ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> དམངས་རྩོམ།
 རྩོམ་ཡིག་ཀློག་པ།

རྟ་བཤད་རྣ་བའི་བཅུད་ལེན།

  རྩོམ་པ་པོ:པྲ་ཡུལ་སྐལ་བཟང་།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:2807ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/4/29 8:36:14ཚོགས་ཡར་སྤྲོད:admin

རྟ་བཤད་རྣ་བའི་བཅུད་ལེན།

 

པྲ་ཡུལ་སྐལ་བཟང་། མགོ་ལོག

 

 

ཡ་དེ་རིང༌། གནམ་ལ་སྐར་མ་བཟང་བ།

ས་ལ་དུས་ཚོད་བཟང་བ། 

ཕྱོགས་ལ་དགེ་མཚན་གཟང་བ། 

བཀྲ་ཤིས་རྟེན་འབྲེལ་བཟང་བ། 

བདེ་ལེགས་དུས་སྟོན་བཟང་བ།

ཕུན་ཚོགས་སྟོབས་འབྱོལ་བཟང་བ། 

གནམ་ཨ་སྔོན་མཐོན་པོ་འཇའ་སྤྲིན་མཛེས་ས།       

གངས་ཤེར་དཀར་ལྷུན་པོའི་འཛུམ་མདངས་ངོམ་ས།    

སྟོབས་ལྡན་དམག་གི་རྒྱལ་པོ་གེ་སར་འཁྲུངས་ས། 

མགྱོགས་ལྡན་རླུང་གི་འཕྲུལ་འཁོར་རྐྱང་བུ་འཁྲུངས་ས།  

མཛེས་ལྡན་ལྷ་ཡི་བུ་མོ་སེང་ལྕམ་འཁྲུངས་ས་འདི་ནས།

 

ཡ་དེས་ན།  སེང་ཆེན་ཆུབ་པ་རྐྱང་རྒོད་མཆོད།  

རྒྱ་ཚེའི་རྒྱ་བྱ་སོག་དཀར་མཆོད།   

འདམ་མའི་དངོས་གྲུབ་ལྡན་པ་མཆོད།    

སེང་སྟག་དུང་རི་དར་དཀར་མཆོད། 

སྒ་སྡེའི་རླུང་ནག་རྗེས་གཅོད་མཆོད།   

སྤྱི་དཔོན་ཤྭ་རྐྱང་དྲེལ་མགོ་མཆོད། 

ཁྲོ་ཐུང་ཕ་ར་རྔ་ནག་མཆོད། 

མགྱོགས་པ་རླུང་གི་འཁོར་ལོ་ལ།     

བསྟོད་པ་ཚིག་གི་མཆོད་པ་འབུལ།  

ཁྲ་མོ་གླིང་གི་ས་ཆ་ནས།   

ཁྲ་ཆུང་མིག་གི་ལྟད་མོ་ལྟོས།

ང་རྟ་མཁན་ཕ་ཡུལ་གླིང་གི་ཡིན།

རྟ་བཤད་གངས་ཅན་བོད་ནས་བཤད།  

བོད་མའི་ཁ་སྨོན་ཡག་པར་ཤོག  

བཀྲ་ཤིས་བདེ་སྐྱིད་ལྡན་པར་ཤོག

 

ཡ།    མགོ་དཀར་རྒན་པ་མན་ཆད་ནས།

སོ་དཀར་གཞོན་པ་ཡན་ཆད་ཀྱིས།   

མགོ་ཟུར་རྣ་བའི་ང་ལ་ཉོན།

ཡ་ཐོད་མིག་གི་རྟ་ལ་ལྟོས། 

རྟ་འདི་ལ་བཟང་ངན་ཐ་གསུམ།

གཟུགས་འདི་ལ་དགྱེ་དྲང་སྒུར་གསུམ་ཡོད།  

ལུས་འདི་ཆེ་འབྲིང་ཆུང་གསུམ་ཡོད།  

མདོག་འདི་ལ་སྤུ་རིགས་སྣ་ཚོགས་ཡོད།  

ངས་གངས་དཀར་སེམས་ཀྱི་ནང་བཅུད་ནས།

རྟ་མཆོག་བཟང་ངན་གཉིས་ཀ་ཤེས།

ཁ་ལྕེ་པདྨའི་གདན་སྟེང་ནས།

ཅང་ཤེས་རྟ་ལ་བཤད་པ་ཤེས།

 

ཡ་ད་ངས། སྨད་ནས་མི་བཤད་སྟོད་ནས་བཤད།  

རྟ་བཤད་མདོ་བའི་མགོ་ནས་བཤད།

རྣ་རྩེ་རྒོད་ཀྱི་བཤོག་སྣེ་འདྲ་ན་བཟང༌།

རྣ་ཕུག་ཇག་པའི་སྐུང་ལུང་འདྲ་ན་བཟང༌།  

སྤྱི་གཙུག་ལྕགས་ཀྱི་མདུང་རྩེ་འདྲ་ན་བཟང༌།     

ཐོད་པ་དངུལ་དཀར་མེ་ལོང་འདྲ་ན་བཟང༌།

མིག་ཕོར་སྦལ་བ་ཁྲོས་པ་འདྲ་ན་བཟང༌།

མིག་རྡོ་ཨབ་གྲ་ཅེ་རེ་འདྲ་ན་བཟང༌། 

སྣ་བུག་དུང་གི་བུ་ག་འདྲ་ན་བཟང༌། 

སྣ་སྒོ་ཟངས་ཀྱི་རག་དུང་འདྲ་ན་བཟང༌། 

ཡ་མཆུ་པོ་ཏུ་རྩིག་པ་འདྲ་ན་བཟང༌། 

མ་མཆུ་ལོག་ནས་བཏགས་པ་འདྲ་ན་བཟང༌།

རྩེ་ལུ་འཇམ་ལ་རྔོག་མ་རིང་ན་བཟང༌། 

བྲང་ཞེང་ཆེ་ལ་སྐེ་སྟོད་ཕྲ་ན་བཟང༌། 

མཚང་ར་ཞོལ་ལ་སྒྱིད་པ་གུག་ན་བཟང༌།  

དབང་བ་སྦོམ་ལ་ཤ་རྒོད་ཆེ་ན་བཟང༌།  

རྨིག་བཞི་ཆེ་ལ་རྨིག་ཕོར་ཟླུམ་ན་བཟང༌།

 

ཡ།      སྤྱི་གཙུག་རུས་རྒོད་གནམ་དུ་འཐེན་འདྲ་དགོས།

རྩིབ་མའི་རུས་རྒོད་གུར་ཆེན་བརྒྱངས་འདྲ་དགོས།

མཇུག་མའི་རུས་རྒོད་བེ་ཕུར་གདབ་འདྲ་དགོས།

དབུང་བའི་ཤ་རྒོད་ལུག་ཐོང་བཀྱིག་འདྲ་དགོས། 

སྒལ་བའི་ཤ་རྒོད་ཉ་མོའི་རྒྱབ་འདྲ་དགོས། 

བརླ་ཟུར་ཤ་རྒོད་སྤྲུལ་ནག་ནུད་འདྲ་དགོས།  

མགོ་བོ་སྐམ་ལ་མིག་རྩ་གཙང་བ་དགོས།   

སྐེ་སྟོད་ཕྲ་ལ་སུག་བཞི་མཉམ་པ་དགོས།  

བྲང་ཟེ་འབུར་ལ་ཁོག་སྟོད་གྲུ་བཞི་དགོས།  

སོག་པ་ཆེ་ལ་དཔུང་མགོ་ཟླུམ་པ་དགོས། 

ཚང་ར་ཞོལ་ལ་དྲུག་ཞེང་ཆེ་བ་དགོས།  

 

ཡ།  ནང་གི་དོན་སྣོད་ཕྱི་ནས་བརྟག་ན། 

ལྕེ་ཆུང་སྲབ་ལ་འཇམ་པ་ན། 

སྙིང་ལ་ནད་མེད་བདེ་བའི་རྟགས།སྣ་བུག་ཆེ་ལ་ཡངས་བ་ན།   

མཆིན་པ་ནད་མེད་བདེ་བའི་རྟགས།  

མཆུ་སྙོམས་བདེ་ལ་མཐུག་པ་ན།  

མཚེར་བ་ནད་མེད་བདེ་བའི་རྟགས།   

རྣ་བ་སངས་ཤིང་ཆེ་བ་ན།  

མཁལ་མ་ནད་མེད་བདེ་བའི་རྟགས། 

    

ཡ།    ཕྱི་ཡི་མཚན་ཉིད་ནང་དུ་བརྟག་ན། 

རྣ་བ་རིང་ལ་ཧང་ངེ་ཡོད་ན།  

ལ་ཁའི་རྒོ་བའི་རྣམ་རིག་ཡོད།  

དཔང་བའི་ཤ་རྒོད་དམ་མེ་ཡོད་ན། 

སྨུག་ཆུང་ཤྭ་བའི་རྩལ་ཞིག་ཡོད།

རྔ་རྔོག་སྲབ་ལ་ཉྭ་བཞི་ཕྲ་ན།   

ཁ་དཀར་རྐྱང་གི་འགྲོས་ཤིག་ཡོད།   

གཟུགས་གཞི་ཆེ་ལ་ཤ་ཚགས་ལྷོད་ན།

རི་སྤྱིང་སྔོན་མོའི་འདུར་ཞིག་ཡོད།

དགྱེ་བོ་སྒལ་ཐུང་དགོ་བའི་གཟུགས།  

གྱེན་ལ་རྒྱུག་པའི་མགྱོགས་པ་ཡིན།   

དྲང་བོ་རྒྱབ་རིང་སྤྱིང་ཀིའི་གཟུགས། 

ཐང་ནས་རྒྱུག་པའི་མགྱོགས་པ་ཡིན།  

སྒུར་བོ་རྐང་རིང་གྲུམ་པའི་གཟུགས།

ཐུར་ལ་རྒྱུག་པའི་མགྱོགས་པ་ཡིན།

   

ཡ།  རྟ་རབ་འཚེར་སྐད་བྱའུ་ཆུང་ཅོ་ཀ་འདྲ། 

འགྱུར་ཞིང་སྙན་པའི་འཚེར་ན་དང་པོ་ཡིན།

རྟ་འབྲིང་འཚེར་སྐད་བྱ་ཁྲ་འོལ་བ་འདྲ།    

སྦོམ་ཞིང་མགུར་ནས་འཚེར་ན་གཉིས་པ་ཡིན།       

རྟ་ངན་འཚེར་སྐད་གྲོང་མཐའི་ཕག་རྒན་འདྲ། 

འགགས་ཤིང་ངུ་ནས་འཚེར་ན་ཐ་མ་ཡིན།

 

ཡ།  རྣ་བ་ཆུང་ལ་སྣ་བུག་དོག་ན་རྟ་ངན་ཟེར།     

བྲེང་ཞེང་ཆུང་ལ་ལག་ངར་ཕྲ་ན་རྟ་ངན་ཟེར།

ཕོ་བ་ཆུང་ལ་སྒལ་ཐག་རིང་ན་རྟ་ངན་ཟེར། 

ཤ་རྒོད་ཞན་ལ་དྲུག་ཞེང་ཆུང་ན་རྟ་ངན་ཟེར།

རྣ་བའི་བར་ཐག་གཞན་ལས་ཉེ་ན་རྟ་ངན་ཟེར།  

དཔྱི་དང་བརླ་གཉིས་ཤིན་ཏུ་དྲང་ན་རྟ་ངན་ཟེར།

རྟ་ངན་རྒྱུག་ན་མེད་དེ་ལྟས་ན་མེད།   

རྟ་ངན་འགྲོས་ཆུང་བང་ཆུང་ས་ཆོད་མེད།  

སྒུར་བོ་ཏེ་ལོ་ཁྱི་སྨྱོན་གཟུགས།  

ཕྱུག་པོའི་རྟ་གཡོག་བྱས་ན་བཟང༌།

ཤ་ཆེན་རྔོག་ལྷབ་ཕག་གི་གཟུགས།

མེད་པོའི་ཁེར་རྟ་བྱས་ན་བཟང༌། 

སུག་ཐུང་མགོ་ལེབ་བོང་བུའི་གཟུགས།

རྒན་པོའི་ལག་རྟ་བྱས་ན་བཟང༌།

 

ཡ།  རྒྱུག་ཆེན་འདོ་བའི་རྟ་བདག་རྣམས་པ།  

གོམ་ཆེན་ཅང་ཤེས་ཉོ་མཁན་རྣམས་པ།

རྩལ་ཆེན་བང་ཁ་གཤུབ་མཁན་རྣམས་པ།

འདོ་ཆེན་དཀར་ནག་ཁྲ་གསུམ་འདི།

ཕོ་བསོད་ཆེན་མིན་ན་སྒོ་ལ་མི་འཁོར།        

མི་གཡང་ཆེན་མིན་ན་ལག་ལ་མི་ཡོང༌།   

འདི་འཚོ་སྐྱོང་བླ་མའི་སློབ་མ་སྐྱོང་འདྲ་དགོས།    

གཅེས་སྤྲས་ཕ་མའི་བུ་ཕྲུག་བྱམས་འདྲ་དགོས།       

ཚ་མོ་ལྕག་གི་མ་གཅར་རྟ་བདག་རྣམས། 

ཁ་བསུག་ཡོབ་རྡུང་མ་བྱེད་རྟ་བདག་རྣམས།

རྩྭ་ཟན་ཕོ་ཆེ་མ་ཟེར་རྟ་བདག་རྣམས།    

འདི་རྒྱང་རིང་ས་མཐའ་འགྲིམ་པའི་འགྲོ་རོགས་རེད།    

རྐང་གཉིས་ཚེགས་ལེན་གསོར་བའི་དྲན་ཆེན་རེད།

འབྲོག་པ་སྦྲ་ནག་ཅན་གྱི་སྒོ་ཟོག་རེད། 

བོད་མི་གོང་བ་ཅན་གི་ཞོན་པ་རེད།

འདི་རྟ་མཁན་སྙིང་རྗེ་ཅན་གྱི་སྙིང་གཏམ་ཡིན།  

རྟ་བདག་སེམས་པ་ཅན་ཚོ་སེམས་གཏམ་ཡིན།       

 

ཡ་དེས་ན། གླིང་ས་བདེ་སྐྱིད་ལྡན་པའི་ཕ་ས་འདི་ནས། 

གླིང་མི་ཁ་བདེ་བུ་ངས་ཁ་གཡང་ཅིག་བརྗོད་ན། 

མགྱོག་པའི་རྟ་གཡང་བོད་ལ་འཁོར་བའི་བཀྲ་ཤིས་ཤོག   

འབྱོལ་ཕྱུག་ཕུན་ཚོགས་བོད་ལ་རྒྱས་པའི་བཀྲ་ཤིས་ཤོག  

བུ་རྟ་གཉིས་ཀ་ཁ་ལས་དགེ་བའི་བཀྲ་ཤིས་ཤོག      

སྙན་གྲགས་རླུང་རྟ་རྒུད་པ་མེད་པའི་བཀྲ་ཤིས་ཤོག

 

༢༠༠༤ལོར་ཟླཚེས༡༤ཉིན་རྟ་རྒྱུག་གི་ལྟད་མོ་བ་མང་པོ་ཞིག་གི་རེ་བ་བཞིན་དུ་པྲ་ཡུལ་སྐལ་བཟང་གིས་བྲིས་པའོ།།

·རྩོམ་ཡིག་གོང་མ:པོ་བསྟོད་བྱིན་རླབས་ཅན་དགེའོ།
·རྩོམ་ཡིག་འོག་མ:གཞས་ཚིག བོད་ས་ཆ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གཏམ་གྱི་་རྣམ་གསུམ་བཤད་པ། 2009/11/1 10:22:48
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:47:11 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 21:20:49 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/13 20:26:56 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS