ། ལྷའི་བུ་དབང་ཕྱུག་ཆེན་པོའི་རིས་སུ་གཏོགས་པ་ཤིན་ཏུ་འོད་འཕྲོ་བ་རྒྱ་མཚོའི་རྣམ་པར་ཐར་པ་ནི་ཆོས་ཀྱི་དབྱིངས་དང་ནམ་མཁའ་ལྟར་ཞི་བའི་ཚུལ་གྱིས་ཞེས་པ་ནས། འོད་ཟེར་སྣ་ཚོགས་དཀྱིལ་འཁོར་གྱི། འོད་འཕྲོ་སྤྲིན་ནི་ཀུན་ཏུ་སྣང་། ཆོས་ཀྱི་དབྱིངས་ཀུན་ཁྱབ་བྱས་ཤིང་། སངས་རྒྱས་སྤྱོད་ཡུལ་རབ་ཏུ་སྟོན། བམ་པོ་ལྔ་པ་ཞེས་པའི་བར་གྱིས་འཇིག་རྟེན་པའི་ཚུལ་འཛིན་པ་རྣམས་ཀྱིས་རྣམ་པར་ཐར་པ་བསྟན་ཏོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སོ་སོའི་རྣམ་པར་ཐར་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ནི། རྣམ་པར་ཐར་པའི་ཚུལ་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས། དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ལ་འཇུག་སྟེ་ཞེས་པ་ནས། སྒོ་རྣམས་ཀུན་ནས་རྒྱལ་བ་ཚད་མེད་དོ། མཐའ་དང་དཔུང་མེད་ཆོས་ཀྱི་དབྱིངས་བཀང་ཞིང་། སངས་རྒྱས་བྱིན་བརླབས་རབ་ཏུ་བརྗོད་པ་ཀུན། རྣམ་འཕྲུལ་སངས་རྒྱས་ཡུལ་ནི་ལ་ལསམཐོང། །ཞེས་པའི་བར་གྱིས་བསྟན་པ་དང་དེ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་གཞི་དང་སྙིང་པོ་རྒྱ་མཚོ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་སོ་ཞེས་པ་ནས་འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཚུལ་རབ་ཏུ་བྱུང་པ་ཞེས་བྱ་བ་སྟེ། ལེའུ་དང་པོའོ་ཞེས་པའི་བར་གྱིས་འཁོར་བསྡུས་པའི་ཚུལ་བསྟན་ཏོ། ཞུ་བ་པོས་ཇི་ལྟར་ཞུས་པའི་ཚུལ་ནི།
  དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་། འཇིག་རྟེན་གྱི་དབང་པོ་དེ་དག་ཐམས་ཅད་འདི་སྙམ་དུ་སེམས་པར་གྱུར་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སངས་རྒྱས་ཀྱི་ས་ནི་ཇི་ལྟ་བུ་ཞིག་མངའ་ཞེས་པ་ནས། ཕ་རོལ་ཕྱིན་པ་རྒྱ་མཚོ་བསམ་ཡས་དང་། རྣམ་པར་ཐར་ལ་འཇུག་ཚུལ་རྒྱ་མཚོདང་། ཆོས་རྣམས་ཀུན་གྱི་ཚུལ་རྣམས་རྒྱ་མཚོ་དག །བྱང་ཆུབ་སྙིང་པོར་ཐམས་ཅད་བསྟན་དུ་གསོལ་ཞེས་པའི་བར་གྱིས་བསྟན་ཏོ། སྟོན་པ་ཕུན་སུམ་ཚོགས་པའི་ཐུགས་ཀུན་བརྗོད་པའི་ཆོ་འཕྲུལ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་གི་སེམས་ཀྱི་ཡོངས་སུ་རྣམ་པར་རྟོག་པ་ཐུགས་སུ་ཆུད་ནས་ཞེས་པས་བསྟན་ཏོ། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་འཁོར་གསར་དུ་བསྡུས་པའི་ཚུལ་ནི་ཞལ་གྱི་སྒོ་ཚེམས་ཀྱི་མཚམས་ཀྱི་གསེབ་ནས་འོད་ཟེར་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་བ་སྙེད་རབ་ཏུ་བཀྱེ་བ་འདི་ལྟ་སྟེ། རིན་པོ་ཆེའི་ཟེ་བ་རྣམ་པར་སྣང་པ་ཞེས་བྱ་བའི་འོད་ཟེར་དང་ཞེས་པ་ནས་ཇི་ལྟར་གླིང་བཞི་པ་འདིར་དེ་བཞིན་གཤེགས་པས་རྣམ་པར་འཕྲུལ་པའི་སྙིང་པོ་བྱང་ཆུབ་ཏུ། ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་རྣམས་འདུས་པར་གྱུར་པ། དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གླིང་བཞི་པ་ཐམས་ཅད་ཀྱི་གླིང་བཞི་པ་རེ་རེ་ཡང་དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པའི་སྙིང་པོ་བྱང་ཆུབ་དག་ཏུ། བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་རྒྱ་མཚོ་བྱེ་བའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ཀུན་ནས་འདུས་པར་གྱུར་ཏོ། །འདི་ན་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་དེ་བཞིན་གཤེགས་པས་རྣམ་པར་སྤྲུལ་པ་དག་ཏུ་ཀུན་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཆོས་ཉིད་འདི་ཁོ་ན་རབ་ཏུ་སྟོན་ཏོ། དེ་བཞིན་གཤེགས་པའི་ལེའུ་སྟེ་གཉིས་པ་ཞེས་པའི་བར་གྱིས་བསྟན་ཏོ། བྱིན་གྱིས་བརླབས་པའི་སྟོན་པ་པོ་ལ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། ཞུ་བ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་སྟོན་པར་གསོལ་བ་བཏབ་པའི་ཚུལ་ནི།    དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སེང་གིའེ་ཁྲེ་པད་མོའི་སྙིང་པོ་ཅན་དེ་ཉིད་ལའདུག་སྟེ་ཞེས་པ་ནས། འཁོར་རྣམས་ཡངས་པ་འདི་དག་ཐམས་ཅད་ཀྱང་། ཀུན་ཏུ་བཟང་པོ་ཁྱོད་ལ་མངོན་སུམ་གནས། སངས་རྒྱས་ཀུན་གྱིས་སྣང་པར་གྱུར་པ་ཡིས། ཆོས་ཀྱི་འཁོར་ལོ་དེ་རིང་ཁྱོད་ཀྱིས་བསྐོར། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་རྣམ་པར་འཕྲུལ་པ་རབ་ཏུ་བྱུང་པ་ཞེས་བྱ་བ་སྟེ་ལེའུ་གསུམ་པའོ། །ཞེས་པའེ་བར་གྱིས་བསྟན་ཏོ། བྱིན་གྱིས་བརླབས་པའི་སྟོན་པ་པོས་ཆོས་བསྟན་པའི་ཚུལ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྣམ་པར་བལྟས། སེམས་ཅན་གྱི་ཁམས་རྒྱ་མཚོ་ལ་རྣམ་པར་བལྟས། ཆོས་ཀྱི་དབྱིངས་རྒྱ་མཚོལ་རྣམ་པར་བལྟས། སེམས་ཅན་ཐམས་ཅད་ཀྱི་ལས་རྒྱ་མཚོ་ལ་རྣམ་པར་བལྟས། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང། དབང་པོ་རྒྱ་མཚོ་ལ་རྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་རྣམ་པར་བལྟས། དུས་རྒྱ་མཚོ་ལ་རྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་བྱུང་པའི་སྨོན་ལམ་རྒྱ་མཚོ་ལརྣམ་པར་བལྟས། སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་ལ་རྣམ་པར་བལྟས་ནས། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཡོད་པ་ཐམས་ཅད་ལ་སྨྲས་པ། རྒྱལ་བའི་སྲས་དག་སངསརྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་འདུལ་ཞིང་འཇིག་པ་ཡོངས་སུ་དག་པ་འབྱུང་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་པོ་ཞེས་པ་ནས་ཤིན་ཏུ་རྒྱས་པ་ཆེན་པོའི་མདྲ་སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ལས། དེ་བཞིན་གཤེགས་པ་རྨད་ག་ཆད་ཀྱི་ལེའུ་ཞེས་བྱ་སྟེ། བཅུ་གཅིག་པའོ་ཞེས་པའི་བར་གྱིས་བསྟན་ཏོ། ཆོས་ཕུན་སུམ་ཚོགས་པ་འདིའི་དགོས་པའི་དོན་ནི་སངས་རྒྱས་ཐམས་ཅད་ཀྱི་གདུལ་བྱ་དང་ཞིང་གི་བཀོདཔ་རྣམས་རྒྱ་ཆེར་རྟོགས་པའོ། །བསྡུས་པའི་དོན་ནི། ལེའུ་བཅུ་གཅིག་ལས། འཇིག་རྟེན་གྱི་དབང་པོ་ཐམས་ཅད་ཀྱི་རྒྱན་གྱི་ཚུལ་རབ་ཏུ་འབྱུང་བ་ཞེས་བྱ་སྟེ། ལེའུ་དང་པོ་དང་། དེ་བཞེན་གཤེགས་པའི་ལེའུ་སྟེ་གཉིས་པ་དང་། ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་དང་། རྣམ་པར་འཕྲུལ་པ་རབ་ཏུ་འབྱུང་པ་ཞེས་བྱ་སྟེ་ལེའུ་གསུམ་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཤིན་ཏུ་བསྟན་པའི་ཕྱོགས་གསལ་བར་བྱ་བ་ཡང་དག་པར་བསྒྲུབ་པ་ཞེས་བྱ་སྟེ་ལེའུ་བཞི་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་བཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པའི་ཡོན་ཏན་རྒྱ་མཚོ་ཡོངས་སུ་དག་པས་སྣང་བ་ཞེས་བྱ་སྟེ་ལེའུ་ལྔ་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ཁོར་ཡུག་གི་རྒྱན་རྒྱ་མཚོ་ཤིན་ཏུ་བསྟན་པ་ཞེས་བྱ་སྟེ་ལེའུ་དྲུག་པ་དང་། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ས་གཞིའི་བརྒྱན་དུ་བསྟན་པ་ཞེས་བྱ་སྟེ་ལེའུ་བདུན་པ་དང་། ཞིང་གི་རྒྱུད་ཀྱི་གནས་ཤིན་ཏུ་སྟོན་པ་ཞེས་བྱ་སྟེ་ལེའུ་བརྒྱད་པ་དང་། འཇིག་རྟེན་གྱི་ཁམས་ཀྱི་རྒྱུད་རྣམ་པར་དགོད་པ་ཤིན་ཏུ་བསྟན་པ་ཞེས་བྱ་སྟེ་ལེའུ་དགུ་པ་དང། རྣམ་པར་སྣང་མཛད་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་པ་དང་། དེ་བཞིན་གཤེགས་པ་རྨད་ག་ཆད་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་གཅིག་པ་རྣམས་ཀྱིས་བསྟན་པའོ། ཚིག་གི་དོན་ནི། གཞུང་ཇི་ལྟ་བ་བཞིན་ནོ། །གྲུབ་མཐའ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། རིགས་ཤེས་དང་མཉམ་བཞག་ནི་སྣང་བཅས་སོ། ཐེག་པ་ནི་མཐར་ཐུག་གཅིག་གོ། བརྒལ་ལན་ནི། མདོ་གཞན་ནས་འབྱུང་བའི་འཇིག་རྟེན་གྱི་བཀོད་པ་དང་། མདོ་འདི་ནས་བསྟན་པའི་འཇིག་རྟེན་གྱི་བཀོད་པ་མི་མཐུན་པ་ཅི་ཞེ་ན། མདོ་གཞན་རྣམས་ནས་འཇིག་རྟེན་གྱི་ཁམས་ཕྱོགས་རེ་ཙམ་གྱི་བཀོད་པ་སྟོན་པ་ཡིན་ལ། འདིར་ནི་ཕྱོགས་བཅུ་དུས་གསུམ་གྱི་ཞིང་རབ་འབྱམས་ཀྱི་བཀོད་པ་བསྟན་པའི་ཕྱིར་ཚུལ་མི་མཚུངས་པའོ། དེ་ལྟར་བསྟན་པའི་དགེ་བ་ཡིས། ཕྱོགས་བཅུ་དུས་གསུམ་ཞིང་ཁམས་ཀུན། རྡུལ་སྦུབས་གཅིག་ཏུའང་སྟོན་ནུས་པའི། ཞིང་བཀོད་གྲུབ་ནས་སངས་རྒྱས་ཤོག །  ༼མུ་འགོད།
·རྩོམ་ཡིག་གོང་མ:གྲུབ་མཐའི་སྡོམ་ཚིག་ཤེས་རབ་སྒོ་འབྱེད་གསེར་གྱི་ལྡེ་མིག༢
·རྩོམ་ཡིག་འོག་མ:མདོ་སྡེ་སྤྱིའི་རྣམ་གཞག་ལས་སངས་རྒྱས་ཕལ་པོ་ཆེའི་མདོའི་སྐབས་༢
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·མདོ་སྡེ་སྤྱིའི་རྣམ་གཞག་ལས་སངས་རྒྱས་ཕལ་པོ་ཆེའི་མདོའི་སྐབས་༢ 2013/7/14 11:04:24
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 0:11:30 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:29:37 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:40:47 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།24.17MS